Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེང་ལྡེང་ནགས་སྒྲོལ་བརྟེན་ནས་ཚེ་སྒྲུབ་བྱ་ཚུལ།


 
previousསེང་ལྡེང་ནགས་སྒྲོལ་བརྟེན་ནས་ཚེ་སྒྲུབ་བྱ་ཚུལ།no next

སེང་ལྡེང་ནགས་སྒྲོལ་བརྟེན་ནས་ཚེ་སྒྲུབ་བྱ་ཚུལ།


GTD006_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ལྡེང་ནགས་སྒྲོལ་ལ་བརྟེན་ནས་ཚེ་སྒྲུབ་བྱ་ཚུལ་བཞུགས་སོ། །རྒྱལ་ཀུན་འཕྲིན་ལས་ཀཻ་ལ་ཤ་རིའི་རྒྱུན། །འཕྲིན་ལས་ཀླུང་བཞིར་འབེབས་མཛད་བཅོམ་ལྡན་མ། །རྗེ་བཙུན་སྒྲོལ་མའི་ཞབས་པད་ལ་བཏུད་ནས། །དེ་ཡི་ཚེ་སྒྲུབ་གདམས་པ་མདོ་ཙམ་བྲི། །དེའང་སེང་ལྡེང་ནགས་སྒྲོལ་ལ་བརྟེན་ནས་ཚེ་སྒྲུབ་བྱ་བར་འདོད་པའི་གང་ཟག་གིས་རྗེ་བཙུན་མའི་སྐུ་དང་བུམ་པ་མཆོད་གཏོར་སོགས་འདུ་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་མ་སྒྲོལ་མའི་རྣལ་འབྱོར་གྱི་རིམ་པ་ཉམས་སུ་བླང་བར་བྱའོ། །སྙམ་པ་གསུམ་སོགས་བྱའོ། །རང་ཉིད་རྗེ་བཙུན་མ་སེང་སྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང༌། གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་ཨུཏྤ་ལ་བསྣམས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་བཟང་པོའི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ་མཚན་དཔེས་སྤྲས་པ། སྐུ་ལས་སྐྱེས་པའི་འོད་ཀྱི་དཀྱིལ་འཁོར་འབར་བའི་དབུས་ན་ཞབས་གཡས་བརྐྱངས་ཤིང་གཡོན་


GTD006_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམས་པའི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་རྣམས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱིཉྩ་མཾ། ཞེས་དབང་བསྐུར། ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ནས། ཨོཾ་ཤཔྟ་ཨཱཿ ཧཱུཾ། གི་བར་གྱིས་བྱིན་གྱིས་བརླབ། ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་ཅིང༌། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་མ་ལུས་པ་བསྡུས་ཏེ་ཐིམ་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཡི་གེ་བཅུ་པ་ཅི་འགྲུབ་བཟླ། ཡིག་


GTD006_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་ལྷག་ཆད་བསྐང་ཞིང༌། མཆོད་བསྟོད་མདོར་བསྡུས་བྱ། མདུན་བསྐྱེད་ལ་ཡང་སེང་ལྡེང་ནགས་སྒྲོལ་བྱས་ཆོག་ཀྱང༌། སྤྱིར་སྒྲོལ་མ་ཉེར་གཅིག་ཏུ་བྱས་པ་ནི། སྤྲུལ་གཞིའམ་རྩ་བ་སེང་ལྡེང་ནགས་སྒྲོལ་ཉིད་ཀྱི་སྒོ་ནས་ལས་ཚོགས་སོ་སོར་སྒྲུབ་པའི་ཆེད་ཡིན་པས། ཇོ་བོ་བཀའ་གདམས་པ་རྣམས་ཀྱིས་སྒྲོལ་ལྗང་བདག་བསྐྱེད་མཛད་དེ། དེའི་སྒོ་ནས་མདུན་བསྐྱེད་ཐ་དད་པའི་ལས་ཚོགས་རྣམས་སྒྲུབ་པར་མཛད་པ་བཞིན། པཎ་ཆེན་ཐམས་ཅད་མཁྱེན་པ་དང་སྐྱིད་ཤོད་པས་ཀྱང་གསུངས་པས། འདིར་ཡང་བཞི་པ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོ་ནས་བྱ་སྟེ། དེ་ཡང་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཨོཾ་ཏཱཔྟེ་ཏཱཔྟེ་མཧཱ་ཏཱཔྟེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་ཏཱཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་སེར་མོ་ཞལ་གཅིག །ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་གྱི་མཐིལ་ན་ཚེའི་བུམ་པ་སེར་པོ་དང༌། གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་ཨུཏྤ་ལ་བསྣམས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་བཟང་པོའི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། མཚན་དཔེས་སྤྲས་པ། སྐུ་ལས་སྐྱེས་པའི་འོད་ཀྱི་དཀྱིལ་འཁོར་འབར་བའི་དབུས་ན་ཞབས་གཡས་བརྐྱང་ཞིང༌། གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་


GTD006_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས་པར་བསམས་ལ། འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས། །རྨད་བྱུང་ཐུགས་རྗེའི་གྲུ་གཟིངས་ཀྱིས། །སྒྲོལ་བའི་ཐུགས་དམ་བཅས་པ་བཞིན། །དམ་ཚིག་ཆེན་པོས་ཨེ་ཧྱེ་ཧི། ཛཿ ཧཱུཾ་བཾ་ཧོཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱིཉྩ་མཾ། ཞེས་དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམས། དེ་ནས་སྒོ་གསུམ་གུས་པས། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཞེས་ཤོ་ལོ་ཀ་གཅིག་གིས་ཕྱག་བྱ། མཆོད་པ་རྣམས་བྱིན་གྱིས་བརླབས་ཏེ། ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་བ་མ་སྟོངས་བར་དུ་རྟག་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བདུན་པ་མདོར་བསྡུས་ཕུལ་ནས། མདུན་གྱི་རྗེ་བཙུན་མའི་ཐུགས་ཀ་དང་བུམ་ནང་དུ་ཟླ་གདན་ལ་ཏཱཾ་ཡིག་གི་མཐར་སྔགས་ཕྲེང་ཁ་དོག་སེར་པོས་བསྐོར་བ། སྔགས་ཕྲེང་གཉིས་ལས་འོད་ཟེར་དམར་སེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས།


GTD006_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་གཟི་བརྗིད་ཐམས་ཅད་དང༌། ཁྱད་པར་དུ་འཆི་མེད་ཚེའི་རིག་འཛིན་བརྙེས་པ་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩི་དམར་སེར་གྱི་རྣམ་པར་བཀུག །བཅོམ་ལྡན་འདས་མའི་སྐུའི་ཆ་དང་ཕྱག་གི་བུམ་པ་ལ་ཐིམ། རྗེ་བཙུན་མའི་སྐུའི་ཆ་དང་ཕྱག་གི་བུམ་པ་ལས་ཀྱང་བདུད་རྩིའི་རྒྱུན་བབས་པས། བུམ་པ་འཆི་མེད་ཚེའི་བདུད་རྩིའི་རྒྱུན་གྱིས་གང་བར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུཿ ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་དམིགས་པ་དང་སྦྲགས་ཏེ་ཅི་མང་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ། མཚན་སྔགས་ལ་བ་ལིཾ་ཏ་བཏགས་པ་ལན་གསུམ་མམ་བདུན་གྱིས་དབུལ། མཆོད་བསྟོད་མདོར་བསྡུས་བྱ་ཞིང༌། བསྔོ་བས་རྒྱས་གདབ་བོ། །ཉིན་དུ་མར་བྱེད་ན་ལྷ་འོད་ཞུ་མི་བྱེད་པར་རྗེས་མའི་ཚེ་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བྱ་ཞིང༌། གྲོལ་ཁའི་ཐུན་མཐར། བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར་པར་བསམ། བུམ་སྒྲུབ་དང་མ་འབྲེལ་བར་རྒྱུན་གྱི་རྣལ་འབྱོར་དུ་བྱེད་ན། མདུན་བསྐྱེད་བསྒོམ་པའི་ཚེ། བསང་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་ཏཱཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་བསྐྱེད་ཅིང༌། བཟླས་པའི་ཚེ། བཅོམ་ལྡན་


GTD006_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མའི་ཕྱག་གི་བུམ་པ་ལ་ཐིམ། ཞེས་པའི་འཕྲོར། དེ་ལས་ཀྱང་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། དུས་དང་དུས་མ་ཡིན་པའི་འཆི་བདག་གི་འཇིགས་པ་བསལ། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུཿ ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་མང་དུ་བཟླས་པས་ཚེ་ལོ་བརྒྱར་འཕེལ་བར་འགྱུར་བར་གསུངས་སོ། །མཇུག་གི་མཆོད་བསྟོད་བསྔོ་བ་སོགས་ཀྱི་མཐར་བདག་མདུན་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྟིམ་སྟེ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །རྒྱལ་ཡུམ་ཐུགས་རྗེ་རིན་ཆེན་འབྱུང་གནས་ལས། །འཆི་མེད་བདུད་རྩིའི་བུམ་བཟང་ཉེར་བླངས་པའི། །དགེ་བས་མཐར་བྱེད་གཡུལ་ངོ་ལས་རྒྱལ་ཏེ། །ཡང་དག་ལམ་ལ་རིང་དུ་སློབ་གྱུར་ཅིག །ཅེས་པ་འདི་ནི་མོས་བརྩོན་ལྷག་བསམ་དགེ་བ་རབ་འབྱམས་པ་ཀུན་དགའ་རྣམ་རྒྱལ་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ མདུན་དུ་སེང་ཁྲི་པདྨ་ཟླ་བའི་སྟེང༌། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །དབྱེར་མེད་བདེ་བར་གཤེགས་པ་སྨན་གྱི་བླ། །སྐུ་མདོག་སྔོན་པོ་བཻ་ཌཱུའི་རི་བོ་བཞིན། །གཡས་པ་མཆོག་སྦྱིན་སྨན་གྱི་སྡོང་པོ་དང༌། །གཡོན་པ་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །སྐྱིལ་ཀྲུང་གིས་བཞུགས་མཚན་དཔེས་སྤྲས་པ་ཡི། །ཐུགས་ཀའི་ཧཱུཾ་གིས་རང་འདྲའི་ཡེ་ཤེས་པ། །ཕྱོགས་བཅུའི་རྒྱལ་ཀུན་དང་བཅས་སྤྱན་དྲངས་ཏེ། །བསྟིམ་པས་སྐྱབས་


GTD006_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀུན་འདུས་ངོ་བོར་གྱུར། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻྻ་ཡི་འོད་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་བའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །སུམ་ཅུ་རྩ་གཉིས་མཚན་དང་དཔེ་བྱད་རྫོགས། །བཻ་ཌཱུརྻྻ་འདྲའི་འོད་ཀྱིས་འཇིག་རྟེན་གསལ། །ཐབས་ཤེས་སྟོབས་ཀྱིས་ལོངས་སྤྱོད་མི་ཟད་སྦྱིན། །ཉན་རང་རྣམས་ཀྱང་ཐེག་ཆེན་ལམ་དུ་གཞུག །མིང་ཙམ་ཐོས་པས་ཚུལ་ཁྲིམས་རྣམ་པར་དག །དབང་པོ་ཀུན་ཚང་ལུས་ཀྱི་སྐྱོན་ཀུན་བྲལ། །བཞི་བརྒྱ་རྩ་བཞིའི་ནད་ཀྱི་གདུང་བ་ཞི། །བུད་མེད་ལུས་སྤངས་སྐྱེས་པའི་དབང་པོར་ལྡན། །ལྟ་བ་ངན་པའི་གཡང་ས་རིང་དུ་སྤངས། །རྒྱལ་པོའི་ཆད་པ་སོགས་ཀྱི་འཇིགས་ལས་སྒྲོལ། །བཀྲེས་སྐོམ་དབུལ་ཞིང་ཕོངས་པའི་སྡུག་བསྔལ་ཞི། །ཚ་གྲང་གདུང་སྐྱོབ་གོས་དང་རྒྱན་སོགས་འབྱོར། །དེ་ལྟར་སྨོན་ལམ་ཆེན་པོ་བཅུ་གཉིས་ཀྱིས། །མཚོན་པའི་གནས་སྐབས་མཐར་ཐུག་འདོད་དོན་ཀུན། །གེགས་མེད་བདེ་བླག་ཉིད་དུ་འགྲུབ་པ་རུ། །བླ་མ་ལྷ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་གསོལ་བཏབ་ཐུགས་ཀའི་སྔགས་ཕྲེང་ལས། །བདུད་རྩིའི་རྒྱུན་བབས་རང་གི་གཙུག་ནས་ཞུགས། །ལས་ཉོན་སྡིག་ལྟུང་དྲི་མ་ཀུན་བྱང་ཞིང༌། །


GTD006_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། །ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྱཱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། རཱ་ཛཱ་ས་མུངྒ་ཏེ་སྭཱཧཱ། ཞེས་གཟུངས་རིང་ངམ། ཡང་ན། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། རཱ་ཛཱ་ས་མུངྒ་ཏེ་སྭཱཧཱ། ཞེས་གཟུངས་རིང་ཐུང་གི་བཟླས་པ་ཅི་འགྲུབ་བྱ། འདིས་མཚོན་དགེ་བས་ཚེ་རབས་ཐམས་ཅད་དུ། །བླ་མ་སྨན་པའི་རྒྱལ་པོས་རྗེས་གཟུང་སྟེ། །བཻ་ཌཱུརྻྻ་སྣང་ཞིང་དང་བདེ་ལྡན་དུ། །སྐྱེས་ནས་ཡང་དག་ལམ་བཟང་བགྲོད་གྱུར་ཅིག །འབྲེལ་ཐོགས་ཕ་མ་རིགས་དྲུག་འགྲོ་ཀུན་ཀྱང༌། །མི་ཁོམ་སྐྱོན་སྤངས་ནད་རིམས་ཀུན་དང་བྲལ། །སྲིད་དང་ཞི་བའི་གཡང་ས་ལས་བརྒལ་ནས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །དེ་ནས་བླ་མ་སྤྱི་བོ་ནས་སྙིང་གར་སྤྱན་དྲངས་པར་བསམས་ལ། བླ་མ་མཆོག་དང་དབྱེར་མེད་སྨན་གྱི་བླ། །བདག་གི་སྙིང་གར་པད་ཟླའི་གདན་བཞུགས་ལ། །ཞེས་སོགས་དང༌། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །ཞེས་སོགས་སྨོན་པས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དགེ་སློང་དཀོན་མཆོག་དར་རྒྱས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། སྐྱབས་སེམས་སྔོན་དུ་བཏང་སྟེ། བླ་མ་དང་འཕགས་མཆོག་སྤྱན་རས་གཟིགས་ངོ་བོ་དབྱེར་མི་ཕྱེད་པའི་མོས་གུས་དང༌། རང་ཉིད་སྲིད་ཞིའི་རྒུད་པ་ལས་སྐྱོབ་པའི་སྐྱབས་གནས་ཡང་དག་ཞུ་སྙམ་པའི་འདུན་པ་དྲག་པོ་དང་བཅས་ཏེ། ཚིག་དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས། སྤྱི་བོར་པདྨ་


GTD006_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གདན་སྟེང་ན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །ངོ་བོ་དབྱེར་མེད་འཕགས་མཆོག་སྤྱན་རས་གཟིགས། །སྟོན་ཟླ་ལྟར་དཀར་ཞལ་གཅིག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་རྒྱལ་ཀུན་ཐུགས་རྗེ་བསྐུལ། །ལྷག་མའི་ཕྱག་གིས་ཤེལ་ཕྲེང་པད་སྡོང་བསྣམས། །ཐུགས་རྗེའི་སྤྱན་གྱིས་མཁའ་མཉམ་འགྲོ་ལ་གཟིགས། །དར་ཟབ་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་མཛད། །མཐའ་ཡས་ཡི་དམ་རྒྱལ་བ་རྒྱ་མཚོ་དང༌། །ཆོས་སྲུང་རྒྱ་མཚོས་བསྐོར་བ་ཐམས་ཅད་ལ། །རང་རང་གནས་ནས་བྱོན་པའི་རང་རང་གི །ཡེ་ཤེས་པ་རྣམས་དབྱེར་མེད་ཐིམ་པར་གྱུར། །དཀོན་མཆོག་ཀུན་འདུས་བླ་མ་འོད་དཔག་མེད། །མཁའ་ཁྱབ་བསྟན་དང་འགྲོ་ལ་ཕན་པའི་སླད། །འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་དབང་གི །རྣམ་རོལ་སྐྱབས་ཀྱི་དམ་པར་གུས་ཕྱག་འཚལ། །རྣམ་དཀར་འབྲས་བཅས་ཁྱེད་ལ་འབུལ་ལགས་ན། །སྡིག་ལྟུང་མ་ལུས་བྱང་བར་བྱིན་གྱིས་རློབས། །དུས་གསུམ་དགེ་བ་ཕན་བདེའི་གཏེར་ཆེན་རྣམས། །ཡིད་རབ་དང་བས་གོང་དུ་སྤེལ་བར་བགྱི། །འདི་ཕྱིའི་དཔུང་གཉེན་དམ་པར་སྐྱབས་མཆོག་རྣམས། །རྟག་བཞུགས་ཐར་པའི་ལམ་བཟང་བསྟན་དུ་གསོལ། །དགེ་ཚོགས་ཀུན་ཀྱང་བླ་མེད་བྱང་ཆུབ་ཏུ། །བསྔོ་བའི་རེ་འབྲས་འགྲུབ་པར་བྱིན་གྱིས་རློབས། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རཏྣ་


GTD006_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜ་ལ་ཀཾ་ནིརྱཱ་ཏ་ཡཱ་མི། དེ་ཡི་ཐུགས་ཀར་ཟླ་བ་ལ་གནས་པའི། །ཧྲཱིཿ ཡིག་སྔགས་ཕྲེང་དང་བཅས་འོད་ཟེར་གྱིས། །འགྲོ་དྲུག་འཕགས་པའི་གོ་འཕང་ལ་བཀོད་དེ། །ཀུན་གྱིས་གཟུངས་སྔགས་ལྷན་ཅིག་སྒྲོག་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ། ཡི་གེ་བརྒྱ་པ་བཟླ། དགེ་འདིས་མཚོན་པའི་དུས་གསུམ་དགེ་ཚོགས་མཐུས། །དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ། །བླ་མ་སྤྱན་རས་གཟིགས་ཀྱིས་དགྱེས་བཞིན་དུ། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །འདི་སྣང་འགགས་ཚེ་བདེ་ལྡན་ཞིང་མཆོག་ཏུ། །ཁྲིད་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང༌། །ས་དང་ལམ་གྱི་རྟོགས་པ་རིམ་བགྲོད་ནས། །རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག། ༈ སྟོབས་བཅུ་མངའ་བ་ཀུན་གྱི་ཐུགས་རྗེ་ནི། །གཅིག་བསྡུས་ལྷག་པའི་ལྷ་ཡི་རྣམ་རོལ་ལས། །སྲིད་དང་ཞི་བའི་འཇིགས་ལས་སྒྲོལ་བའི་གཉེན། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །རྣམ་འདྲེན་ཀུན་གྱིས་གདུལ་བར་མ་ནུས་པ། །མཐའ་འཁོབ་སྲིན་པོ་གདོང་དམར་བོད་ཡུལ་གྱི། །འགྲོ་ལ་ལྷག་པར་བརྩེ་བའི་སྙིང་སྟོབས་ཅན། །ཐུགས་རྗེའི་གཏེར་ཁྱོད་བརྩེ་བའི་སྤྱན་གྱིས་གཟིགས། །མཐའ་དབུས་ཀུན་ན་བསྟན་པ་གཟུགས་བརྙན་ཙམ། །བསྟན་འཛིན་ཕལ་ཆེར་བསྟན་པའི་དབུ་འཕང་སྨོད། །བསྟན་སྲུང་གཡེལ་བས་བདུད་ཀྱི་དཔུང་ཚོགས་དར། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །མཁས་རློམ་གཞུང་ལུགས་དོན་ལ་མ་རེག་ཅིང༌། །བཙུན་པར་བཅོས་རྣམས་བླང་དོར་ངོ་ལྐོག་འཛོལ། །གྲུབ་པར་ཁས་འཆེ་ཁྲེལ་མེད་སྨྱོན་


GTD006_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང༌། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །སྡེ་དཔོན་ཁེངས་དྲེགས་སྤྱོད་པ་ལོག་པར་ཞུགས། །ཡུལ་ཁམས་ནད་དང་འཁྲུག་པ་མུ་གེས་མནར། །ཉམ་ཆུང་སྐྱེ་བོ་མགོན་མེད་སྡུག་གྲིར་འཆི། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །ལོ་འབྲས་མི་སྨིན་སད་སེར་ཐན་པས་འཇོམས། །རྐང་བཞི་མི་འཕེལ་ནད་སྣ་དུ་མས་གཙེས། །ཟས་ནོར་བཅུད་ཉམས་ཉིན་རེ་བཞིན་དུ་འགྲིབ། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །མདོར་ན་རང་རང་དཀོན་མཆོག་བཀའ་ལས་འདས། །ལས་འབྲས་བླང་དོར་ལོག་པར་བསྒྲུབས་པ་ཡིས། །སྣོད་བཅུད་མཐའ་དག་སྡིག་པའི་འབྲས་བུས་གང༌། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །བག་མེད་བྱིས་པ་རང་ཉིད་བརྡེག་འཆོས་ཏེ། །བརྩེ་བའི་མ་ལ་ཡུས་སུ་བྱེད་པ་བཞིན། །རང་ལས་སྨིན་པའི་ཉམ་ཐག་འགྲོ་རྣམས་ཀྱིས། །གདུང་བའི་སྨྲེ་སྔགས་ཁྱོད་མིན་སུ་ལ་གསོལ། །རང་གི་ལས་སུ་དགོངས་པས་མི་སྐྱོབ་ན། །གཞན་གྱིས་བསགས་པ་སྨིན་པའི་དོགས་མ་མཆིས། །དེ་ཕྱིར་བརྩེ་ལྡན་བརྩེ་བས་ཉེར་དགོངས་ཏེ། །སྲིད་དང་ཞི་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །ངན་སོང་ངན་འགྲོའི་གཡང་ལས་བསྒྲལ་དུ་གསོལ། །ལས་དང་ཉོན་མོངས་འཆིང་བ་གཅད་དུ་གསོལ། །ཡང་དག་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །མ་ལུས་འགྲོ་བའི་མགོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་རབ་འབྱམས་པ་ཚུལ་ཁྲིམས་རིན་ཆེན་དང་ཨར་དགེ་བསམ་འགྲུབ་


GTD006_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་སྙིགས་མའི་རྒུད་པ་ཞི་བའི་ཕྱིར་གསོལ་བ་འདེབས་ཚུལ་ཞིག་དགོས་ཞེས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང༌། །ཧཱུཾ་དང་རྡོ་རྗེའི་འོད་ཟེར་འཕྲོ་འདུ་ལས། །རྡོར་སེམས་དཀར་པོ་རྡོར་དྲིལ་བསྣམས་པ་ཡིས། །རྡོ་རྗེ་སྙེམས་མ་གྲི་ཐོད་འཛིན་པར་འཁྱུད། །རིན་ཆེན་རྒྱན་སྤྲས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མི་བསྐྱོད་རྒྱས་བཏབ་གནས་གསུམ་ཡི་གེས་མཚན། །ཐུགས་ཀའི་ཧཱུཾ་ཡིག་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་ཛ ཿ ཧཱུཾ་བཾ་ཧོཿ དབྱེར་མེད་གྱུར། །དེ་ཡི་ཐུགས་ཀའི་སྔགས་ཕྲེང་ཧཱུཾ་བཅས་དང༌། །དེ་ཡི་འོད་ཀྱིས་སྤྱན་དྲངས་རིགས་ལྔ་ཡི། །སྦྱོར་མཚམས་ནས་ཐོན་བདུད་རྩི་ཚངས་བུག་ནས། །ཞུགས་ཏེ་སྒོ་གསུམ་སྡིག་ལྟུང་བྱང་གྱུར་ཅིག །དེ་ནས། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། ཞེས་སོགས་ཧེ་རུ་ཀའི་ཡིག་བརྒྱ་དང༌། དེ་མི་ཤེས་ན་ཡོངས་གྲགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ། མ་མཐར། ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཅི་འགྲུབ་བཟླ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །དེ་ནས་རིགས་ལྔ་རྡོར་སེམས་བཅས། །རང་ལ་ཐིམ་པས་སྒོ་གསུམ་དང༌། །དེ་དག་རྣམས་ཀྱི་སྐུ་གསུང་ཐུགས། །དབྱེར་མེད་སྒྲིབ་བྲལ་ངོ་བོར་གྱུར། །༈ འོད་གསལ་སྤྲོས་དང་བྲལ་བ་ནམ་མཁའི་དབྱིངས། །བདེ་ཆེན་ཐུགས་རྗེའི་ཆུ་འཛིན་རྣམ་


GTD006_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ལས། །གང་འདུལ་གཟུགས་སྐུར་སྣང་བའི་བླ་མ་ལྷ། །རབ་འབྱམས་རྒྱལ་བའི་ཚོགས་བཅས་འདིར་གཤེགས་ཤིག །གདོང་ལྔས་ཉེར་བཏེགས་འོད་འབར་ནོར་བུའི་ཁྲིར། །ཞི་དུལ་ཆོས་འཆད་མཉམ་གཞག་ཕྱག་རྒྱ་ཅན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །ཞིང་གི་མཆོག་རྣམས་བརྟན་པར་བཞུགས་སུ་གསོལ། །དམུ་རྒོད་གདུལ་དཀའ་སྙིགས་མའི་འགྲོ་བ་ལ། །སྐལ་བར་འཚམ་པའི་ལེགས་བཤད་མཆོག་སྦྱིན་གྱིས། །མཐོ་རིས་ཐར་པའི་བདེ་ལ་སྦྱོར་མཛད་པ། །བཀའ་དྲིན་མཚུངས་མེད་ཞབས་ལ་ཕྱག་འཚལ་ལོ། །ས་གཞི་བར་སྣང་ནམ་མཁའི་ཁྱོན་གང་བའི། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་སོགས། །རབ་འབྱམས་ཕྱི་ནང་གསང་བའི་མཚོད་ཚོགས་ཀུན། །བདེ་སྟོང་དབྱེར་མེད་ངང་དུ་དབུལ་བར་བགྱི། །ཐོག་མ་མེད་ནས་རྨོངས་པའི་བྲན་གྱུར་མཐུས། །རང་བདེ་འཇོམས་ཤིང་སྡུག་བསྔལ་ཀུན་འདྲེན་པའི། །ཕུང་ཁྲོལ་སྤྱོད་པ་ཇི་སྙེད་བགྱིས་པ་ཀུན། །གནོང་ཞིང་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས། །ཀུན་གྱི་རྣམ་དཀར་མཛད་པ་མཐའ་དག་ལ། །མཆོག་ཏུ་གུས་པའི་ཡིད་ཀྱིས་རྗེས་ཡི་རང༌། །ཐར་པའི་ས་མཁན་སྟོན་པ་འཁོར་དང་བཅས། །རྨོངས་པའི་སྐྱེ་བོ་ལྡོངས་པར་མི་མཛད་པར། །ཟབ་རྒྱས་ཆོས་ཀྱི་སྒྲོན་མེ་ལེགས་སྦར་ནས། །བདེ་ཆེན་ཐར་པའི་གྲོང་དེར་འཁྲིད་དུ་གསོལ། །འདིས་མཚོན་དུས་གསུམ་


GTD006_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཅི་མཆིས་པ། །མཐའ་དག་རྒྱལ་བའི་ཆོས་ཀྱི་མཛོད་འཛིན་ཅིང༌། །མཁའ་མཉམ་འགྲོ་བ་སྲིད་ལས་སྒྲོལ་བ་ཡི། །དེད་དཔོན་མཆོག་ཏུ་འགྱུར་བའི་རྒྱུ་རུ་བསྔོ། །ཞེས་ཡན་ལག་བདུན་པ་བྱས་ལ། ས་གཞི་སྤོས་བྱུགས་མ་སོགས་ཀྱིས་མཎྜལ་དབུལ། བསླུ་མེད་དཀོན་མཆོག་ཐུགས་རྗེ་མེ་ཤེལ་ཁམས། །མདོ་སྔགས་བསྟན་པའི་འདབ་བརྒྱ་བཞད་པའི་གཉེན། །འགྲོ་བའི་མ་རིག་མུན་སེལ་སྒྲོན་མེ་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་ལྟ་བུ་རང་གི་བླ་མའི་གསོལ་འདེབས་ཀྱི་ཚིགས་བཅད་བཟླས་ལ། མཇུག་ཏུ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་ཀྱིས་རང་གི་སྙིང་གར་སྤྱན་དྲངས་ཏེ། སྐྱེ་ཞིང་སྐྱེ་བར་རྗེ་བཙུན་བླ་མ་ཡིས། །འབྲལ་བ་མེད་པར་དགྱེས་བཞིན་རྗེས་འཛིན་ཞིང༌། །གསུང་གི་བདུད་རྩི་ངོམས་མེད་མྱོང་བ་ཡི། །སྐལ་བཟང་མཆོག་ལ་འདོད་དགུར་སྤྱོད་གྱུར་ཅིག །དེ་ཡི་མཐུ་ལས་རྒྱུ་འབྲས་ཐེག་པ་ཡི། །ལམ་བཟང་སྐས་ཀྱི་གདང་བུ་རིམ་བགྲོད་དེ། །ཁྱབ་བདག་འཁོར་ལོའི་མགོན་པོ་བླ་མ་ལྷའི། །གོ་འཕང་བདེ་བླག་ཉིད་དུ་ཐོབ་གྱུར་ཅིག །ཅེས་སོགས་ཚེ་རབས་རྗེས་འཛིན་གྱི་སྨོན་པས་མཚམས་སྦྱར་བ་སོགས་བྱའོ། །ཞེས་པ་འདི་ཡང་ཨ་ལག་ཤཱ་ཧོ་ཤོའུ་ནས་དད་བརྩོན་ལྡན་པ་དགེ་སློང་ངག་དབང་དཀོན་མཆོག་གིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཀུན་ཁྱབ་ཀུན་ཏུ་གཡོ་བའི་དྲི་བཞོན་ཤུགས། །གནས་གྱུར་བདེ་ཆེན་ཐུགས་རྗེའི་རོལ་པ་ལས། །ཡེ་ཤེས་དཀྱིལ་འཁོར་འཁོར་ལོ་བྱེ་བ་བརྒྱ། །སྤྲོ་མཛད་དྲིན་ཅན་རྩ་བའི་བླ་མ་དང༌། །


GTD006_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་རྡོ་རྗེ་འཆང་དབང་སྐུ་མདོག་སྔོ། །རྡོར་དྲིལ་ཕྱག་རྒྱའི་དཔལ་ལྡན་མཚན་དཔེས་མཛེས། །དྭངས་གསལ་སྐུ་ཡི་ཆ་ཤས་མཐའ་དག་ལ། །ཤེལ་གྱི་རྩིག་ངོས་རབ་འབྱམས་གཟུགས་སྣང་བཞིན། །འཕྲེང་ཀྲྀ་མི་ཏྲ་བརྒྱ་རྩའི་དཀྱིལ་འཁོར་གྱི། །ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ཀུན། །དག་ཅིང་གསལ་ལ་མ་འདྲེས་ལྷམ་མེར་གསལ། །ཞིང་བརྒྱ་སྤྲུལ་བས་འགེངས་བཞིན་བཞུགས་པར་གྱུར། །ཐུགས་རྗེའི་བདག་ཉིད་འདྲེན་པ་ཁྱོད་མིན་པ། །གནས་སྐབས་མཐར་ཐུག་སྐྱབས་གཞན་མ་མཆིས་པས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རྗེས་གཟུང་བྱིན་གྱིས་བརླབ་ཏུ་གསོལ། །དངོས་གྲུབ་རྩ་བ་དམ་ཚིག་རྣམ་པར་དག །བདག་ཏུ་ཞེན་པའི་སྣང་ཤས་འཆིང་བ་བཅད༌། །རིམ་གཉིས་ལམ་གྱིས་སྨིན་ཅིང་གྲོལ་བྱས་ཏེ། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བཏབ་བླ་མ་ལྷ་ཚོགས་ཀྱི། །གནས་རྣམས་ཀུན་ལས་བདུད་རྩིའི་རྒྱུན་བབས་པས། །སྒྲིབ་བཞི་དག་ཅིང་དབང་བཞིའི་རྟོགས་པ་གསོས། །རིམ་གཉིས་ལམ་གྱི་མྱུ་གུ་སྨིན་པར་གྱུར། །དེ་ནས་ཚངས་བུག་ནས་བྱོན་སྙིང་ག་རུ། །གཉུག་མའི་སེམས་དང་དབྱེར་མེད་རྟག་བཞུགས་པས། །ཟུང་འཇུག་གོ་འཕང་མངོན་གྱུར་དེ་སྲིད་དུ། །འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པ་འདིའང་དཔའ་རིའི་ཀོའུ་རྩ་བླ་མ་སྐལ་བཟང་མཆོག་གྲུབ་ཉི་མས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་བཞིན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ མི་བསྐྱོད་


GTD006_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཐུགས་རྗེའི་ག་བུར་གྱིས། །མི་མཐུན་རྒུད་པའི་ཚ་གདུང་ཀུན་བཅོམ་སྟེ། །མི་ཟད་མཆོག་སྦྱིན་རྡུལ་ཚོན་ཆབ་འདྲེན་གྱི། །ཆོ་ག་མདོར་བསྡུས་ཚུལ་གྱིས་འགོད་པར་བྱ། །དེའང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་ཅིང་མཆོད་པའི་མཐར་ཚོན་ཕྱེ་རྣམས་ཆུ་ཀླུང་དུ་སྤྱན་འདྲེན་པ་ནི་ཆུ་ལ་གནས་པའི་སྲོག་ཆགས་རྣམས་ལ་ཕན་གདགས་པ་དང༌། ཀླུའི་རྒྱལ་པོ་རྣམས་བྱིན་རླབས་ཀྱི་བདུད་རྩིས་ཚིམ་པར་བྱས་པས་ཆོས་མཐུན་གྱི་ལོངས་སྤྱོད་འཕེལ་བ་སོགས་བཀྲ་ཤིས་དང་དགེ་མཚན་རྒྱ་ཆེར་སྤེལ་བའི་དགོས་པ་མང་དུ་ཡོད་པས། རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་དུ་མ་ལ་དེ་ལྟར་མཛད་པའི་ཕྱག་བཞེས་དར་ཆ་ཆེ་ཞིང༌། ཁྱད་པར་དུ་རྡོ་རྗེ་མི་འཁྲུགས་པའི་སྐབས་འདིར་དེ་ལྟར་བྱེད་པ་རྒྱུད་ཀྱི་དགོངས་པར་ཤིན་ཏུ་གནས་ཏེ། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་ཞེས་བྱ་བའི་གཟུངས་མདོ་ལས། ཀཾ་ཀ་ནིའི་སྔགས་འདི་གསུང་ཞིང་དེའི་ཕན་ཡོན་གྱི་སྐབས་སུ། གཟུང་སྔགས་བཟླས་བརྗོད་བྱ་ལ། མཆོད་རྟེན་འབུམ་བྱས་ལ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན་ཆུ་ཀླུང་དུ་བཏང་ན་དེའི་སེམས་ཅན་རྣམས་དམྱལ་བ་ལ་སོགས་པ་ནས་ཐར་བར་འགྱུར་རོ། །ཞེས་གསུངས། ལུང་འདི་བསྟན་རིམ་དུ་དྲངས་པར། རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་ཀླུང་དུ་བཏང་ན་ཞེས་འབྱུང་ངོ༌། །དེའང་མཆོད་རྟེན་ཞེས་པ་ནི་མཆོད་པའི་རྟེན་ཞེས་པ་ཡིན་པས་སྐུ་གསུང་ཐུགས་རྟེན་སོགས་མཆོད་ཡུལ་སྤྱི་མིང་ཡིན་པས། སྐབས་འདིར་དགེ་འདུན་དུ་མས་ཡུན་རིང་པོར་བསྒྲུབ་ཅིང་མཆོད་པའི་དཀྱིལ་འཁོར་གྱི་ཕྱེ་མ་ནི་མཆོད་རྟེན་གྱི་མཆོག་ཏུ་འགྱུར་རོ། །རྒྱ་མཚོ་དང་ཆུ་ཀླུང་དུ་གཏོང་བར་གསུངས་པ་ནི་ཆུ་ལ་སྲོག་ཆགས་ཀྱི་རིགས་གྲངས་མེད་པ་གནས་པ་རྣམས་ལས་ངན་བྱང་ཞིང་ཐར་པའི་ས་བོན་བསྐྲུན་པའི་ཕན་ཡོན་ཆེ་ལ། དེའི་དགེ་བས་གང་གི་དོན་དུ་བྱས་པའི་སྦྱིན་བདག་སོགས་ལ་ཕན་ཡོན་ཚད་མེད་པ་འབྱུང་ངོ༌། །རྒྱ་མཚོ་ནི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་


GTD006_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ཡིན་པས་དེ་དག་ཚིམ་ཞིང་དགའ་ནས་འཇིག་རྟེན་དུ་བདེ་འབྱོར་སྤེལ་བ་སོགས་དགོས་པ་ཆེ་བ་ལ་དགོངས་ཏེ་མཆོད་རྫས་སྣ་ཚོགས་དང་བཅས་ཆབ་འདྲེན་བྱེད་ཚུལ་གསལ་བར་གསུངས་པ་ཡིན་ནོ། །དེའང་ཚོན་ཕྱེ་རྣམ་བུམ་རྒྱན་གྱིས་བཀྲ་བར་བླུགས་ཏེ་རྟེན་ཁེབས་ཀྱིས་བཏེག་པའི་སྟེང་དུ་གདུགས་ཕུབ། སློབ་དཔོན་དེ་དང་མཉམ་དུ་ཕེབས་ཤིང༌། མཆོད་རོལ་དུ་མ་དྲིལ་གསིལ་དང་བཅས་པའི་དགེ་འདུན་རྣམས་ཀྱིས་མདུན་བདར་ནས་བཀྲ་ཤིས་ཀྱི་དབྱངས་དང་བཅས་ཏེ་ཕེབས། ཆུ་འགྲམ་དུ་སྟེགས་ཀྱི་ཁར་བ་བྱུང་དང་དྲི་དཀར་པོས་བྱུག་པའི་མཎྜལ་གྱི་སྟེང་དུ་པད་དཀར་འདབ་བརྒྱད་ཁོར་ཡུག་དང་བཅས་པ་བྲིས་ལ་ལྟེ་བར་གཙོ་བོའི་ས་བོན་ཧཱུཾ་ཡིག་སྔོན་པོ་དང་འདབ་མ་བརྒྱད་ལ་ཀླུ་བརྒྱད་ཀྱི་སྐུའམ་ས་བོན་ནམ་ཚོམ་བུ་དགོད། དེའི་མདུན་དུ་གཙོ་བོའི་གཏོར་མ་དང་ཁོར་ཡུག་གི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་ཀླུ་རྒྱལ་རྣམས་ཀྱི་ཁམ་ཕོར་བརྒྱད་དང༌། དེའི་ཕྱི་རོལ་ཏུ་ཁམ་ཕོར་རྣམས་སུ་འོ་མའི་གཏོར་མ་ཇི་ཙམ་འབྱོར་པ་བཤམས་ཏེ་ཀླུ་སྨན་ཡང་བླུག །དེ་རྣམས་ཀྱི་ཁོར་ཡུག་ཏུ་རྫས་བདུན་སྦྱར་བའི་མཆོད་ཡོན་དང༌། མེ་ཏོག་དཀར་པོ། ཀླུ་ལ་མི་གནོད་པའི་བདུག་སྤོས། མར་དཀར་གྱི་སྣང་གསལ། འོ་མ་དང་དྲི་བཟང་བསྲེས་པའི་བྱུག་པ། འོ་མས་སྦྲུས་པའི་ལྷ་བཤོས་རྣམས་བཀོད་པ་མཛེས་པར་བཤམ། རྣམ་བུམ་གཏོར་མའི་རྒྱབ་ཙམ་དུ་དགོད། དཔོན་སློབ་མདུན་དུ་ཕྱོགས་ནས་གྲལ་རིམ་གྱིས་འཁོད་ལ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང༌། གཡོན་མཉམ་གཞག་གི་སྟེང་ན་རྡོ་རྗེ་བསྣམས་པ། འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཅེས་སྐད་ཅིག་དཀྲོང་སྐྱེད་བྱས་ཏེ་དཀར་གཏོར་བསྔོ། ཀླུའི་དཀྱིལ་


GTD006_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི། ཞེས་པ་ནས། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལའི་ཞེས་སོགས་ནས། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། པདྨའི་འདབ་མ་བརྒྱད་ལ་ཤར་དུ་མཐའ་ཡས་དཀར་པོ། ཞེས་པ་ནས། ཚུར་གཤེགས་ཚུར་གཤེགས་ཀླུ་ཡི་བདག །ཅེས་སྤྱན་དྲངས་ལ། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བསམ་ཞིང༌། ཀཾ་ཀ་ནི། ཨོཾ་ཨཱཿ ཨ་ནནྟ་ཡེ་ཧཱུཾ་སྭཱཧཱ། ཞེས་པ་ནས། བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་ཨཀྵོ་བྷྱཿ ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ནས། ཤཔྟའི་བར་བཅུག་ལ་དབུལ། ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་གཞག་མཛད། །ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་མཛེས། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ཞེས་སོགས་ཀྱིས་བསྟོད། གཙོ་འཁོར་གྱི་གཏོར་མ་ཐུན་མོང་དུ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝ་སོགས་ཀྱིས་གཞུང་ལྟར་བྱིན་གྱིས་བརླབ། ཨོཾ་བཛྲ་ཨཀྵོ་བྷྱཿ ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་ལན་གསུམ་གྱིས་གཙོ་བོ་དང༌། ཀླུ་ལ། ཨོཾ་ཨ་ནནྟ། བཱ་སུ་ཀ་ཞེས་སོགས་སམ། ཨོཾ་མཐའ་ཡས་ནོར་རྒྱས། ཞེས་སོགས་ནས་རོལ་མོ་དང་


GTD006_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་མཆོད། ཆོས་དབྱིངས་རང་བཞིན་ཞེས་སོགས་དང༌། གདེངས་ཀ་ནོར་བུ་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྟོད། རྒྱལ་བའི་བྱིན་རླབས་མཆོག་ཏུ་ཉེར་བསྒྲུབས་པའི། །ཞེས་སོགས་ནས་བསང་གཏོར་བྱས་ཏེ་ཤིས་བརྗོད་བྱ་བའི་བར་གཞན་ནས་འབྱུང་བ་ལྟར་རོ། །རྒྱལ་བའི་ཐུགས་བསྐྱེད་ཛམྦུ་པྲྀཀྵའི་རྩེར། །ཆགས་པའི་བྱིན་རླབས་རྟེན་གྱི་འབྲས་སྨིན་པ། །མ་དྲོས་རྒྱ་མཚོར་ཞུགས་པའི་གསེར་བཟང་འོད། །དགེ་ལེགས་སྣང་བ་ཉི་ལྟར་འབར་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་ཡར་འཕེལ་སོགས་ཀྱིས་སྨན་པ་གྲྭ་ཚང་གི་སྒྲུབ་མཆོད་ཆ་ལག་ཏུ་དགོས་ཚུལ་གྱི་བསྐུལ་མ་བྱུང་བ་བཞིན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་བསྒྲིགས་པའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། དེའང་ཆོ་ག་སོ་སོ་ལ་བརྟེན་ནས་ཁྲུས་དབང་བསྐུར་བའི་ཚེ་ལྷའི་མཚན་དང་སྔགས་ཁ་བསྒྱུར་ཙམ་ལས་ཁྱད་པར་གཞན་མེད་པ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་མཛད་བཞིན་པ་ལྟར་ཡིན་པས། འཕགས་པ་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་ཀྱང་ཁྲུས་དབང་བྱ་བར་འདོད་ན་ཆོ་ག་རྒྱས་བསྡུས་ཅི་རིགས། བུམ་པའང་རྒྱས་པའམ་ཡང་ན་ཁྲུས་བུམ་ཙམ་བསྒྲུབས་པ་སྔོན་དུ་བཏང་སྟེ། ན་མོ་རྗེ་བཙུན་རྩ་བ་དང། ཞེས་པ་ནས། ཁྱད་པར་དུའང་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། ཞེས་ཚིག་སྒྱུར། ཁྲོ་བོ་སྤྱན་འདྲེན་སོགས་བགེགས་སྦྱང་བ་ཡོངས་གྲགས་ལྟར་ལ་བདེན་བརྗོད་ཀྱི་སྐབས་སུའང་


GTD006_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་བྱ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་དང་བྲབ་སྔགས་ཀྱི་སྒོ་ནས་སྡིག་པ་སྦྱངས་པ་དཀྱུས་དང་ཁྱད་པར་མེད། དྲི་མ་སྦྱོང་བའི་སྔོན་འགྲོར་ཁྲུས་གསོལ་བྱེད་ཚུལ་འདྲའང་ཁྲུས་ཀྱི་བར་སྐབས་རྣམས་སུ་ཐུགས་རྗེ་ཆེན་པོའི་གཟུངས་རིང་འདོན། གཙོ་རྒྱལ་མའི་འགོར་བླ་མ་ལ་ཕྱག་འཚལ་བའི་ཚིགས་བཅད་གཉིས་ཀྱི་འཕྲོར། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་ཀྱིས་ཐུགས་རྗེ་ཆེན་པོ་ལ་སྒེར་གྱི་ཕྱག་བྱའོ། །གཤིན་པོའི་དོན་དུ་ཡིན་ན་རྟེན་བསྐྱེད་པ་དང་ངན་སོང་དགུག་དྲལ་གྱི་སྐོར་སོགས་སྤྱི་དང་འདྲ་ལ། གཞན་རྣམས་ནི་སྔར་བཤད་པ་དང་མཚུངས། གཤིན་པོ་ལྷར་བསྐྱེད་པའི་ཚེ་རྡོ་རྗེ་སེམས་དཔར་བསྐྱེད་ཀྱང་རུང་སྟེ། ཁྲུས་དབང་སོགས་ཀྱི་སྐོར་འདི་རྣམས་རྩ་བ་རྣལ་འབྱོར་རྒྱུད་ལས་འབྱུང་བས། དེར་རྡོ་རྗེ་སེམས་དཔར་བསྐྱེད་ཚུལ་གསུངས་པ་དེ་ཉིད་དམ་པ་རྣམས་ཆོ་ག་གཞན་གྱི་ཚེ་ནའང་སོར་བཞག་ཏུ་མཛད་པ་ཡིན་འདུག །བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿ ལས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་ཞིང༌། འོག་མ་གཉིས་ཀྱིས་ཤེལ་ཕྲེང་དང་པད་དཀར་བསྣམས་པ། སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དབང་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ཨརྒྷཾ་སོགས་


GTD006_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ལམ་སྦྱང་བསྟན་མན་ཆད་དཀྱུས་དང་འདྲ་ལ། དེའི་མཐར་སྲས་ཀྱི་ཐུ་བོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པས་བདེ་བ་ཅན་གྱི་ཞིང་དུ་མགོན་པོ་འོད་དཔག་མེད་ཀྱི་མདུན་སར་གཤེགས་པའི་མོས་པ་བྱས་ན་ཤིན་ཏུ་ལེགས་སོ། །སྙིགས་མའི་མགོན་པོ་སྤྱན་རས་གཟིགས་དབང་གིས། །དམིགས་མེད་ཐུགས་རྗེས་ཉེ་བར་བསྐྱངས་པ་ལས། །ནད་གདོན་ཉེ་བར་འཚེ་བ་ཀུན་ཞི་ཞིང༌། །འགྲོ་ཀུན་བདེ་ལྡན་ཞིང་དུ་འཁྲིད་གྱུར་ཅིག །ཅེས་ཐུགས་རྗེ་ཆེན་པོའི་སྒོ་ནས་ཁྲུས་དབང་བྱེད་ཚུལ་ཐོ་ཙམ་བཀོད་པ་འདིའང་ཨོར་དུ་སུ་ཤོག་ནས་བསྔགས་འོས་ཡོན་ཏན་དུ་མའི་རྒྱན་ལྡན་བླ་ཟུར་བློ་བཟང་ཡོན་ཏན་དང་གཉེར་བ་དགེ་སློང་ཤེས་རབ་དཔལ་བཟང་སོགས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་གུ་རུ་བྷཻ་ཥ་ཛྱེ་རཱ་ཛཱ་ཡ། འདིར་སྨན་ཆོག་རྒྱས་བསྡུས་ཅི་རིགས་དང་འབྲེལ་བར་ལྷོ་སྒོ་བྱེད་ཚུལ་ལ། ཆོ་གའི་གཞུང་སྤྱི་དང་འདྲ་བས་འགོད་མི་དགོས་ཤིང༌། དོགས་གནས་རྣམས་བསལ་ཏེ་གོ་རིམ་གྱི་ཐོ་ཙམ་འགོད་ན། ཁ་ཅིག་སྨན་བླའི་མདོ་ཆོག་ཅེས་ཟེར་བ་ཡིན་པས་འདི་སྔགས་སུ་མི་གཏོགས་ལ་དེས་ན་ལྷོ་སྒོ་སོགས་མི་འབྲེལ་ཟེར། ལ་ལས་སྨན་བླ་མཐོ་བརྩེགས་ཀྱི་རྗེས་གནང་སོགས་ཚད་ལྡན་དུ་མས་གནང་བཞིན་པ་ཡིན་པས་སྔགས་ཕྱོགས་ཡིན་ཟེར། གཞན་དག །དེ་ཉིད་མདོ་བྱ་སྤྱོད་པ་དང༌། །རྣལ་འབྱོར་གསང་


GTD006_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

མཐའི་དབྱེ་བ་ཡི། །ཞེས་རྒྱུད་སྡེ་དྲུག་ཏུ་འབྱེད་ཅིང་འདི་འདྲ་ཚོ་མདོ་སྡེ་རྟོགས་པའི་རྒྱུད་ཅེས་འདྲེས་མ་ལྟ་བུར་སྨྲའོ། །དམིགས་བསལ་ལ་ཐུབ་དབང་གནས་བཅུས་བསྐོར་བའི་རྗེས་གནང་དང༌། ཇོ་བོ་ཡབ་སྲས་ལྟ་བུའི་དབང་ཡང་ཚད་ལྡན་དུ་བྱེད་དགོས་པ་ཡོད་པས། ཉམས་སུ་ལེན་ཚུལ་གྱི་བསམ་སྦྱོར་ཐ་དད་པས་མདོ་སྔགས་གང་དང་མཐུན་པར་བྱས་པ་ལས། རང་དབང་དུ་གང་ལ་འཇོག་རྒྱུའི་ཁ་ཚོན་གཅོད་དཀའང་འདི་ལ་བརྟེན་ནས་ལྷོ་སྒོ་སོགས་བྱས་པ་འགལ་བ་མེད་དེ། ལམ་རིམ་གྱི་ཚོགས་ཞིང་ལ་བརྟེན་ནས་ཀྱང་ལྷོ་སྒོ་འཕོ་བ་དང་བཅས་བྱས་ཆོག་པ་ཞལ་ཤེས་མན་ངག་རྣམས་སུ་འབྱུང་བ་བཞིན་ནོ། །རིགས་པས་བརྟག་ནའང་ལྷོ་སྒོའི་བྱ་བ་བགེགས་སྡིག་དྲི་མ་གསུམ་སྦྱངས་པ་གཙོ་བོ་ཡིན་ལ། སྨན་ཆོག་གི་མཇུག་ཏུ་བགེགས་གཏོར་དང་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ཁྲུས་དང་ཤིས་བརྗོད་གང་ཡང་མི་ཆོག་དོན་མེད་པར་མ་ཟད། བདེ་གཤེགས་བདུན་གྱི་བདེན་སྟོབས་བརྗོད་པ་དང་སྦྲགས་ན་སྙིགས་དུས་སུ་འགྲུབ་སླ་བར་ཞལ་གྱིས་བཞེས་ཡོད་པས་བྱིན་རླབས་མྱུར་ཁྱད་དང་ནུས་པ་ཤིན་ཏུ་ཆེའོ། །འོ་ན་དཀྱིལ་འཁོར་སོ་སོ་དང་འབྲེལ་བའི་ལྷར་བསྐྱེད་པ་དང་དེའི་སྔགས་ཀྱི་ཁ་བསྒྱུར་དགོས་པ་དཔེར་ན་ཐོག་མར། ཨོཾ་བཛྲ་སཏྭ་ཧཱུཾ་ཛཿ ཞེས་པ་དང༌། ཨོཾ་སརྦ་བིད་སརྦ་པཱ་པཾ་བི་ཤོ་དྷ་ནི་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སརྦ་བིད་ཨོཾ་ཞེས་སོགས་ཀུན་རིག་གི་སྒོས་ཆོས་ཡིན་པས་འདིར་ཇི་ལྟར་སྒྱུར་སྙམ་ན། བཛྲ་སཏྭ་ཧཱུཾ་ཛཿ ཞེས་པ་རྡོ་རྗེའི་སེམས་ཁུག་ཅིག་ཅེས་གཤིན་པོའི་རྣམ་ཤེས་དགུག་པའི་དོན་ཡིན་གྱི། ཀུན་རིག་རྩ་ལྷའི་


GTD006_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཀྱི་རྡོར་སེམས་མིན་པས་བསྒྱུར་དགོས་དོན་མེད། སརྦ་བིད་ཅེས་སོགས་ཐམས་ཅད་མཁྱེན་པ་རོལ་བའི་རྡོ་རྗེའི་བདེ་མཆོག་དྲིལ་བུ་བའི་ལྷོ་སྒོར་མ་བསྒྱུར་བར་བཞག་འདུག་ཅིང༌། འདི་དག་གི་ཁུངས་སྤྱོད་རྒྱུད་ཡིན་པས་དེ་ལྟར་བཞག་ཆོག་སྟེ། དཔེར་ན་དབང་གི་སྟ་གོན་གྱི་སྐོར་དེ་ཉིད་བསྡུས་པ་ནས་བྱུང་བའི་དབང་གིས་དེའི་སྔགས། བཛྲ་ཧ་ས་ཧ། བཛྲ་ཏིཀྵྞ་སོགས་རྒྱུད་སྡེ་གཞན་གྱི་དབང་གི་སྐབས་སུའང་མ་བསྒྱུར་བར་འབྱུང་བ་བཞིན་ནོ། །བུམ་པ་རྣམ་བུམ་མི་དགོས་ལ། ཁྲུས་བུམ་ནི་སྨན་ཆོག་རྒྱས་པར་འབྱུང་བ་བཞིན་གཟུངས་བཟླ་བའི་ཚེ་བདེ་གཤེགས་བརྒྱད་ཀྱི་སྐུ་ལས་འོད་ཟེར་འཕྲོས་ཏེ་བུམ་ཆུ་བྱིན་གྱིས་བརླབས་པར་བསམ་པ་དེས་གོ་ཆོད་པར་བྱས་ཀྱང་རུང་ལ། ཡང་ན་བསང་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་ཡིག་བརྒྱ་དང་སྨན་བླའི་གཟུངས་ཨ་མྲྀ་ཏ་རྣམས་བཟླ་མཐར། ཟླ་བ་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་པར་གྱུར། ཅེས་བསྒྲུབ། བདུད་རྩི་འཁྱིལ་པ་ནི་གོང་འོག་ཀུན་གྱི་ལས་ཐམས་ཅད་པ་ཡིན་པས་བསང་བ་རྣམས་


GTD006_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏས་བྱེད། བདེན་སྟོབས་བརྗོད་ཚེ། ཁྱད་པར་དུའང་བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་བདེན་པ་ཆེན་པོའི་སྟོབས་ཀྱིས་ཚེ་ལས་འདས་པ་འདི་ཉིད་ཀྱི་རྣམ་པར་ཤེས་པ། ཞེས་བསྒྱུར། ངན་སོང་དགུག་དྲལ་གྱི་མཇུག་ཏུ། ཤི་ནས་བཅོམ་ལྡན་འདས་སྨན་གྱི་བླའི་ཞབས་དྲུང་དུ་སྐྱེས། ཞེས་འདོགས། ཚེ་འདས་ཀྱི་སྤྱི་བོར་ཨོཾ་དཀར་པོ། ཞེས་སོགས་གནས་གསུམ་བྱིན་རླབས་བྱས་ཆོག་ལ། ལྷར་བསྐྱེད་པ་སྦྱང་བའི་གོང་དེར་བྱེད་པའི་བཤད་པ་བྱུང་ཡང་ད་ལྟ་ཕྱག་ལེན་ལ་མི་འདུག་པ་ལྟར་མི་དགོས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཁྲོ་བོའི་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཞེས་སོགས་བདེན་བརྗོད་གོང་ལྟར་བསྣན་པ་ཙམ་མ་གཏོགས་ཀུན་འདྲ། ཟ་བྱེད་མཁའ་འགྲོ་སྤྱི་དང་འདྲ། བྲབ་སྔགས་ཀྱི་འགོ་དང་ཁྲུས་ཀྱི་མཚམས་སུ་སྨན་བླའི་གཟུངས་འདོན། གཙོ་རྒྱལ་མའི་འཕྲོར་དབང་བསྐུར་བ་མེད་ཀྱང་ལྷོ་སྒོའི་ཆོ་ག་མ་ཚང་བར་མི་འགྱུར་ལ། འོན་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ལ་དེའི་དོད་ལྟ་བུ་ཞིག་བྱེད་འདོད་ན། སྨན་བླའི་ལྷ་ཚོགས་རྒྱལ་སྲས་སུམ་ཁྲི་དྲུག་སྟོང་དང་བཅས་པ་ཚོགས་ཀྱི་ཞིང་དུ་བཞུགས་ཡོད་པའི་དྲུང་དེར། ཇི་སྙེད་སུ་དག་ཅེས་སོགས་ཀྱིས་ཡན་ལག་བདུན་པ་མཎྜལ་དང་བཅས་དབུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་སམ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་བྱང་སྡོམ་འཛིན་ཅིང༌། གཤིན་པོ་དེས་


GTD006_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་དང་མཉམ་དུ་བྱང་སྡོམ་གཟུང་བར་བསམ་པའམ། རང་གིས་བྱང་སྡོམ་གཟུང་བའི་དགེ་རྩ་དེ་ལ་བསྔོ་བར་གསུང༌། ཟས་གཏད་བྱེད་དགོས་བྱུང་ན། ལྷར་མ་བསྐྱེད་ཚེ་དུས་འདས་དེས་གཙོས་པའི་བར་དོའི་སེམས་ཅན་རྣམས་ཚིམ་པར་བསམས་ནས་བསྔོ་ལ། ལྷར་བསྐྱེད་ཚེ་ཡོངས་གྲགས་ལྟར་རྡོར་སེམས་སུ་བསྐྱེད་ནས་དབུལ། གྲོལ་བྱེད་སྤོར་ཆོག་གིས་སྡིག་པ་སྦྱོང་བ་ཞེས་གནས་སྤོར་བར་བྱེད་པ་ནི། བསྡུ་ན། དཀོན་མཆོག་རིན་ཆེན་ཞེས་སོགས་ཀྱིས་འཐུས་ཤིང༌། ཅུང་ཟད་རྒྱས་པར་བྱེད་ན། འོ་ལགས་སོ། །མི་མཇེད་འཇིག་རྟེན་གྱི་ཁམས་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་མཚན་ལེགས་ཀྱི་ཞིང༌། གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་འདས་པ་ན་སྒྲ་དབྱངས་རྒྱལ་པོའི་ཞིང༌། གངྒཱའི་ཀླུང་ལྔའི་བྱེ་མ་སྙེད་འདས་པ་ན་གསེར་བཟང་གི་ཞིང་ནས་བཟུང་སྟེ་ཤར་ཕྱོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པ་ན་བཅོམ་ལྡན་འདས་སྨན་གྱི་བླའི་ཞིང་ཁམས་བཻ་ཌཱུརྻྻ་སྣང་ཞེས་བྱ་བ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པ། ཐ་གྲུ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བཅོམ་ལྡན་འདས་སྨན་གྱི་བླ་སྐུ་མདོག་སྔོན་པོ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་སྨན་གྱི་སྡོང་པོ་བསྣམས་ཤིང༌། གཡོན་མཉམ་གཞག་མཛད་པ། མཚན་དཔེས་སྤྲས་ཤིང་སྐུ་ལས་འོད་ཟེར་དཔག་མེད་འཕྲོ་བ། འཇམ་དཔལ་དང་སྐྱབས་གྲོལ་སོགས་འཁོར་ཚོགས་རྒྱ་མཚོས་བསྐོར་བའི་མདུན་དུ་པདྨ་འདབ་མ་སྟོང་དང་ལྡན་པ་ཞིག་ཡོད་པ་དེའི་སྟེང་དུ་འགྲོ་བའི་འདུན་པ་


GTD006_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགོས། འགྲོ་ཚུལ་ཡང་བཅོམ་ལྡན་འདས་དེའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ། ཁྱོད་རང་གི་རྣམ་ཤེས་ཧཱུཾ་ཡིག་གི་རྣམ་པ་དེ་དྲངས་པའི་དམིགས་པ་བྱེད་དགོས་ལ། དེའི་དོན་དུ་ངེད་རྣམས་ཀྱིས་དཀོན་མཆོག་རིན་པོ་ཆེ་ཚོགས་ཀྱི་ཞིང་རྣམས་སྤྱན་དྲངས་ནས། དཀོན་མཆོག་རིན་པོ་ཆེ་དེ་དག་ལ་མཆོད་པ་སོགས་བྱས་པ་ལས་བྱུང་བའི་དགེ་བ་དང༌། དཀོན་མཆོག་རིན་པོ་ཆེ་དེ་དག་གི་ཐུགས་རྗེ་བྱིན་རླབས་ཀྱི་འོད་ཟེར་ཚོགས་པའི་མཐུ་ལ་བརྟེན་ནས་ཁྱོད་ལ་ལེགས་པའི་ཚོགས་རིན་པོ་ཆེའི་འཕྲེང་བ་ལྟ་བུ་རིམ་པར་བྱུང་བ་ཡིན། དང་པོར་མཆོད་པ་སོགས་ཀྱིས་ཚོགས་བསགས་པ་ཚོགས་ལམ། སྦྱང་བ་རྣམས་དང་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་སྦྱོར་ལམ། བདེ་གཤེགས་བརྒྱད་ཀྱི་ལྷ་ཚོགས་མཐོང་བ་མཐོང་ལམ། མཐོང་ཟིན་ནས་དད་པ་བསྒོམ་པ་བསྒོམ་ལམ། དེའི་ཞིང་དུ་འགྲོ་བ་ཁྱད་པར་གྱི་ལམ། ཕུང་ཁམས་སྐྱེ་མཆེད་རྣམས་ཡེ་ཤེས་ཀྱི་མེས་སྦྱངས་ཏེ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་བྱེད་པ་བར་ཆད་མེད་པའི་ལམ། དེ་དག་གི་སྒོ་ནས་འཁོར་བ་ལས་གྲོལ་བ་རྣམ་པར་གྲོལ་བའི་ལམ་ཡིན་པས་དེ་རྣམས་རིམ་གྱིས་བགྲོད་པའི་མོས་པ་དང་སྨོན་འདུན་ཤུགས་དྲག་པོ་མཛད་པར་ཞུ་ཞེས་བརྡ་སྤྲད་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །ཞེས་སོགས་འདོན། སྨན་བླའི་ཞིང་དུ་སྐྱེ་བར་ཤོག །ཅེས་དང༌། བཻ་ཌཱུརྻྻ་སྣང་ཞིང་དུ་གཤེགས། དེར་པདྨ་ལས་རྫུས་ཏེ་སྐྱེས་ནས་ཞེས་སོགས་ཁ་བསྒྱུར་བྱ། གསོན་པོར་ཁྲུས་དབང་བྱེད་ལུགས་ཀྱང་དེའི་རིགས་འགྲོས་ཀྱིས་ཤེས་སླའོ། །ཞེས་པ་འདིའང་ཨ་བ་ག་ཏཱ་པཻ་ལིེའི་ཤོག་ནས་དད་བརྩོན་བློ་དང་ལྡན་པ་དགེ་བསྐོས་


GTD006_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་རབ་བརྟན་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ བདག་སོགས་ནམ་མཁའི་མཐས་གཏུགས་འགྲོ་བ་ཀུན། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རིང་མིན་བྱང་ཆུབ་རྡོ་རྗེའི་གནས་ཐོབ་སྟེ། །འགྲོ་ཀུན་ཟུང་འཇུག་ས་ལ་འགོད་པར་བགྱི། །རང་ཉིད་མི་བསྐྱོད་རྡོ་རྗེ་ནམ་མཁའི་མདོག །ཞལ་གསུམ་ཕྱག་དྲུག་ཡུམ་བཅས་སྐུར་བཞེངས་ཏེ། །རྒྱལ་བ་ཀུན་ཀྱང་འདུས་པའི་ལྷ་ཚོགས་ཀྱི། །རྣམ་པར་སྤྱན་དྲངས་མདུན་དུ་བཞུགས་པར་གྱུར། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ན། །རྒྱུད་དོན་ཇི་བཞིན་རྟོགས་ཤིང་རིམ་གཉིས་ཀྱི། །ལམ་བཟང་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་རྒྱུད་ཀློག་ཅིང་མཇུག་ཏུ། འདི་ལྟར་བསྐྲུན་པའི་རྣམ་དཀར་དགེ་ཚོགས་མཐུས། །དལ་འབྱོར་ཚང་བའི་རྟེན་བཟང་རིམ་བརྒྱུད་དེ། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་གྱིས། །རྗེས་བཟུང་རྒྱུད་དོན་ཇི་བཞིན་འདོམས་པར་ཤོག །ཐུན་མོང་ལམ་སྦྱངས་སྔགས་ཀྱི་སྒོར་ཞུགས་ཏེ། །དམ་ཚིག་སྡོམ་པ་མིག་འབྲས་བཞིན་དུ་བསྲུང༌། །སྨིན་ཅིང་གྲོལ་བྱེད་རིམ་གཉིས་རྣལ་འབྱོར་གྱིས། །རྡོ་རྗེ་འཛིན་པའི་ས་ལ་རེག་གྱུར་ཅིག །འདུས་པའི་རྒྱུད་ཀྱི་འདོན་ཐབས་མདོར་བསྡུས་པ་འདི་ནི་ཨོར་དུ་སུའི་ཤོག་ནས་དད་ལྡན་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་བསྐུལ་བའི་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།མདུན་


GTD006_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་བཞི་རྩ་ཕྱག་ཐལ་མོ་སྦྱར། །ལྷག་མ་གཉིས་ཀྱིས་ཤེལ་ཕྲེང་པད་སྡོང་བསྣམས། །སྐྱབས་ཡུལ་རྒྱ་མཚོས་བསྐོར་ཅིང་བཞུགས་པར་གྱུར། །བླ་མ་ཀུན་འདུས་མགོན་པོ་སྤྱན་རས་གཟིགས། །ཡི་དམ་ཀུན་འདུས་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་ཀུན་འདུས་མགོན་པོ་སྤྱན་རས་གཟིགས། །བྱང་སེམས་ཀུན་འདུས་མགོན་པོ་སྤྱན་རས་གཟིགས། །ཉན་རང་ཀུན་འདུས་མགོན་པོ་སྤྱན་རས་གཟིགས། །ཆོས་སྐྱོང་ཀུན་འདུས་མགོན་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འདི་སྣང་འཁྲི་བ་ཆོད་པར་བྱིན་གྱིས་རློབས། །ངན་སོང་སྐྱེ་སྒོ་ཁེགས་པར་བྱིན་གྱིས་རློབས། །ལས་ཉོན་དྲི་མ་བྱང་བར་བྱིན་༝ སྲིད་པའི་མཚོ་ལས་གྲོལ་བར་བྱིན་༝ བྱང་ཆུབ་སེམས་མཆོག་སྐྱེ་བར་བྱིན་༝ ཡང་དག་ལྟ་བ་རྟོགས་པར་བྱིན་༝ ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བཏབ་ཐུགས་ཀའི་ཧྲཱིཿ ཡིག་ལ། །ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་རྒྱལ་ཀུན་བྱིན་རླབས་བསྡུས་པ་ལས། །བབ་པའི་བདུད་རྩིས་འགྲོ་ཀུན་གྲོལ་བར་གྱུར། །དེ་ནས་རང་དང་སྐྱབས་ཡུལ་ནམ་མཁའ་གང་བ། འགྲོ་བ་རིགས་དྲུག་ཐམས་ཅད་ཀྱིས་མཉམ་དུ་བཏོན་པར་བསམས་ལ་མ་ཎི་བཟླ། འདི་ནས་ཤི་འཕོས་གྱུར་མ་ཐག །བར་དོའི་འཁྲུལ་སྣང་མི་འབྱུང་བར། །འཕགས་པ་སྤྱན་རས་གཟིགས་མགོན་གྱིས། །བདེ་བ་ཅན་དུ་འཁྲིད་པར་ཤོག །རྒྱལ་བའི་དཀྱིལ་འཁོར་ཞེས་སོགས་དང༌། འཇམ་དཔལ་དཔའ་བོ་ཞེས་སོགས་དང༌།


GTD006_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱའི་དབང་པོ་ཞེས་སོགས་ཀྱི་བསྔོ་བས་རྒྱས་གདབ་བོ། །འདིའང་སུ་ཉིད་ཤོག་ནས་དད་ལྡན་དཀོན་མཆོག་བསྟན་དར་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།༈ སྤྱན་རས་གཟིགས་སྤྲུལ་མགོན་པོ་ཡིད་བཞིན་ནོར། །སྲིད་གསུམ་དབང་སྡུད་མཁའ་འགྲོའི་ཚོགས་དང་བཅས། །དམིགས་མེད་ཐུགས་རྗེའི་ཤུགས་ཀྱིས་ཉེར་དགོངས་ཏེ། །འདིར་གཤེགས་རྣལ་འབྱོར་བདག་གི་མགོན་དུ་བཞུགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང༌། །ཁྱད་པར་སྦྱངས་རྟོགས་སྦར་བྱས་གཏོར་མའི་ཚོགས། །རྩེ་གཅིག་གུས་པའི་ཡིད་ཀྱིས་འབུལ་ལགས་ན། །བཞེས་ཤིང་ཟག་མེད་བདེ་བས་དགྱེས་གྱུར་ཅིག །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཆོས་མཐུན་འབྱོར་པ་ལ་སོགས་ཕན་པའི་རྐྱེན། །མཐའ་དག་འདོད་དགུར་ལྷུན་གྱིས་གྲུབ་པ་ཡིས། །ལམ་བཟང་གེགས་མེད་འགྲུབ་པའི་སྡོངས་གྲོགས་མཛོད། །ཅེས་པ་འདིའང་རི་ཁྲོད་པ་དགེ་སློང་དཀོན་མཆོག་བྱམས་པས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།དགེ་ལེགས་འཕེལ།


previousསེང་ལྡེང་ནགས་སྒྲོལ་བརྟེན་ནས་ཚེ་སྒྲུབ་བྱ་ཚུལ།no next