Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
collapse section
མདོའི་ཚིགས་བཅད་གསུམ་གྱི་དོན་ཅུང་ཟད་བཀྲལ་བ་སོགས་ལེའུ་ཚན་ཐོར་བུ་སྣ་ཚོགས།
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousམདོའི་ཚིགས་བཅད་གསུམ་གྱི་དོན་ཅུང་ཟད་བཀྲལ་བ་སོགས་ལེའུ་ཚན་ཐོར་བུ་སྣ་ཚོགས།next

མདོའི་ཚིགས་བཅད་གསུམ་གྱི་དོན་ཅུང་ཟད་བཀྲལ་བ་སོགས་ལེའུ་ཚན་ཐོར་བུ་སྣ་ཚོགས།


GTD007_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མདོའི་ཚིགས་བཅད་གསུམ་གྱི་དོན་ཅུང་ཟད་བཀྲལ་བ་སོགས་ལེའུ་ཚན་ཐོར་བུ་སྣ་ཚོགས་བཞུགས་སོ།།


GTD007_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མུ་ནཱིནྡྲཱ་ཡ། གསོ་སྦྱོང་སོགས་ཀྱི་སྐབས་སུ་གདོན་པ། སྐར་མ་རབ་རིབ་ཅེས་སོགས་དང། བརྩམ་པར་བྱ་ཞིང་ཞེས་སོགས་ཚིགས་བཅད་གསུམ་གྱི་དོན་ཅུང་ཟད་དགྲོལ་བ་ལ། དང་པོ་ནི་རྡོ་རྗེ་གཅོད་པ་ལས། སྐར་མ་རབ་རིབ་མར་མེ་དང། །སྒྱུ་མ་ཟིལ་པ་ཆུ་བུར་དང། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་གསུངས་པ་འདིས་ཁྱད་པར་བཞིའི་སྒོ་ནས་འདུས་བྱས་ཐམས་ཅད་དོན་དམ་པར་མེད་པའི་ཚུལ་ལ་འཇུག་པར་གསུངས་ཏེ། རང་བཞིན་གྱི་མཚན་ཉིད། རོ་མྱང་བའི་མཚན་ཉིད། ཉེས་དམིགས་ཀྱི་མཚན་ཉིད། ངེས་པར་འབྱུང་བའི་མཚན་ཉིད་དོ། །དེ་ལ་རང་བཞིན་གྱི་མཚན་ཉིད་ནི་སྐར་མ་དང། རབ་རིབ་དང། མཪ་མེའི་དཔེ་གསུམ་གྱིས་གཏན་ལ་ཕབ་སྟེ། སྐར་མས་སྣང་སྟོང་གཉིས་ཚོགས་ཀྱི་རང་བཞིན། རབ་རིབ་ཀྱིས་སྟོང་པའི་


GTD007_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན། མར་མེས་སྣང་བའི་རང་བཞིན་མཚོན་པ་ཡིན། དང་པོ་ནི། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །གསུངས་པ་ལྟར། དངོས་པོ་ཐམས་ཅད་ཀྱི་སྟེང་ན་མི་རྟོག་ཡེ་ཤེས་ལ་སྣང་ཚུལ་དང། ཐ་སྙད་པའི་རྣམ་རྟོག་ལ་སྣང་ཚུལ་གྱི་རང་བཞིན་གཉིས་རེ་ཡོད་པའི་སྔ་མ་ནི་གནས་ལུགས་མཐར་ཐུག་དོན་དམ་པ་དང། ཕྱི་མ་ཀུན་རྫོབ་པའི་གནས་ལུགས་ཡིན། ཁྱད་པར་དེ་གཉི་ག་སྐར་མའི་དཔེ་གཅིག་པུས་མཚོན་ནུས་ཏེ། ཉིན་མོ་སྐར་མ་མི་མཐོང་བར་ནམ་མཁའ་གཡའ་དག་སྣང་བ་བཞིན། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཀུན་རྫོབ་པའི་སྤྲོས་པ་ཅི་ཡང་མ་གཟིགས་པར་དགག་བྱ་རྣམ་པར་བཅད་པའི་སྟོང་པ་ཁོ་ན་གཟིགས། མཚན་མོ་མུན་པ་འཐིབས་པ་ན་


GTD007_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མའི་ཚོགས་ཆེས་གསལ་བར་འཆར་བ་བཞིན། ཐ་སྙད་པའི་ཤེས་པའི་ངོ་བོར་ཀུན་རྫོབ་ཀྱི་ཆོས་སྣ་ཚོགས་སུ་འཆར་ཞིང། ཁྱད་པར་དུ་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་ལ་མ་དག་པའི་འཁྲུལ་སྣང་སྣ་ཚོགས་སུ་འཆར་བ་ཡིན་ཏེ། ཟུར་ཕྱི་མ་འདི་ལ་ཐ་སྙད་པའི་ཚད་མའི་ངོ་བོར་འཇོག་ཚུལ་དོན་མཐུན་གཅིག་དང་། ཕྱིན་ཅི་ལོག་གི་འཁྲུལ་སྣང་དོན་མི་མཐུན་གྱི་ཆ་གཉིས་སུ་འབྱེད་དགོས། མ་རིག་པའི་བག་ཆགས་ཀྱི་དབང་གིས་ཡུལ་རང་ངོས་ནས་བདེན་གྲུབ་ཏུ་ཤར་བའི་སྣང་བ་དེ་ནི་བློ་འཁྲུལ་བ་དེའི་ངོ་ཁོ་ནར་ཡོད་ཀྱི། དོན་ལ་མེད་པས་རབ་རིབ་ཀྱི་དཔེས་སྣང་ཚུལ་དེ་ལྟར་དུ་གྲུབ་པས་སྟོང་པ་གཙོ་བོར་མཚོན་པ་ཡིན་ཏེ། འཇུག་པ་ལས། རབ་རིབ་མེད་ལའང་སྐྲ་ཤད་བློར་འགྱུར་ན། །དེ་ལྟ་མ་ཡིན་དེ་ཕྱིར་དེ་ཡོད་མིན། །ཞེས་པ་ལྟར། དོན་དམ་པར་གྲུབ་ན་དེ་ཉིད་དེའི་གནས་ལུགས་མཐར་ཐུག་ཏུ་འགྱུར་དགོས་ཤིང། དེ་ལྟར་ན་གནས་ལུགས་ཚོལ་བའི་རིགས་ཤེས་ཀྱིས་དཔྱད་མཐར་རྙེད་དགོས་རྒྱུ་ལ། དེའི་ངོ་བོར་མ་གྲུབ་པའི་ཕྱིར་ཏེ། དཔེར་ན་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་དེ་ངེས་པར་ཡོད་ན་མིག་ལ་སྐྱོན་མེད་པའི་གང་ཟག་གིས་ལྷག་ཏུ་གསལ་བར་མཐོང་དགོས་རྒྱུ་ལ་དེས་མ་མཐོང་བ་དེ་དོན་ལ་མ་གྲུབ་པའི་དབང་གིས་ཡིན་པ་དང་འདྲ་བའི་ཕྱིར་རོ། །ཡུལ་རང་གི་ངོ་བོས་མ་གྲུབ་ཀྱང་སྣང་ཕྱོགས་ཀྱི་ཆ་རྣམས་བསྙོན་མེད་དུ་འཇོག་


GTD007_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི། ཀོང་བུ་ལ་མར་མེ་ངོ་བོ་ཉིད་ཀྱིས་མི་གནས་ཀྱང། མར་དང་སྡོང་བུ་སོགས་དུ་མ་འདུས་པ་ན་མར་མེ་འབྱུང་བ་བསྙོན་མེད་པ་བཞིན། ལས་དང་ཉོན་མོངས་སོགས་རྒྱུ་རྐྱེན་སྣ་ཚོགས་འདུས་པའི་དབང་གིས་སྲིད་པའི་སྐྱེ་བ་སོགས་འཁོར་འདས་ཐམས་ཅད་འབྱུང་བ་ཡིན་ནོ། །དངོས་སྨྲ་བ་རྣམས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་སྟེ། །ཞེས་སོགས་ཀྱིས་རྒྱུ་རྐྱེན་དུ་མ་འདུས་ནས་འབྲས་བུ་སྐྱེད་པ་དེ་དོན་དམ་པར་གྲུབ་པའི་རྒྱུ་མཚན་དུ་བཤད་ཀྱང། དབུ་མ་པའི་ལུགས་འདིར་རྒྱུ་རྐྱེན་དུ་མ་འདུས་ནས་བཙུན་པ་དེ་ཉིད་རང་བཞིན་གྱིས་མེད་པའི་རྒྱུ་མཚན་མཐར་ཐུག་པ་ཡིན་ཏེ། གོ་ཆའི་བཀོད་པ་བསྟན་པའི་མདོ་ལས། ཆོས་རྣམས་རྐྱེན་ནི་མང་པོ་དག །ལྷན་ཅིག་འདུས་ལས་བྱུང་བ་ཡིན། །རྐྱེན་ནི་མང་པོ་འདུས་པའི་ཕྱིར། །རང་བཞིན་གྱིས་ནི་མེད་པ་ཡིན། །ཞེས་གསུངས་པ་ལྟར་རོ།། གཉིས་པ་རོ་མྱང་བའི་མཚན་ཉིད་ནི་སྒྱུ་མའི་དཔེས་བསྟན་ཏེ། དཔེར་ན་སྤྲུལ་གཞི་རྡེའུ་ཤིང་ཙམ་ལ་སྒྱུ་མ་མཁན་གྱིས་ཡིད་དུ་འོང་མི་འོང་གི་དངོས་པོ་སྣ་ཚོགས་སུ་སྤྲུལ་བ་ན་དེ་ལ་བརྟེན་ནས་ཆགས་ཞེན་དང། འཇིགས་སྐྲག་སོགས་སྣ་ཚོགས་སྐྱེའང་དོན་དངོས་གནས་ལ་ཕན་གནོད་ཅི་ཡང་འབྱུང་དུ་མེད་པ་ལྟར། སེམས་ཅན་འཁོར་བའི་སྡུག་བསྔལ་གྱིས་མནར་བའང་དོན་རང་གི་ངོ་བོས་གྲུབ་པ་མེད་བཞིན་དུ་བདེན་འཛིན་གྱི་


GTD007_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པས་བསླད་པའི་དབང་གིས་ཆགས་སྡང་སྣ་ཚོགས་སྐྱེས་ཏེ་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་པ་ཡིན་པས། བཞི་བརྒྱ་པའི་འགྲེལ་པ་ལས། སྒྱུ་མ་ལྟ་བུ་ཡིན་པ་དེ་ནི་མི་བསླུ་བ་མ་ཡིན་ཏེ་རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །ཞེས་པ་ལྟར། ཁྱི་རྡོ་ཕྱིར་འབྲང་བའམ། བྱིས་པ་ལ་སྦར་མོ་སྟོང་པ་བཅང་སྟེ་བསྟན་པ་བཞིན་ཁ་ཁྲིད་ནས་རེ་དོགས་སྣ་ཚོགས་ལ་སྦྱོར་བ་དཔེར་བྱས་ཏེ། དོན་ལ་དེའི་རྗེས་སུ་འབྲང་ནས་རོ་མ་མྱང་བར་ཞེན་པ་ལོག་དགོས་ཞེས་པ་ཡིན་ནོ།། གསུམ་པ་ཉེས་དམིགས་ཀྱི་མཚན་ཉིད་ལ། མི་རྟག་པའི་ཚུལ་གྱིས་ཉེས་དམིགས་སུ་ལྟ་ཚུལ་དང། སྡུག་བསྔལ་བའི་ཚུལ་གྱིས་ཉེས་དམིགས་སུ་ལྟ་ཚུལ་གཉིས། སྔ་མ་ཟིལ་བའི་དཔེས་བསྟན་ཏེ། རྩྭ་རྩེའི་ཟིལ་པ་ཕྲ་མོ་དེ་ཉིད་འོད་ཕོག་པ་སོགས་རྐྱེན་ཅུང་ཟད་ཙམ་གྱི་མོད་ལ་སྐམ་པར་འགྱུར་བ་ཤིན་ཏུ་མི་བརྟན་པའི་རང་བཞིན་ཅན་ཡིན་པ་བཞིན། འདུས་བྱས་ཐམས་ཅད་རང་གྲུབ་ཙམ་ནས་ཕྱིས་འབྱུང་གི་རྒྱུ་ལ་མི་ལྟོས་པར་འཇིག་པའི་ངང་ཚུལ་ཅན་ཡིན་པས་ཡིད་བརྟན་ཅུང་ཟད་ཀྱང་མེད་དེ། འདི་ལ་དགོངས་ནས་མདོ་དང་རྒྱན་དུ་མི་རྟག་པ་ལ་མ་མཆིས་པའི་རྣམ་པ་དང་མེད་པའི་རྣམ་པ་ཞེས་གསུངས་ཤིང། དབུས་མཐར་ཡང། མི་རྟག་དོན་ནི་མེད་དོན་དང་། །ཞེས་སོགས་གསུངས་པ་ཡིན་ནོ། །ཆུ་བུར་གྱི་དཔེས་སྡུག་བསྔལ་བའི་ཚུལ་གྱི་ཉེས་དམིགས་བསྟན་ཏེ། ཆུ་བུར་ནི་རྡོལ་བ་ནའང་ཆུའི་རང་བཞིན། ཡལ་བ་ནའང་ཆུའི་རང་བཞིན་དུ་འགྲོ་བ་ལྟར། ཟག་བཅས་ཀྱི་ཚོར་བ་ནི་མདོ་ལས། གང་ཅུང་ཟད་ཚོར་བ་འདི་ནི་འདིར་


GTD007_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལོ། །ཞེས་པ་ལྟར། ཚོར་བ་སྡུག་བསྔལ་སྐྱེས་ཙམ་ནས་སྡུག་བསྔལ་གྱི་རྣམ་པར་འབྱུང་། ཟག་བཅས་ཀྱི་བདེ་བ་རྣམས་འགགས་པ་ན་སྡུག་བསྔལ་གྱི་རྣམ་པར་འགྲོ་བས་འགྱུར་བའི་སྡུག་བསྔལ་དུ་བཤད། བཏང་སྙོམས་ནི་སྡུག་བསྔལ་ཀུན་གྱི་གཞི་བྱེད་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བཤད་དེ། དེ་གསུམ་ག་བྱིས་པ་རྣམས་ཀྱི་བསམ་ངོར་བདེ་སྡུག་དང་མཆོག་དམན་གྱི་ཁྱད་པར་ཡོད་ཀྱང། འཕགས་པའི་གང་ཟག་རྣམས་ཀྱི་གཟིགས་ངོར། འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །གསུངས་པ་བཞིན་བདེ་བའི་རང་བཞིན་ཅུང་ཟད་ཀྱང་མེད་པར་སྡུག་བསྔལ་ལས་མ་འདས་པས། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་གསུངས་པ་ཡིན་ནོ།། བཞི་པ་ངེས་པར་འབྱུང་བའི་མཚན་ཉིད་ནི་སྟོང་ཉིད་སྒོམ་ཚུལ་དངོས་ཡིན་ཏེ། ཐལ་འགྱུར་བའི་ལུགས་འདིར་འཁོར་བའི་རྩ་བ་མཐར་ཐུག་བདེན་འཛིན་ཁོ་ན་དང། ཞི་སྒོ་གཉིས་པ་མེད་པ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཁོ་ན་ཡིན་པས་འཁོར་བ་ལས་ངེས་པར་འབྱུང་བའི་ཐར་པ་ཐོབ་པ་ལ་མེད་མི་རུང་དུ་དེ་ཁོ་ན་དགོས་ཀྱི། མི་རྟག་སྡུག་བསྔལ་སོགས་སུ་བསྒོམས་པས་གནས་སྐབས་འཁོར་བ་ལས་ཡིད་འབྱུང་བ་ཙམ་འོང་ཡང། སྲིད་པའི་རྩ་བ་མཐར་ཐུག་དྲུངས་ཕྱུང་སྟེ་སེམས་ཀྱི་དྲི་མ་མ་ལུས་པར་སྦྱོང་མི་ནུས་པའི་ཕྱིར། བྱང་ཆུབ་སེམས་འགྲེལ་ལས། མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོ་སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའ། །ཆོས་ནི་རང་


GTD007_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པ་ཡིན། །ཞེས་སོ། །འདིའི་ཐད་ཀྱི་ཀ་མ་ལ་ཤཱི་ལའི་རྡོར་གཅོད་འགྲེལ་པར། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །དེ་ལྟར་བརྟག་ནས་གལ་ཏེ་སྒོམ་བྱེད་པ། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་སོགས་དྲངས་ཏེ་ཐར་པ་ཐོབ་པ་ལ་ངེས་པར་རྟོགས་དགོས་པར་གསུངས་པ་ནི་བདག་མེད་ཙམ་ལ་བྱ་ཡི། བདེན་སྟོང་ཁོ་ནར་མི་རུང་སྟེ་ཐེག་གསུམ་རྟོགས་རིགས་མི་འདྲ་བའི་ཕྱིར་དང། འགྲེལ་པ་དེ་ཉིད་དུ། འདུས་བྱས་ཐམས་ཅད་ནི་བདག་མེད་པ་རྣམ་པ་གཉིས་དང་ལྡན་ཏེ། ཞེས་གསུངས། བདག་མེད་གཉིས་སྟོང་གཞིའི་སྒོ་ནས་བཞག་པ་མིན་པས་ཐལ་འགྱུར་བའི་དེ་དང་མི་འདྲ་བ་འདུས་བྱས་ཐམས་ཅད་ཅེས་པས་ཤེས་སོ། །དབྱིག་གཉེན་གྱི་འགྲེལ་པར་ཡང། གང་ཟག་དང་ཆོས་ཀྱི་བདག་མེད་པ་དང་རྗེས་སུ་འབྲེལ་བ་ལ་དམིགས་པས་ངེས་པར་འབྱུང་བའི་ཕྱིར། ཞེས་གསུངས་ཏེ་ཕྱོགས་མཐུན་ནོ། །དེས་ན་འདི་ལ་འདས་པའི་དངོས་པོ། ད་ལྟར་བའི་དངོས་པོ། མ་འོངས་པའི་དངོས་པོ་རང་བཞིན་མེད་པར་སྒོམ་ཚུལ་གསུམ་ཡོད་པས། དང་པོ་ནི་རྨི་ལམ་གྱི་དཔེས་མཚོན་པ་ཡིན་ཏེ། འཇུག་པ་ལས། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ན། །ཞེས་སོགས་ལྟར། རྨི་ལམ་དུ་རྨིས་པའི་དངོས་པོ་དྲན་པ་ལས་འདོད་ཆགས་སོགས་སྐྱེའང། དེའི་ཚེ་རྨི་ལམ་གྱི་དངོས་པོ་དེ་ཉིད་མེད་པར་མངོན་སུམ་དུ་གྲུབ་པ་བཞིན། འདས་པའི་ལས་ཀྱི་འབྲས་བུ་མྱོང་དུ་ཡོད་ཀྱང་ལས་དེ་ངོ་བོ་ཉིད་ཀྱིས་གྲུབ་མི་དགོས་སོ། །རྩ་ཤེ་རབ་བྱེད་


GTD007_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པར་ཡང། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །ཞེས་དཔེ་གསུམ་གསུངས་པའི་རྨི་ལམ་གྱི་དཔེ་དེས་འདས་པ་མཚོན་པར་ཤེས་རབ་སྒྲོན་མེར་བཤད་པའང་འདི་དང་འདྲའོ། །ད་ལྟར་བའི་དངོས་པོ་རྣམས་གློག་གི་དཔེས་གསུངས་ཏེ། དེ་ནི་ཐོག་མར་འདི་ནས་བྱུང། བར་དུ་འདི་ལ་བརྟེན་ཏེ་གནས། ཐ་མར་འདིར་འགྲོ་ཞེས་ངོས་གཟུང་རྒྱུ་མེད་པར་ཡུད་ཙམ་ཞིག་དཀར་ལམ་གྱིས་སྣང་ནས་དེ་མ་ཐག་མེད་འགྲོ་བ་བཞིན། ད་ལྟར་བའི་དངོས་པོ་རྣམས་ཀྱང་སེམས་ཀྱི་སྣང་ཆ་ཙམ་ལས་བྱ་བྱེད་ལས་གསུམ་དང། རྒྱུ་འབྲས་ངོ་བོ་གསུམ་སོགས་སྒོ་གང་ནས་བཙལ་ཀྱང་མི་རྙེད་པ་རིགས་ཤེས་ཀྱིས་བཏགས་དོན་བཙལ་བ་ཙམ་ནས་དམིགས་པའི་གཏད་སོ་ཞིག་སྟེ་ཡལ་འགྲོ་བ་གློག་མི་བརྟན་པ་དང་དཔེ་སྦྱར་བ་ཡིན་ནོ། །མ་འོངས་པའི་དངོས་པོ་རྣམས་སྤྲིན་དང་དཔེ་སྦྱར་ཚུལ་ནི། ནམ་མཁའ་སྟོང་སང་ཙམ་ལ་ཆར་འབེབས་པ་སོགས་ཀྱི་ནུས་པ་མེད་ཀྱང་དེར་སྤྲིན་ཚོགས་པ་ལས་ཆར་འབེབས་པ་དང། དེས་ལོ་ཏོག་སྨིན་པ་སོགས་འབྲས་བུ་བརྒྱུད་མར་འབྱིན་ཐུབ་པ་བཞིན། སེམས་རང་བཞིན་གྱིས་འོད་གསལ་བ་དེར་ཡང་ལས་ཉོན་དང་གནས་ངན་ལེན་གྱི་བག་ཆགས་སོགས་དུ་མ་ཚོགས་པ་ལས་མ་འོངས་པ་ན་རྣམ་སྨིན་གྱི་འབྲས་བུ་སྣ་ཚོགས་པ་འབྱུང་རུང་ལ། དེའང་རྟོག་པས་བཏགས་པ་ཙམ་ཡིན་གྱི། མ་འོངས་པའི་དངོས་པོ་དེ་དག་དོན་དམ་པར་གྲུབ་ན་གྲངས་ཅན་གྱི་མངོན་


GTD007_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་གསལ་བའི་མྱུ་གུ་བཞིན་རྒྱུ་དེ་ལ་འབྲས་བུ་ཐམས་ཅད་གནས་དགོས་པས། སྤྲིན་ལའང་ལོ་ཏོག་དང་ཟན་ལ་སོགས་པ་དེ་ལ་བརྟེན་པའི་འབྲས་བུ་ཐམས་ཅད་ཡོད་པར་ཐལ་བའི་སྐྱོན་དུ་འགྱུར་རོ། །རྒྱུ་འབྲས་ཐ་སྙད་པ་ལ་ཕན་ཚུན་ཕྲད་པ་མི་དགོས་ཀྱང་། དོན་དམ་པར་རྒྱུ་འབྲས་སུ་འགྲོ་བ་ལ་བྱ་བྱེད་ཕྲད་པ་དགོས་པས་འདིར་སྤྲིན་གྱིས་འབྲས་བུ་མ་འོངས་བསྐྱེད་པར་གསུངས་པ་འདིས་མ་འོངས་པའི་དངོས་པོ་དེ་དག་དོན་དམ་པར་མ་གྲུབ་པ་གོ་དགོས་སོ།། ༈ བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །ཞེས་པའི་དོན་ནི་བམ་ལྔ་ལས། བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་བརྩོན་པར་གྱིས་ཤིག་པའོ། །དབྱུང་བར་བྱ་ཞེས་བྱ་བ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ཕྱིར་དགོན་པ་ལ་སོགས་པ་དབེན་པར་སོངས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །སངས་རྒྱས་བསྟན་པ་ཞེས་བྱ་བ་ནི་བདེན་པ་བཞི་བསྟན་པ་ལའོ། །འཇུག་པར་བྱ་ཞེས་བྱ་བ་ནི་མགོ་བོ་དང་གོས་ལ་མེ་འབར་བ་ལྟར་བརྩོན་པར་གྱིས་ཤིག་པའོ། །ཞེས་གསུངས་ལ། སོ་ཐར་བརྗེད་བྱང་དང་སོ་ཐར་གཞུང་འགྲེལ་གཉིས་སུའང་ཚིག་རིས་དེ་ཇི་ལྟ་བ་བཞིན་འབྱུང། ཁྱད་པར་བཤེས་གཉེན་གྱི་འདུལ་བ་བསྡུས་པ་ལས། བརྩམ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་སྦྱོར་བའོ། །འབྱུང་བར་བྱ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བའོ། །ཞེས་སྦྱོར་བ་དང་དངོས་གཞི་ལྟ་བུར་གསུངས་ཏེ། སྔ་ཕྱི་གུང་བསྒྲིགས་ན་འདུལ་བའི་མདོར། ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ།


GTD007_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་བཞིན་ཁམས་གསུམ་འཁོར་བ་མཐའ་དག་མེ་འབར་བའི་འོབས་དང་བཙོན་དོང་ལྟར་མཐོང་བའི་ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་ནི་སོ་ཐར་གྱི་ཚུལ་ཁྲིམས་རྣམ་པར་དག་པའི་རྨང་གཞི་ཡིན་པས་བློ་འབྱོངས་ངེས་སུ་བསྐྱེད་པ་ཟུར་སྔ་མའི་དོན་དང། དེ་ནས་འདོད་ཆུང་ཆོག་ཤེས་ཀྱིས་འཕགས་པའི་རིགས་བཞི་ལ་གནས་ཏེ་ཚུལ་ཁྲིམས་མིག་གི་འབྲས་བུ་ལྟར་སྲུང་བར་བྱེད་པ་གཉིས་པའི་དོན་ནོ། །འདིས་ཚོགས་སྦྱོར་གྱི་ལམ་གཉིས་ཀྱང་བསྡུས་པར་བྱ་དགོས་ཏེ། སོ་སོར་ཐར་པའི་སྐད་དོད་པྲ་ཏི་མོཀྵ་ཞེས་པའི་པྲ་ཏི་དང་པོར་བྱས་ན་དང་པོར་ཐར་པ་ཞེས་ཐར་པའི་མགོ་རྩོམ་པའི་དོན་དུ་གསུངས་པ་དང། ཚོགས་ལམ་ལ་ཐར་པ་ཆ་མཐུན་ཞེས་པའང་གོ་དོན་མཚུངས་ཤིང། མངོན་པ་ཀུན་བཏུས་སུ་ཚོགས་ལམ་གྱི་མཚན་གཞི་སྨོས་པ་ན་འདོད་ཆུང་ཆོག་ཤེས་དབང་པོའི་སྒོ་སྡོམ་པ་སོགས་ལ་གཙོ་བོར་གསུངས་པ་གནད་གཅིག་གོ །དེས་ཚོགས་སྦྱོར་སྡུད་དགོས་པ་འོག་གི་ཚིག་ལྷག་མས་ཀྱང་ཤེས་ཏེ། འདུལ་བ་བསྡུས་པ་ལས། འཇུག་པར་བྱ་ཞེས་བྱ་བ་ནི་མཐོང་བའི་ལམ་སྐྱེད་པའོ། །འཆི་བདག་སྡེ་ནི་གཞོམ་པར་བྱ་ཞེས་བྱ་བ་ནི་སྒོམ་པའི་ལམ་མོ། །ཞེས་ཕྱི་མ་གཉིས་མཐོང་སྒོམ་གྱི་ལམ་ལ་སྦྱར་བ་ན་སྔ་མས་ཚོགས་སྦྱོར་སྡུད་དགོས་པ་འོས་མེད་ཀྱི་རིགས་པས་འགྲུབ་བོ། །བམ་ལྔའི། སངས་རྒྱས་བསྟན་པ་ཞེས་བྱ་བ་ནི་བདེན་པ་བཞི་བསྟན་པ་ལའོ། །ཞེས་བདེན་བཞི་ལ་སྦྱར་བའང་འདིར་མཐོང་ལམ་དུ་གསུངས་པ་དང་དགོངས་


GTD007_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་སྟེ། རྒྱན་ལས། བདེན་དང་བདེན་ལ་བཟོད་པ་དང། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཞེས་དང། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་པ་ལྟར་མདོ་སྡེ་རྣམས་སུ་མཐོང་ལམ་གང་སྟོན་པ་ན་བདེན་པ་བཞི་མཐོང་ཚུལ་གྱི་སྒོ་ནས་གསུངས་ཤིང། མཐོང་ལམ་གྱི་མིང་ལའང་བདེན་པ་མངོན་རྟོགས་ཞེས་ཟེར་བའི་ཕྱིར། དེ་བཞིན་དུ་བམ་ལྔར། འཆི་བདག་ཅེས་བྱ་བ་ནི་འཆི་བའོ། །སྡེ་ཞེས་བྱ་བ་ནི་སྲེད་པ་ལ་སོགས་པའི་འཁོར་རོ། །ཞེས་པ་དང། ཁྱད་པར་བཤེས་གཉེན་གྱིས་སྒོམ་ལམ་ལ་སྦྱར་བ་གཉིས་ཀྱང་གནད་གཅིག་ཏུ་འབབ་སྟེ། སྲེད་སོགས་ཀྱི་ཉོན་མོངས་ས་བོན་དང་བཅས་པ་གཞོམ་བྱེད་སྒོམ་ལམ་ལས་མ་འདས་པའི་ཕྱིར་རོ། །མཛད་བྱང་འགྱུར་བྱང་མེད་པ་རྒྱ་ཆེར་འགྲེལ་ཟེར་བ་ལས། བརྩམ་པར་བྱ་བ་ནི་རབ་ཏུ་འབྱུང་བར་བརྩམ་པར་བྱའོ། །དབྱུང་བར་བྱ་བ་ནི་གདོན་མི་ཟ་བར་རབ་ཏུ་འབྱུང་བར་བྱའོ། །སངས་རྒྱས་བསྟན་ལ་འཇུག་པ་ནི་རབ་ཏུ་བྱུང་བ་ཙམ་གྱིས་ཆོག་པ་མ་ཡིན་པས་བསྟན་པའི་སྡེ་སྣོད་གསུམ་བསྒྲུབ་པར་བྱའོ། །འཆི་བདག་གི་སྡེ་འཇོམས་པ་ནི་སྡེ་སྣོད་གསུམ་སྦྱངས་པའི་འབྲས་བུ་ཡོད་པར་བྱ་བའི་ཕྱིར་རྒ་ཤིའི་སྡུག་བསྔལ་གཞོམ་ཞིང། ཞེས་གསུངས་པ་འདིའང་སྔ་ཕྱིའི་གོ་རིམ་སོགས་འབྲེལ་ཆགས་པ་ཞིག་སྣང་བས་དེ་བཞིན་བཤད་ན། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །


GTD007_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར། ངེས་འབྱུང་གི་བསམ་པ་ཤུགས་དྲག་པོས་བསྐུལ་ཏེ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་བླངས་ལ་བསླབ་བྱ་རྣམས་མིག་གི་འབྲས་བུ་བཞིན་དུ་སྲུང་བར་བྱེད་དགོས་པ་རྐང་པ་དང་པོའི་དོན། དེའི་སྟེང་དུ་རྒྱལ་བའི་གསུང་རབ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད། སྒོམ་པས་ཉམས་སུ་ལེན་དགོས་པ་རྐང་པ་གཉིས་པའི་དོན། མཐར་སྒོམ་བྱུང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ས་བོན་དང་བཅས་པ་གླང་ཆེན་གྱིས་འདམ་བུའི་ཚལ་བཅོམ་པ་བཞིན་རྨེག་མེད་དུ་བྱས་ནས་དྲུངས་འབྱིན་དགོས་པ་རྐང་པ་ཕྱི་མ་གཉིས་ཀྱི་དོན་ནོ། །ཁྱད་པར་དེ་གསུམ་པོ་ལྷག་པའི་བསླབ་པ་གསུམ་ལ་སྦྱར་དུའང་རུང་སྟེ། ཐོག་མཐའ་གཉིས་ཚུལ་ཁྲིམས་དང་ཤེས་རབ་ལ་སྦྱོར་ཚུལ་གོ་སླ་ལ། རྐང་པ་གཉིས་པའི་དོན་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་སྦྱོར་ཚུལ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་བསམ་གཏན་གྱི་སྐབས་སུ་འགྲེལ་པ་དོན་གསལ་ལས། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་དང་ཞེས་གསུངས་པ་ལྟར། གཞན་གྱི་ལྟ་བ་ངན་པ་སོགས་ཀྱིས་མི་འཕྲོག་པར་རྒྱལ་བའི་བསྟན་པ་ལ་གཞན་དྲིང་མི་འཇོག་པའི་རྩེ་གཅིག་ཏུ་གྱུར་ཏེ། ཚ་བས་གདུངས་པའི་གླང་ཆེན་མཚོ་ལ་བསྙེགས་པ་བཞིན་རྒྱལ་བའི་བསྟན་པ་ལ་འཇུག་པའི་དོན་ནོ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པས། །སྐྱེ་བའི་འཁོར་བ་རབ་སྤངས་ཏེ། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་


GTD007_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐང་པ་དང་པོ་གཉིས་ཀྱིས་བསླབ་པ་བསྲུང་བའི་ཐབས་དང། ཕྱི་མ་གཉིས་ཀྱིས་བསྲུང་བའི་ཕན་ཡོན་བསྟན་པ་ཡིན། བསླབ་པ་བསྲུང་བའི་ཐབས་དུ་མ་ཡོད་ཀྱང་གནད་གཅིག་ཏུ་བསྡུས་པ་ནི་བག་ཡོད་པ་ཡིན་པས། མདོ་རྩ་བར་ཡང་གདམས་ངག་བཅུ་གཅིག་གསུངས་པའི་མཇུག་ཏུ། བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ཡང་ངོ་། །ཞེས་བསླབ་བྱ་སྲུང་བྱེད་ཀྱི་ཐབས་བག་ཡོད་གཙོ་བོར་གསུངས་སོ། །དེའི་རྒྱུ་མཚན་ནི་སོ་སོར་ཐར་པའི་མདོ་འདི་ཉིད་ལས་ཀྱང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །ཞེས་གསུངས་སོ། །བམ་ལྔ་ལས། ཆོས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདུལ་བ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པའི་མཚན་ཉིད་དོ། །ཞེས་གསུངས་ལ། རྒྱ་ཆེར་འགྲེལ་གཞན་དེ་ལས། ཆོས་ནི་ཡང་དག་པའི་ལྟ་བ་དང། རྟོག་པ་དང་། རྩོལ་བ་དང། དྲན་པ་དང། ཏིང་ངེ་འཛིན་རྣམས་སོ། །འདུལ་བ་ནི། ཡང་དག་པའི་ངག་དང། ལས་ཀྱི་མཐའ་དང། འཚོ་བ་གསུམ་མོ། །ཞེས་སྦྱོར་ཚུལ་ཅུང་ཟད་མི་འདྲ་ཞིང། སྤྱིར་འདུལ་བའི་དོན་ས་སྡེ་ལས། ལྟུང་བ་འདུལ་བ་དང། ཉོན་མོངས་པ་འདུལ་བའོ། །ཞེས་གཉིས་གསུངས་པས། ཕྱི་མའི་དབང་དུ་བཏང་ན་སྡེ་སྣོད་གསུམ་ག་ལ་འདུལ་བའི་སྒྲ་འཇུག་གོ །བསྲུང་བའི་ཕན་ཡོན་ནི་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་བའི་ཐར་པའི་གོ་འཕང་ཐོབ་


GTD007_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ཏེ། ལམ་ལྔའི་ཐ་མ་མི་སློབ་པའི་ལམ་ཡང་འདིས་བསྟན་པ་ཡིན་ནོ། །སྐྱེ་བའི་འཁོར་བ་ཞེས་པའི་རྒྱུ་མཚན་ནི་སྲིད་པའི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་ཤིང་ལྗོན་པའི་རྩ་བ་ལྟ་བུ་ནི་ལས་ཉོན་གྱི་དབང་གིས་འཁོར་བར་ཉིང་མཚམས་སྦྱར་བའི་སྐྱེ་བ་འདི་ཉིད་ཡིན་པས། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་གསུངས་ཤིང། སྐྱེས་རབས་ལས་ཀྱང། སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་འཁོར་བ་ལས་ཐར་པ་ལ་སྐྱེ་བ་ལས་ཐར་པ་ཞེས་གསུངས་པ་ཡིན་ནོ།། སྡུག་བསྔལ་ཐ་མར་བྱེད་པ་ཞེས་པའང་ཐར་པ་མངོན་དུ་བྱས་པའི་མིང་གི་རྣམ་གྲངས་ཡིན་ཏེ། མདོ་ལས། གང་སྡུག་བསྔལ་འདི་མ་ལུས་པར་སྤངས་པ། ངེས་པར་སྤངས་པ། བྱང་བར་གྱུར་པ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། ཉེ་བར་ཞི་བ། ནུབ་པ། སྡུག་བསྔལ་གཞན་གྱི་མཚམས་མི་སྦྱོར་ཞིང་མི་འབྱུང་མི་སྐྱེ་བ་འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་ངེས་པར་སྤངས། སྲིད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པའོ། །ཞེས་གསུངས་པའི་ཕྱིར། ཚིགས་བཅད་འདི་གཉིས་ནི་རྣམ་གྲོལ་དོན་དུ་གཉེར་པ་རྣམས་ཀྱིས་ཉམས་སུ་བླང་བྱའི་གནད་མ་ཚང་བ་མེད་པར་སྟོན་པའི་གདམས་པའི་མཆོག་སངས་རྒྱས་ཀྱི་བསྟན་པའི་ཉིང་ཁུ་ཡིན་པས། སྲིད་པ་འཁོར་ལོར་ཡང་ལམ་བདེན་མཚོན་བྱེད་ལ་ཚིགས་བཅད་འདི་


GTD007_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བྲི་བར་གསུངས་ཤིང། རྒྱལ་པོ་ཨུ་དྲ་ཡཱ་ནས་ཀྱང་སྟོན་པའི་སྐུ་གཟུགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རི་མོ་དང་བཅས་པའི་མཐར་ཚིགས་སུ་བཅད་པ་འདི་གཉིས་བྲིས་ཏེ་བསྐུར་བ་མཐོང་བས་སྲིད་པའི་འཆིང་བ་བཅད་དེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་ནས། རིང་ན་གནས་པའི་ཐུབ་དབང་གིས། །ཤེས་རབ་མིག་ནི་རྣམ་སྦྱོང་མཛད། །གང་ལ་དེ་འདྲའི་གསོས་མངའ་བའི། །སྨན་པའི་མཆོག་ལ་ཕྱག་འཚལ་ལོ། །ཞེས་ཆེད་དུ་བརྗོད་པར་བྱས་པ་ཡིན་ནོ། །ཞེས་མདོའི་ཚིགས་བཅད་གསུམ་གྱི་དོན་ཅུང་ཟད་བཀྲོལ་བ་འདི་ནི་ཧལ་ཧ་ཇ་སག་ཐུ་རྒྱལ་པོའི་ཤོག་ནས་ལྷག་བསམ་དང་རྣམ་དཔྱོད་ཕུལ་དུ་བྱུང་བ་རབ་འབྱམས་པ་དཀོན་མཆོག་སྨོན་ལམ་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། ༈ ཆོས་བརྒྱད་འཆིང་བ་དྲུངས་ནས་ཕྱུང་། །ཆོས་ཀུན་དེ་ཉིད་ཐུགས་སུ་ཆུད། །བཞད་པའི་རྡོ་རྗེ་ལ་བཏུད་ནས། །རྡོ་རྗེའི་ཚིག་གི་མདུད་དགྲོལ་བྱ། །དེའང། ལྟ་བའི་ཟུང་འཇུག་མ་ཤེས་ན། །སྣང་སྲིད་ཆོས་སྐུར་ག་ལ་ཤེས། །སྒོམ་པའི་ཟུང་འཇུག་མ་ཤེས་ན། །སྡུག་བསྔལ་རྒྱན་དུ་ག་ལ་ཤེས། །སྤྱོད་པའི་ཟུང་འཇུག་མ་ཤེས་ན། །ཞེན་པ་རང་ལོག་ག་ལ་འོང། །ཞེས་བྱ་བ་ནི་གང་བཤད་པར་བྱ་བའི་ཆོས་སོ། །དེ་ལ་ལྟ་བའི་ཟུང་འཇུག་ནི་ཀུན་བྱང་གི་ཆོས་རྣམས་དོན་དམ་པར་མེད་མཉམ་ཡིན་ཀྱང་ཐ་སྙད་ཙམ་དུ་བླང་དོར་རྒྱུ་འབྲས་ཀྱི་རྣམ་གཞག་


GTD007_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བསྙོན་མེད་དུ་འཇོག་དགོས་པས་སྣང་སྟོང་གཉིས་འགལ་མེད་ཟུང་དུ་འཇུག་པའི་དོན་ཡིན་ཏེ། དེ་ལྟར་ན་འཁོར་འདས་གཉི་ག་ཐ་སྙད་ཙམ་དུ་མཆོག་དམན་དང། ཀུན་རྫོབ་པའི་དངོས་པོ་ལ་དྲི་མ་དག་མ་དག་གི་དབྱེ་བ་སོ་སོར་འབྱེད་རྒྱུ་ཡོད་ཀྱང། རང་བཞིན་ལ་དྲི་མའི་སླད་པ་མ་ཞུགས་པར་ཡོངས་སུ་དག་པ་ཁྱད་མེད་པས། ཆོས་ཐམས་ཅད་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་དག་པ་ཞེས་གསུངས་ཏེ། ཆོས་ཅན་གྱི་སྟེང་ནས་ཁྱད་འབྱེད་པ་མ་གཏོགས། འཁོར་བ་དང་མྱང་འདས་གཉི་གའི་སྟེང་གི་ཆོས་ཉིད་ཀྱི་ངོ་བོ་ལ་མི་འདྲ་བའི་དབྱེ་བ་འབྱེད་རྒྱུ་མེད་དོ། །དེའི་རྒྱུ་མཚན་གྱིས་ཤེར་མདོ་ལས། གཟུགས་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཞེས་སོགས་དང། རྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ། ཞེས་གསུངས་ཤིང། དབུ་མ་རྩ་བར་ཡང། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ནོ། །ཞེས་གསུངས། འདི་ལ་གཞུང་ཆེན་མོ་རྣམས་སུ་སྲིད་ཞི་མཉམ་ཉིད་ཀྱི་ཐ་སྙད་མཛད་ཅིང། ས་སྐྱ་པ་དང་བཀའ་བརྒྱུད་པ་རྣམས་ལ་ལྟ་བ་འཁོར་འདས་དབྱེར་མེད་ཅེས་གྲགས་སོ། །སྒོམ་པའི་ཟུང་འཇུག་ནི་སྡུག་བསྔལ་ཅན་གྱི་སེམས་ཅན་རྣམས་ལ་བརྩེ་བའི་གཞན་དབང་དུ་གྱུར་ཏེ་སངས་རྒྱས་ཐོབ་པར་འདོད་པས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན། འདིའི་ཟུང་དུ་འཇུག་ལུགས་ནི་སེམས་ཅན་གཞན་གྱི་སྡུག་བསྔལ་མཐོང་བའི་ཚེ་གཞན་ལ་སྡུག་བསྔལ་ཕྲ་མོ་ཙམ་


GTD007_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བར་མཐོང་ནའང་ཤའུ་ལ་མེ་ཕོག་པ་ལྟར་མི་བཟོད་པའི་བརྩེ་བ་དང། རང་ཐོག་ཏུ་དཀའ་སྤྱད་དང་སྡུག་བསྔལ་ཅི་ཙམ་བྱུང་ཡང་མི་སྐྱོ་བར་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ནས་དང་དུ་ལེན་ནུས་པའི་བཟོད་པའི་གོ་ཆ་གཉིས་ཟུང་དུ་འཇུག་དགོས་པ་ཡིན། དེའི་སྟོབས་ཀྱིས་སྡུག་བསྔལ་རྒྱན་དུ་ཤེས་ཚུལ་ནི་སྤྱོད་འཇུག་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ན། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེས། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་སོགས་སྡུག་བསྔལ་རྒྱན་དུ་ལྟ་ཚུལ་མང་དུ་གསུངས་ཏེ། དེ་དག་གི་དོན་བསྡུས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པས། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་སྟེ། །མི་འདོད་སྡུག་བསྔལ་ཆར་ལྟར་བབ་གྱུར་ཀྱང། །ལས་ངན་འབྲས་བུ་འཛད་པའི་རྒྱུར་མཐོང་ནས། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཞེས་གསུངས་ཏེ། དེ་ལྟར་བྱས་ན་རྐྱེན་ཅི་བྱུང་ཡང་རྒྱན་དང་དགེ་བའི་གྲོགས་སུ་འཆར་བས། བློ་སྦྱོང་རྩ་ཚིག་ལས། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྒོམ། །ཞེས་གསུངས་པ་ཡིན་ཞིང། མདོ་ལས་ཆོས་ཐམས་ཅད་བདེ་བར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གསུངས་པ་བསླབ་བཏུས་སུ་དྲངས་པ་ལྟར་རོ། །བཀའ་བརྒྱུད་གོང་མ་རྣམས། རྐྱེན་ངན་དགེ་བའི་བསྐུལ་མ་ཡིན། །སྡུག་བསྔལ་སྡིག་པའི་ཕྱགས་མ་ཡིན། །གསུངས་པ་སོགས་ཤིན་ཏུ་མང་ལ། ཟུང་དུ་འཇུག་རྒྱུའི་ཡ་ཅིག་ཤོས་གཞན་སྟེང་དུ་སྡུག་བསྔལ་བསྒོམ་པས་སྙིང་རྗེ་བསྐྱེད་དགོས་ཚུལ་ནི་ཤིན་ཏུ་གྲགས་ཆེ་བས་མ་སྤྲོས་སོ། །བོད་


GTD007_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལྟ་སྒོམ་སྤྱོད་གསུམ་དུ་གྲགས་ཀྱང་གཞུང་ཆེན་མོར་ལྷག་པའི་བསླབ་པ་གསུམ་དུ་གསུངས་པ་དེའི་ནང་གི་ཏིང་ངེ་འཛིན་གྱི་བསླབ་པ་དང། ཕར་ཕྱིན་དྲུག་ལས་བསམ་གཏན་གྱི་ཕར་ཕྱིན་ལ་བྱེད་པས་དེ་གཙོ་བོར་བྱང་ཆུབ་ཀྱི་སེམས་ལ་ངོས་འཛིན་དགོས་པ་རྒྱན་རྩ་འགྲེལ་དང་སྤྱོད་འཇུག་གིས་ཤེས་སོ། །སྤྱོད་པའི་ཟུང་འཇུག་ནི། རྙེད་སོགས་བཞི་ལ་དགའ་བ་དང། མ་རྙེད་པ་སོགས་བཞི་ལ་མི་དགའ་བ་མེད་པ་གཉིས་ཟུང་དུ་འཇུག་པ་སྟེ། མདོར་ན་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་བ་བཙན་ཆོད་དུ་བྱས་ནས་མགོ་སྙོམས་པ་ཡིན་པས། འདི་ལ་ནང་གསེས་ཀྱིས་ཕྱེ་ན་དཔལ་ནཱ་རོ་པ་ཆེན་པོའི་མན་ངག་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་གསལ་བར་མཛད་པ་སྐྱིད་སྡུག་ལམ་འཁྱེར། ལྷ་འདྲེ་ལམ་འཁྱེར་སོགས་རོ་སྙོམས་སྐོར་དྲུག་འབྱུང། མདོར་ན་སེམས་ཆགས་སྡང་གི་དབང་གིས་ཕྱོགས་རིས་སུ་གྱུར་པ་འགོག་པའི་ཐབས་རྒྱལ་བས་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཆོས་བརྒྱད་མགོ་མནན་ནས་བློ་སྦྱོང་བའི་ཐབས་ཤ་སྟག་ཡིན་ལ། དེའི་རྩ་བ་མཐར་གཏུགས་ན་ལྟ་བའི་གོ་བ་ཕུ་ཐག་ཆོད་པ་ལ་རག་ལས་ཏེ། བྱང་ཆུབ་སེམས་འགྲེལ་ལས། མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོ་སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའ། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཆོས་བརྒྱད་མགོ་སྙོམས་པ་ན་རྙེད་པ་དང་གྲགས་པ་སོགས་ཅི་ཙམ་བྱུང་ཡང་སྐྱུག་ནད་
ཅན་གྱིས་ཟས་མཐོང་བ་བཞིན་ཞེན་པ་གཏིང་ནས་ལོག་པ་ཞིག་འབྱུང་བ་ནི་སྤྱོད་པའི་ཟུང་འཇུག་ཤེས་པས་ཞེན་པ་རང་ལོག་འབྱུང་ཚུལ་ཡིན་ལ། རྒྱུ་མཚན་མཐའ་ཆོད་པ་དབུ་མ་རྩ་བ་དང་རྒྱལ་སྲས་ཞི་བ་ལྷས་རྙེད་བཀུར་ལོངས་སྤྱོད་སོགས་ཅི་ཙམ་བྱུང་ཡང་དེ་དག་དང་བཅས་ཏེ་གང་དུ་འདོད་པའི་གཏོལ་མེད་ཚུལ་གསུངས་པ་སོགས་ཀྱི་སྟེང་ནས་ཤེས་དགོས་སོ། །བསྟན་པའི་སྙིང་པོ་བསླབ་གསུམ་གྱི། །གནད་དོན་གདམས་པར་འཁྱེར་བའི་ཚུལ། །ཅུང་ཟད་བཀྲལ་བའི་དགེ་བའི་མཐུས། །བསྟན་པའི་སྙིང་པོ་རྒྱས་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་ཝང་ཀྱཱ་རབ་འབྱམས་པ་གྲགས་པ་རབ་བརྟན་གྱིས་བསྐུལ་བའི་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་ཡིད་ལ་ཤར་ཚོད་ཀྱི་ཐོ་ཙམ་ཞིག་སྐུ་འབུམ་previous hit བྱམསགླིང next hit་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།།


previousམདོའི་ཚིགས་བཅད་གསུམ་གྱི་དོན་ཅུང་ཟད་བཀྲལ་བ་སོགས་ལེའུ་ཚན་ཐོར་བུ་སྣ་ཚོགས།next