Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཕྱག་ལེན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousརབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཕྱག་ལེན།next

རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཕྱག་ལེན།


GTD007_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཕྱག་ལེན་མཐའ་དག་གསལ་བར་བཤད་པ་ལེགས་བྱས་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།


GTD007_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་སྐུ་ཡི་བཀོད་པའི་ཆུ་འཛིན་ཕྲེང༌། །ཡེ་ཤེས་བདེ་བ་ཆེན་པོའི་མཁར་འཕགས་ཏེ། །འགྲོ་ལ་དགེ་ལེགས་རྒྱ་མཚོའི་ཆར་འབེབས་པའ། །སྒྲིག་རིམ་མ་འཆོལ་དབྱར་རྔའི་དབྱངས་སུ་སྒྲོགས།། དེ་ཡང་པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་རབ་གནས་རྒྱས་པ་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་ཟུར་འདེབས་འགོད་པ་ལ། ཉེ་བར་མཁོ་བའི་ཡོ་བྱད་འདུ་བྱ་བ་དང༌། ཇི་ལྟར་ལག་ཏུ་ལེན་པའི་ཚུལ་གཉིས། དང་པོ་ནི། བླ་མའི་ཁྲིའི་མདུན་ནམ་གཡས་སུ་ཁྲུས་སྟེགས་གྲུ་བཞི། ཕྱོགས་རེར་ཁྲུ་བཞི་རེ། དཔངས་སུ་ཁྲུ་དོ་ཡོད་པ་དང༌། དེའི་སྟེང་དུ་ཁྲུས་དཀྱིལ་ཕྱི་ནས་རིམ་པ་བཞིན་དཀར་དམར་ནག་པའི་རྩིག་པ་རིམ་པ་གསུམ་གྲུ་བཞི་སྒོ་བཞི། དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད། དེའི་ཕྱིར་སྣམ་བུ་གྲུ་བཞི། དེ་ལ་


GTD007_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིའི་འདབ་མར་ཤར་ནས་གཡས་སྐོར་དུ་འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི་དཀར་སེར་དམར་ལྗང༌། མཚམས་བཞིར་ཤར་ལྷོ་ནས་གཡས་སྐོར་དུ། འཁོར་ལོ། རྡོ་རྗེ། པདྨ། རལ་གྲི་དཀར་སྔོ་དམར་ལྗང་རྣམས་ཀྱིས་མཚན་པ་རྡུལ་ཚོན་གྱིས་བྲི་བའམ། རས་བྲིས་སུ་བྱས་པའི་ཤར་གྱི་མཚན་མ་སློབ་དཔོན་ལ་བསྟན་ནས་དགབ། དེའི་དབུས་སུ་མེ་ཏོག་དང་ཀུ་ཤའི་གདན་ལ་གས་ཆག་སོགས་ཀྱི་སྐྱོན་མེད་པའི་ལྷ་བུམ་ལྷ་གྲངས་སམ། དེ་མ་འབྱོར་ན་མཚན་ཉིད་ཚང་བའི་རྣམ་རྒྱལ་བུམ་པ་དུང་ཆོས་གཟུངས་རྡོར་ཅན། དེའི་གཡོན་དུ་ལས་བུམ་སྟེ་གཉིས་ཀར་ཆུ་གཙང་དུ་བླ་མེད་ནས་བཤད་པའི་བུམ་རྫས་ཉེར་ལྔ་འདེབས་ཤིང་སོ་སོའི་བུམ་མཚན་གདགས། བུམ་པ་རྣམས་ཁ་དོག་རང་བཞིན་གྱིས་དཀར་བའམ། དཀར་རྩིས་བྱུགས་པ་དང༌།


GTD007_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པྲོག་གསུམ་འདང་ངེས་པའི་རས་སམ་གོས་དར་ཟུང་རེའི་མགུལ་ཆིངས་ཐོར་ཅོག་གསུམ་པའི་ཚུལ་དུ་བྱས་ལ། ཨོཾ་བཛྲ་ཤི་ཥ་ར་རུ་ཊ་མ་ཊ་ད་ཤཾ་བནྡྷ་ཧཱུཾ། ཞེས་བཟླ་ཞིང་སྲད་བུ་དཀར་པོ་བདུན་གྱིས་དཀྲིས། འོ་མ་ཅན་གྱི་ཤིང་གི་ཡལ་ག་འབྲས་བུ་དང་བཅས་པས་ཁ་རྒྱན་བྱ། ཤར་དང་ཤར་ལྷོ། ལྷོ་དང་ལྷོ་ནུབ་སོགས་ནས་གཡས་སྐོར་དུ་པད་འདབ་བརྒྱད་ལ་ཁྲུས་བུམ་བརྒྱད་ཀྱི་དང་པོར་ཀ་ར་བུ་རམ་སྦྲང་རྩི་སྟེ་མངར་གསུམ། གཉིས་པར་ཞོ། གསུམ་པར་ཁམ་སྟར་རྒུན་འབྲུམ་སོགས་འབྲས་བུའི་རིགས། བཞི་པར་ནས་འབྲས་གྲོ་སྲན་ཏིལ་ཏེ་འབྲུ་ལྔ། ལྔ་པར་ཙན་དན་དཀར་དམར་ག་པུར་གུར་ཀུམ་གླ་རྩིའམ་ཛ་ཏི་གང་རིགས་ཏེ་དྲི་ལྔ། དྲུག་པར་འབྲས་ཡོས། བདུན་པར་སླེ་ཏྲེས། ཀཎྜ་ཀཱ་རི། དབང་ལག །རྒྱ་མཚོའི་ལྦུ་བ། ཤུ་དག་སྟེ་བྱ་རྒྱུད་ནས་བཤད་པའི་སྨན་ལྔའམ། སྟག་ཚེར་བ། ཀཎྜ་ཀཱ་རི། གཞན་གྱིས་མི་ཐུབ་པ་དཀར་པོ། དབྱུག་པའི་ཨུཏྤལ། དབང་ལག་སྟེ་བླ་མེད་ནས་བཤད་པའི་སྨན་ལྔ་གང་རིགས། བརྒྱད་པར་གསེར་དངུལ་བྱི་རུ་མུ་ཏིག་མུ་མེན་ཏེ་རིན་པོ་ཆེ་ལྔ་རྣམས་ཆུ་གཙང་དང་སྦྱར་བ་སོ་སོར་བླུག །ཕལ་ཁྲུས་ཀྱི་འདག་རྫས་དང་པོ་སྦྲང༌། ཀ་ར། ཞོ། འོ་མ། མར་ཏེ་ཕྱིའི་བདུད་རྩི་ལྔའི་འདག་ཆལ། གཉིས་པ་དྲི་ཞིམ་པོའི་འབྲུ་མར་ཏེ། དེ་ཡང་འབྱོར་ན་སུག་སྨེལ།


GTD007_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཚ། སྤང་སྤོས། བ་ལེ་ཀ །ཙན་དན་དཀར་པོ་རྣམས་ཞོ་དོ་རེ་རས་དཀར་གཙང་མར་སོ་སོར་བཏུམ་སྟེ། ཏིལ་མར་བྲེ་བརྒྱད་ཀྱི་ནང་དུ་བཅུག་ནས་བསྐོལ་བ་བྲེ་དྲུག་ཙམ་བསྐམས་ནས་བྲེ་དོ་ལུས་པ་ལྟ་བུའམ། མ་འབྱོར་ན་ཏིལ་མར་ལ་དྲི་བཟང་བཏབ་པ་དང་སྤོས་ཀྱིས་བསྒོས་པའི་རྩི་མར་གཉིས། གསུམ་པ་ཤིང་ཤུན་གྱི་ཕྱེ་མ་ནི་གཞུང་ལས་ནྱ་ཀྲོ་དྷ་དང་ཨུ་དུམ་ཝ་ར་སོགས་ལྔ་གསུངས་ཀྱང་རྙེད་དཀའ་བས། དེའི་དོད་དུ་འོམ་བུ་སོགས་འོ་མ་ཅན་གྱི་ཤིང་གི་ཤུན་པའི་ཕྱེ་མ་སྐམ་པོ། འདི་ལ་བཀྲ་ཤིས་སྙེ་མར་ལུགས་འགའ་གསུངས། བཞི་པ་བའི་ཞོ། འོ་མ། མར། ལྕི་བ། ཆུ་སྟེ་བ་བྱུང་ལྔའི་འདག་ཆལ། ལྔ་པ་སྤོས་ཀྱིས་བསྒོས་པའི་མར། དྲུག་པ་སྐྱུ་རུ་རའི་ཕྱེ་མ་དང་སྲན་དཀར་གྱི་ཕྱེ་མ་སྐམ་པོ། བདུན་པ་གོང་གི་དྲི་བཟང་ལྔའི་འདག་ཆལ། བརྒྱད་པ་ཡུང་བ་སྟེ་སྒ་སེར་གྱི་ཕྱེ་མ་སྐམ་པོ་རྣམས་ཀྱི་དང་པོ་བདུད་རྩི་ལྔ་ཟངས་སྣོད་དང༌། གཞན་རྣམས་འཁར་བའི་སྣོད་དུ་བླུག །གཞུང་ལས་ཁྲུས་ཀྱི་སྐབས་འདག་རྫས་དང་པོ་དྲི་བཟང་གི་ལྡེ་གུ་དང༌། རྗེས་མ་དྲི་བཟང་གི་ཕྱེ་མ་ལ་བྱེད་པ་ལྟ་བུ་ཞིག་གསུངས་ཀྱང༌། གོང་དུ་རྫས་བཤམ་ཚུལ་གྱི་སྐབས་གསུངས་པ་དང༌། ལྕང་སྐྱ་གོང་མའི་ཟུར་འདེབས་ལས་བྱུང་བ་གཉིས་མཐུན་པར་འདི་བཞིན་ཡིན། མཆོག་ཁྲུས་


GTD007_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདག་རྫས་ལ། དྲི་བཟང་ལྔའི་འདག་ཆལ། དྲི་ཞིམ་པོའི་འབྲུ་མར། དྲི་བཟང་ལྔའི་ཕྱེ་མ་སྐམ་པོ་རྣམས་རིན་པོ་ཆེའི་སྣོད་དུ་བླུག་པ། དུར་སྔོན་གྱི་པིར་སྣོད་བཅས། ཁྲུས་རས་འབྱོར་ན་རས་དཀར་བཟང་པོ་ཁ་ཚར་དང་ཕུན་ཚར་མ་ཉམས་པའམ། མ་འབྱོར་ན་ཁ་བཏགས་སམ། གོས་དར་དཀར་པོ་སོགས་གཙང་མ་གང་འབྱོར་ལ་གུར་ཀུམ་གྷི་ཝཾ་ཙན་དན་སོགས་སྦྱར་བས་པདྨ་འདབ་བཞི། ལྟེ་བར་ཨོཾ། འདབ་མར་མདུན་ནས་གཡས་སྐོར་དུ་ཕྱོགས་བཞིར་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ རྣམས་དབུ་ཕྱིར་བསྟན་ཏེ་བྲི། འོན་ཀྱང་རྗེས་སུ་སྐུ་དབྱི་བའི་ཚེ། དེའི་རིམ་པ་དང་བསྟུན་པ་མ་ཡིན་པར་དབུ་དང་ཐུགས་ཀ་ལྟེ་བ། ཕྲག་པ་གཡས་གཡོན་རྣམས་རིམ་པས་ཕྱི་བའི་ཚུལ་གྱིས་བྱབས་པར་གསུངས། ཁྲུས་ཀྱི་མེ་ལོང་ཆེ་ལེགས་ལ་དབུས་སུ་ཧཱུཾ། མཐར་མདུན་ནས་གཡས་སྐོར་དུ་ཡེ་དྷརྨཱ་སྦྲུལ་འཁྱིལ་བ་ལྟར་རབ་ཚར་བདུན། ཐ་མ་ཚར་གཅིག་གུར་ཀུམ་སོགས་ཀྱིས་བྲིས་པ། བཀྲ་ཤིས་ཀྱི་འཐོར་འབྲུ་འབྲས་དཀར་སོགས་འབྲུ་གཙང་མ་དགེ་འདུན་ཚོགས་པ་མང་ཉུང་དང་བསྟུན་པའི་མི་ཉུང་བ་སྣོད་གཙང་མར་བླུག་བའི་སྟེང་དུ་བཞག །སྦྱང་ཆས་བགེགས་གཏོར་གཏོར་ཅོག་གསུམ་ཏིང་ལོ་ཆང་བུ་མཐེབ་ཀྱུ་རྣམས་གསུམ་རེ་སྣོད་བཅས། གུ་གུལ་གྱི་བདུག་པ། ཡུངས་ཀར་དང་ཆུ་གཙང་སྣོད་བཅས། ཁམ་ཕོར་དཀར་པོ། དུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆང་བུ། ཟན་ཆང༌། སེང་རས་རྣམས་བཞི་རེ་ཐུན་མོང་དུ་སྣོད་བཅས། ཉེ་རེག་གི་ཆུ་གཙང་དང་མེ་ལོང༌། སྟེགས་གཅིག་ལ་དྲི་ཆབ། མེ་ཏོག །མཆོད་


GTD007_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན། མར་མེ་སྟེ་མཆོད་པ་བཞི་སོ་སོར་སྣོད་བཅས། སྤོས་དཀར་མར་དང་སྦྱར་བའི་རིལ་བུ། སྤོས་ཕོར། ཁྲུས་གཞོང༌། གསོལ་གདབ་ཀྱི་ཚེ་བདུག་རྒྱུའི་དྲི་བཟང༌། ཚོགས་སུ་སྔ་ཕྱིར་འགྲེམ་རྒྱུའི་སྤོས་རེང༌། གོས་དར་བཟང་པོའི་ན་བཟའ་དམར་སེར་ཟུང༌། རྟེན་ལ་འགེབ་རྒྱུའི་ན་བཟའ་སེར་པོ། ཆུ་བཞིའི་གདན་སེར་པོ། ཆུ་བཞིའི་རྫས་ཞི་བའི་སྐབས་སུ་ནས། འོ་མ། མེ་ཏོག་དཀར་པོ། ཏིལ། ཀུ་ཤ། །འབྲས་ཡོས། ག་བུར། བདུད་རྩི་ལྔ་སོགས་གསུངས་ཀྱང༌། འདིར་རྒྱས་པའི་ལས་གཙོ་ཆེ་བས། ཏིལ། ཀུ་ཤ། །གུར་ཀུམ། མེ་ཏོག་སེར་པོ། བདུད་རྩི་ལྔ། ཞོ་རྣམས་དང༌། སྣོད་ཀྱང་འབྱོར་ན་གསེར་དང༌། མ་འབྱོར་ན་དུང་དང་ཉ་ཕྱིས་སོགས་མདོག་སེར་པོར་བསྒྱུར་བ་གསུམ་གྱི་ནང་དུ་བླུག་པ་དང༌། དེ་གསུམ་འབུལ་བའི་སྣོད་བཟེད་ཞལ་གསུམ་མཉྫི་དང་བཅས། གསེར་གྱི་མིག་ཐུར། གུར་ཀུམ་སོགས་མར་དང་སྦྲང་རྩིར་སྦྱར་བའི་མིག་སྨན་དངུལ་གྱི་རྐོང་བུར་བཞག་པ། སྙན་འབྲུ། རྨང་འཚེར། ཚེམས་ཤིང༌། ཞལ་ཐུར་རྣམས་འབྱོར་ན་རིན་པོ་ཆེ་ལས་བཟོས་པའམ་བྲིས་པའི་ཙ་ཀ་ལི། ཙ་རུའི་བཟའ་བར་གྲགས་པའི་ཟླུམ་གཏོར་ཆེ་བ་དཀར་པོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་མཐར་ཤ་ཆང་སྒོག་རིགས་མ་གཏོགས་པའི་ཟས་སྣས་བསྐོར་བ་དང༌། རྡོ་ཇ་གོ་ཡུ་གོ་ལའི་ཕྱེ་མ་དང་སྦྱར་བའི་སོ་རྩི་ཡང་བཤམ། རིན་པོ་ཆེའི་མཎྜལ། བཀྲ་ཤིས་རྟགས་བརྒྱད་སོགས་མངའ་དབུལ་གྱི་རྫས་རིན་པོ་ཆེ་སོགས་ལ་བཟོས་པའི་དངོས་སམ་བྲིས་པའི་ཙཀླི། སྔ་ཕྱི་ཅི་


GTD007_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པར་འབུལ་རྒྱུའི་ཉེར་སྤྱོད་ཀྱི་མཆོད་པ་སྟ་གོན་སྐབས་ཚར་བཅུ་དགུ་དང༌། དངོས་གཞིའི་སྐབས་ཉེར་གཉིས་ལས་མི་ཉུང་བ་སྣོད་བཅས། མེ་ཏོག་སྒྲུབ་པའི་ཚེ་མེ་ལོང་གི་ཡེ་དྷརྨཱ་བཀྲུ་བ་དང་དྲི་ཆབ་ལ་ལྡུག་རྒྱུའི་དྲི་བཟང་གི་ཆུ་བུམ་པའི་ནང་དུ་སྦྱར་བ། སྔོན་འགྲོའི་གཏོར་མ། ཡི་དམ་ལ་འབུལ་རྒྱུའི་གཏོར་མ། ཆོས་སྐྱོང་གི་གཏོར་མ། ཕྱོགས་སྐྱོང་གི་གཏོར་མ། དཀར་གཏོར། གཏོར་མ་སོགས་ལ་བྲན་རྒྱུའི་ཆུ་གཙང་དང༌། དེ་དྲན་བྱེད་ནང་མཆོད་ཐོད་པའི་སྣོད་བཅས། ཁྲུས་བུམ་འཛིན་མཁན་གྱི་གྲངས་དང་མཉམ་པའི་རྟེན་ཁེབས། རྡོར་དྲིལ་ཚོགས་པའི་གྲངས་མཉམ་དང༌། ཁྲུས་ཀྱི་ཚེ་རོལ་ཆེན་བྱེད་ན་སྦུབ་སིལ་རྔ་དུང་སོགས་ཀྱང་དགོས་ལ། མེ་ལོང༌། གྷི་ཝཾ། ཞོ། དུར་བ། བིལ་བ། དུང་དཀར། ལི་ཁྲི། ཡུངས་ཀར་ཏེ་བཀྲ་ཤིས་རྫས་བརྒྱད་ཀྱི་ཙཀླིའམ། རྫས་དངོས་ཡིན་ན་སྣོད་གཙང་མ་སོ་སོར་བཞག །རྒྱས་པའི་སྦྱིན་སྲེག་ལ་༸རྒྱལ་དབང་གིས་ཡམ་ཤིང་སྦོམ་ཕྲ་མཐེ་བོང་གི་ཚད། བཟོ་དབྱིབས་གྲུ་བཞིར་བྱེད་པར་གསུངས་ཀྱང༌། ད་ལྟ་ཕྱག་ལེན་ལ་ཤས་ཆེར་འོ་མ་ཅན་གྱི་ཤིང་གི་རྐེད་པའི་ཆ་ནས་བླངས་པའི་ཡམ་ཤིང་སྲིད་དུ་ཁྲུ་གང༌། སྦོམ་ཆང་པའི་ཚད་བཞི་རེ་ལྷན་དུ་བསྡམས་པ་དང༌། ལྷག་མ། མར་ཁུ་ཏིལ་དུར་བ་འབྲས་ཞོ་ཟན་ཀུ་ཤ་ཡུངས་ཀར་སོ་བ་ནས་སྲན་མ་གྲོ་རྣམས་ཞི་རྒྱས་གཉིས་ཀར་འདྲ་ཞིང༌། ཁྱད་པར་བའི་རྫས་ཞི་བ་ལ་འབྲུ་མར་གྱིས་བྱུགས་པའི་ཀུ་ཤ །ནས། ཏིལ། ཞོ། འོ་མ། འབྲས་ཟན། དུར་བ། ཙན་དན། པྲི་ཡང་ཀུ། ཐང་


GTD007_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། དྲི་ཞིམ་པོའི་མེ་ཏོག །འབྲས་ཡོས་རྣམས་སྦྲང་རྩི་སོགས་སུ་བསྙུགས་པ་དང་ནང་གི་བདུད་རྩི་ལྔ། རྒྱས་པ་ལ་འབྲས་ཆན་ཞོ་དང་བསྲེས་པ་ལ་མངར་གསུམ་གྱིས་སྦགས་པའི་ཟས་མཆོག་དང༌། ཞོ། སྦྲང་རྩི། ཏིལ་ནག །ཞོ་ཟན། ཞུན་མར་དང་བཅས་པའི་འབྲས། པདྨ་གེ་སར། ནཱ་ག་གེ་སར་དང་འབྲས་བུ་རྣམས་སྦྱར་བ། ཞི་བ་ལ་སྟོད་གོས་སྨད་གོས་དཀར་པོ་ཟུང༌། རྫས་གདན་དང་ཆུ་བཞིའི་གདན། གོས་ཟུང༌། རྫས་ཀྱི་སྣོད་སོགས་དཀར་པོ་དང༌། རྒྱས་པ་ལ་ཐམས་ཅད་སེར་པོ་དགོས། རྫས་དང་ཡོ་བྱད་སྒྲིག་དགོས་ཐམས་ཅད་སྟ་གོན་གྱི་སྔར་ཉིན་ནས་ཚགས་སུ་ཚུད་པ་བྱ། གང་དུ་བྱ་བའི་གནས་དེ་ས་ཆོག་སོགས་སྔོན་སོང་ཡིན་ན་དེས་འཐུས་ཤིང༌། མིན་ཚེ་ས་ཆོག་རྒྱས་བསྡུས་གང་རིགས་དང༌། མ་མཐའ་འང་ལས་མ་བརྩམ་པའི་གོང་ནས་ཡུལ་གྱི་གཞི་བདག་སོགས་ལ་མཆོད་གཏོར་སྔོན་དུ་བཏང་སྟེ་ལས་ཀྱི་སྦྱོར་བ་རྩོམ་དགོས་སོ།། ༈ གཉིས་པ་ཇི་ལྟར་ལག་ཏུ་ལེན་པའི་ཚུལ་ལ། སྟ་གོན། དངོས་གཞི། རྗེས་ཀྱི་རིམ་པ་གསུམ། དང་པོ་ནི། ནངས་སྔ་བར་འཚོགས་ཏེ་སྒྲུབ་པ་པོ་རྣམས་ཆོས་གོས་གྱོན། རྡོར་དྲིལ་བསྣམས་ནས་གྲལ་ལ་འཁོད། སྐྱབས་འགྲོ། ལྟུང་བཤགས། ཆོས་སྤྱོད་ཅི་རིགས་སོགས་སྐབས་དང་སྦྱར། དེ་ནས་སྐད་ཅིག་དཀྲོང་བསྐྱེད་བྱས་ལ། རྡོར་དྲིལ་བྱིན་རླབས་ནས་བདག་བསྐྱེད་མཆོད་པའི་བར་དཀྱུས་བཞིན་བྱ། ནང་མཆོད་བྱིན་རླབས་གསུང་བཞིན་པའི་སྐབས་


GTD007_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སྔོན་འགྲོའི་མཆོད་གཏོར་བཤམས་ཤིང༌། བསྔོས་ཟིན་པའི་མཚམས་སུ་མཆོད་གཏོར་གཤེགས། བདག་བསྐྱེད་མཆོད་པ་བྱིན་རླབས་ཀྱི་ཚེ་དེའི་མཆོད་མེ་དང་བདུག་སྦོས་སྤར་བ་སོགས་སྐབས་སོ་སོའི་མཆོད་པ་རྣམས་མཆོད་དཔོན་གྱིས་བློ་ལ་ངེས་པར་བྱས་ཏེ་དེ་དང་དེའི་བྱིན་རླབས་ཀྱི་ཚེ། དེའི་སྤོས་དང་མར་མེ་སོགས་སྦར་ན། དགེ་འདུན་རྣམས་ནས་ཀྱང་དམིགས་པ་གཏོད་སླ་བའི་ཁྱད་ཡོད་པས་ལག་ལེན་གང་ཞིབ་བྱ། བདག་བསྐྱེད་མཆོད་པའི་རྗེས་སུ་རྡོར་སེམས་བསྒོམ་བཟླས་དང༌། ཁཌྒ་དྷྲིཀ་གིས་བསངས་ནས་བུམ་ཆོག་རྒྱས་པ་གདངས་དང་བཅས་ཏེ་འདོན། དེའི་བཟླས་པའི་སྐབས་གཟུངས་ཐག་བླ་མའི་ཕྱག་ལ་འཇོག །བླ་མས་དབུ་བསྐུལ་ཏེ་གཙོ་བོའི་སྔགས་གསུམ་བརྒྱ་རྩ་རེ། ཡུམ་དང་འཁོར་གྱི་སྔགས་སོགས་བརྒྱ་རྩའམ་ཉེར་གཅིག་བདུན་སོགས་སྐབས་དང་བསྟུན། དེའི་རྗེས་སུ་ལས་བུམ་གྱི་ཁར་གཟུངས་རྡོར་སྤོས་ལ་ཁཌྒ་དྷྲིཀ་བརྒྱ་རྩ་བཟླ། དེ་རྗེས་གཟུངས་རྡོར་རྣམ་བུམ་གྱི་ཁར་སྤོས་ལ་ཐུན་མོང་དུ་བཛྲ་ཨུ་ད་ཀ་བརྒྱ་རྩ་དང༌། ཨོཾ་ཨཱ་ཧཱུཾ་བརྒྱ་རྩ་བཟླ། ཡིག་བརྒྱ་ལན་གསུམ་བརྗོད་ཅིང༌། དང་པོ་གཉིས་ཀྱི་སྐབས་སུ་གཟུངས་ཐག་དྲིལ། གསུམ་པའི་སྐབས་སུ་དྲིལ་བུ་དཀྲོལ་ཏེ། མཐར་མཆོད་ཡོན་གྱི་ཕྱག་རྒྱ་དང་བཅས་པས། ཧྲཱི་ཥྚྲཱིཿ དང༌། ཧཱུཾ་བདུན་བརྗོད་ཅིང་དུང་ཆོས་ཀྱི་ཆུས་བུམ་པ་གཉིས་ཀྱི་ལྷ་ལ་མཆོད་ཡོན་དབུལ། ལས་སྔགས་བརྗོད་ཅིང་མེ་ཏོག་གསུམ་གསུམ་དབུལ། གནྡྷེ་ནས་རོལ་མོའི་བར་གྱིས་མཆོད། ཁཌྒ་དྷྲིཀ་གིས་བསངས་


GTD007_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཇི་སྲིད་སོགས་ཀྱིས་འཕྲིན་ལས་བཅོལ་ཏེ་བུམ་ལྷ་འོད་ཞུ་བྱེད། དེ་ནས་ཚོགས་ཞིང་དང༌། འདིར་བདག་མདུན་འཇུག་པ་གཅིག་ཏུ་བྱེད་དགོས་པས། རང་ཉིད་རས་བྲིས་ཀྱི་དཀྱིལ་འཁོར་དེའི་དབུས་སུ་འཁོད་པར་མོས་ལ། ཁཌྒ་དྷྲིཀ་གིས་བསངས་ནས་སྔགས་གཉིས་བརྗོད་པ་མན་ཆད་འདྲ། མངལ་འབྱིན་གྱི་སྐབས་འཁོར་གྱི་ལྷ་སྤྲོ་ཚེ། ཤར་གྱི་མཚན་མ་དང་ངོ་བོ་དབྱེར་མེད་དུ་གྱུར། ཅེས་སོགས་བརྗོད། རྒྱས་གདབ་ཀྱི་མཇུག་ཏུ། རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཕྱེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀྱི་ཕྱི་རོལ་ཏུ་མཆོད་པའི་ལས་ལ་གནས་པར་གྱུར། དེ་ནས་མཆོད་པ་བྱིན་གྱིས་བརླབས་ལ། རྒྱལ་བ་རྣམ་གཙང་མ། རིན་ཆེན་དབང་རྒྱལ་མ། འཛམ་བུ་ཆུ་གསེར་མ་རྣམས་ཕྱག་རྒྱ་གདངས་བཅས་ཏེ་འདོན། ནང་མཆོད་ཀྱི་མཇུག་ཏུ། རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོ་དང་ཐ་མི་དད་པར་གྱུར། ཡབ་ཀྱི་གསང་གནས། ཞེས་པ༌ནས། སྙོམས་པར་ཞུགས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་དགྱེས་པར་གྱུར། འཇམ་དཔལ་གསེར་མདོག་མས་བསྟོད། དག་པ་དྲན་པ། ཕྲེང་ཆོག །བླ་མས་དབུ་བསྐུལ་ཏེ་བཟླས་པ་གང་འཚམ། གཏོར་མ་ཆང་ཆུ་ནང་མཆོད་གསུམ་གྱིས་བྲན་ནས་བྱིན་གྱིས་བརླབས་ཤིང་དཀྱུས་ལྟར་དབུལ། གཞི་བདག་གཏོར་མ་བསྔོས་ལ་དཀྱིལ་འཁོར་ཤུགས་འཇུག་བྱས་ཏེ་བདག་འཇུག་ལེན། དེ་ནས་འདག་རྫས་དང་ཁྲུས་བུམ་


GTD007_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་འཁར་བ་དང་ཞེས་སོགས་ཀྱིས་གཞུང་བཞིན་བསྒྲུབ། བུམ་པ་རང་རང་གི་སྔགས་བརྗོད་ཚེ་གཟུངས་རྡོར་ཤར་ནས་བརྩམས་ཏེ་རང་རང་གི་བུམ་པའི་ཁར་སྤོ། ཐུན་མོང་དུ་ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད་ཚེ་གཟུངས་རྡོར་ཤར་བུམ་གྱི་ཁར་སྤོས་ལ་ཡེ་དྷརྨཱ་ཡང་བཟླ། འབྲས་ཀྱི་སྟེང་དུ་མེ་ལོང་དབུས་སུ་གཟུངས་རྡོར་དང་བཅས་ཏེ་བླ་མའི་མདུན་དུ་བཞག །ལས་སྔགས་ཀྱིས་བསངས་ལ། ཡི་གེ་རྣམས་གྱེན་དུ་འགྲེང་ཞིང་ཞེས་སོགས་དང་ཡེ་དྷརྨཱ་ཅི་མང་བཟླས་ནས་མེ་ཏོག་གཞུང་བཞིན་བསྒྲུབ། བཟླས་པ་ཚར་བ་དང་དྲི་བཟང་གི་ཆུས་མེ་ལོང་སྟེང་གི་ཡེ་དྷརྨཱ་བཀྲུས་ནས་དེའི་ཆུས་མེ་ཏོག་ལ་ཁྱབ་པར་བྱ། དེ་ནས་ཡུངས་ཀར་དང་གུ་གུལ་བཤམས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཁྲོ་བོ་རྣམས་ཀྱི་ཐུགས་ཀ་ནས་རང་རང་གི་མཐུ་སྟོབས་དང་ནུས་པ་ཐམས་ཅད་རང་རང་གི་སྙིང་པོ་དང་ཧཱུཾ་ཡིག་དང་མེ་འོད་ལ་སོགས་པའི་རྣམ་པར་གྱུར་ནས་གུ་གུལ་ལ་ཐིམ་ཞིང༌། སླར་ཡང་ཁྲོ་བོ་རྣམས་ཀྱི་སྐུ་ལས་རང་དང་འདྲ་བའི་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་སྐུ་རྔམས་བརྗིད་དང་ལྡན་པ། ཞལ་ནས་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲ་སྒྲོགས་པ། ནམ་མཁའ་ནས་གློག་འཁྱུག་པ་ལྟར་བྱོན་ཏེ་ཡུངས་ཀར་ལ་ཐིམ་པར་གྱུར་པར་བསམས་ལ། ལས་སྔགས་བཟླས་ནས་ཡུངས་


GTD007_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་དང་གུ་གུལ་བསྒྲུབ། བསྒྲུབས་པའི་མེ་ཏོག་ནས་སློབ་དཔོན་ལ་སྣོད་ཀྱི་ནང་དང༌། ཚོགས་པར་ཕྱག་ཏུ་མེ་ཏོག་འཚམ་པ་རེ་བཀྱེ། ཐམས་ཅད་བཞེངས་ཏེ་དབུ་ནབ་བཞེས་ནས། གང་འདིར་བཅོམ་ལྡན་འདས་སོགས་གསོལ་འདེབས་བཞི་དལ་བུས་གསུངས་ཤིང༌། དེ་རེ་རེའི་མཇུག་ཏུ་མེ་ཏོག་འཐོར་ཞིང་དྲིལ་བུ་དཀྲོལ་བཞིན་དུ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ་སོགས་དང༌། ཡ་མཱནྟ་ཀ།།ཡང་རབ་ཏུ་གནས་བྱ་དེ་མགོན་པོའི་སྐུ་ལྟ་བུ་ཡིན་ན། ཨོཾ་བཛྲ་མཧཱ་ཀཱ་ལ་སོགས་སྐབས་གང་བབ་ཀྱི་སྔགས་བཅུག་པ་དང༌། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་བརྗོད་ལ། དེའི་ཚེ་མཆོད་དཔོན་གྱིས་བདུག་པ་བྱ། དེ་ནས་ས་ལ་བཞུགས་ཏེ་ཐལ་མོ་སྦྱར་ནས། ངོ་མཚར་ཆེན་པོ་ཞེས་སོགས་བརྗོད་ཅིང་མེ་ཏོག་འཐོར་ཏེ་སེམས་བསྐྱེད། རབ་ཏུ་གནས་བྱའི་རྟེན་རྣམས་ལ་ལས་བུམ་གྱི་ཆུ་གཏོར་ཏེ་ཁཌྒ་དྷྲིག་གིས་བསངས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། ཞེས་པ་ནས། གཡོན་པས་ཡབ་ལ་འཁྱུད་པ། ཞེས་པའི་བར་གྱི་མངོན་རྟོགས་བཞིན་བསྐྱེད། དགེ་ལེགས་ཆར་འབེབས་ཀྱི་དཔེ་རྣམས་སུ་ཀློང་དཀྱིལ་ན་བཞུགས་པ། དེའི་པང་ན་ཞེས་སྦྲེལ་འདུག་ཀྱང༌། ཕྱག་ལེན་ལ་དམ་ཚིག་སེམས་དཔའི་ཞེས་སོགས་བར་དུ་བཅུག་སྟེ། དཀྱིལ་ཆོག་རྡོ་རྗེ་འཕྲེང་བར་གསུངས་པ་བཞིན་སེམས་དཔའ་སུམ་བརྩེགས་ཅན་དུ་བྱེད་དགོས། རྟེན་བསྐྱེད་ཟིན་པ་དང་མཆོད་གཡོག་པས་མེ་ལོང་བཟུང་སྟེ་རབ་ཏུ་


GTD007_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱའི་རྟེན་གར་ཡོད་ཐམས་ཅད་ལ་སོ་སོར་བསྟན་ནས་ཕྱིར་ཁྱེར་འོངས་ཏེ་མགོ་མཇུག་མ་ལོག་པ་བྱས་ལ། ད་དུང་དཀྱིལ་འཁོར་དུ་གཞུག་པའི་སྐོར་རྣམས་བྱ་དགོས་པས་ཁྲུས་དཀྱིལ་དུ་མི་འགོད་པར་བླ་མའི་མདུན་ནམ་ཁྲུས་དཀྱིལ་གྱི་མདུན་ངོས་གང་བདེ་ཞིག་ཏུ་འཇོག །དེ་ནས་སློབ་མའི་བྱ་བ་རྣམས་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱིས་བྱས་ཏེ། གསོལ་འདེབས་ཀྱི་ཚིག་ཀྱང་གཙོ་བོར་དེ་རྣམས་ཀྱིས་བརྗོད་པ་ལ་རང་གིས་རྗེས་ཟློས་བྱས་པའི་ཚུལ་དུ་མོས་པ་སོགས་དམིགས་པའི་ཁ་བསྒྱུར་ཤེས་པར་བྱས་ན། བདག་སྒྲ་གང་ཡོད་ལ་མཐའ་གཅིག་ཏུ་རབ་ཏུ་གནས་བྱ་ཞེས་མ་བསྒྱུར་ཀྱང་སྐྱོན་མེད། སྒྱུར་བདེ་བ་རྣམས་ལ་རབ་ཏུ་གནས་བྱ་ཞེས་སྦྱར་ན་བློ་ལ་འཆར་བདེ་བས། འདོར་ལེན་ཤེས་པར་བྱས་ཏེ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཞབས་དྲུང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་སོགས་མཎྜལ་རྒྱས་པ་ཕུལ། རོ་ལངས་མ་དང་ཞེས་སོགས་ཀྱི་གསོལ་འདེབས་ལན་གསུམ། རབ་ཏུ་གནས་བྱའི་ལྷ་རྣམས་གཏི་མུག་གཤིན་རྗེའི་གཤེད་དཀར་པོ། ཞེས་པ་ནས། ནོར་བུ་དང་པདྨ་འཛིན་པར་གྱུར། ཨཱཿ ཁཾ་བི་ར་ཧཱུཾ་ཞེས་བརྗོད་པ་ན། སྟབས་འགྲིག་ཚེ་རྟེན་གྱི་ཕྱག་མཐིལ་དང༌། དེ་མིན་ན་རྟེན་ནམ་མེ་ལོང་གི་མདུན་དུ་འབྲུའི་ཚོམ་བུ་རེ་བཞག །ཨོཾ་ཙཀྵུ་བནྡྷ་ཞེས་སོགས་ཀྱི་སྐབས་སུ་རྟེན་ནམ་མེ་ལོང་ན་བཟའ་དམར་པོས་གཡོགས། ཁཌྒ་དྷྲིཀ་གིས་བསངས། དེ་ནས་སྡོམ་པ་འཛིན་པའི་


GTD007_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་སོགས་བཞག་ལ། རབ་ཏུ་གནས་བྱའི་ལྷ་རྣམས་རྡོ་རྗེ་འཇིགས་བྱེད་དུ་གྱུར། ཅེས་པ་ནས། གུ་རུ་ཙ་ར་ཎའི་སྔགས་བརྗོད་པའི་བར་དང༌། དེ་ནས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །རབ་ཏུ་གནས་བྱ་བཅུག་པ་འདིའ། །ཞེས་སོགས་བདེན་སྟོབས་བརྗོད་པ་ལན་གསུམ་དང༌། ཨོཾ་ཏིཥྛ་བཛྲ་ཧོཿ རབ་ཏུ་གནས་བྱའི་ལྷ་རྣམས་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོ་འཁོར་བཅས་ཀྱི་མདུན་ན་གནས་པར་གྱུར། ཨོཾ་སྥ་ར་ཎ་བཛྲ་ཧོཿ རབ་ཏུ་གནས་བྱའི་ལྷ་རྣམས་ཀྱིས་དཀྱིལ་འཁོར་པ་ལ་མེ་ཏོག་གཏོར་བར་བསམས་ལ་དངོས་སུ་བླ་མས་དོར། དེ་ནས། རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྙིང་གར་ཟླ་བ་ལ་ཧཱུཾ། ཞེས་པ་ནས། རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་པའི་སྐབས་སུ་སྔར་གཡོགས་པའི་གོས་དམར་པོ་དང་མེ་ཏོག་རྣམས་བསྡུས་ལ། ད་ནི་དད་པའི། ཞེས་པ་ནས། ས་མ་ཡ་ཧོ་ཧོ་ཧོ་ཞེས་པའི་བར་བརྗོད་པ་ནི་དཀྱིལ་འཁོར་དུ་འཇུག་ཚུལ་རྒྱས་པའི་དབང་དུ་བྱས་པ་ཡིན་ནོ།། ༈ ལྷ་དབང་བསྐུར་ཚུལ་རྒྱས་པ་མི་བྱེད་པའི་སྐབས་སུ། རྟེན་བསྐྱེད་ཚར་ནས་མེ་ལོང་བསྟན་ཟིན་ཏེ་ཕྱིར་འོངས་ནས་བཞག་པ་ན། གདོང་གཡོགས་ཀྱི་དོད་དུ་ན་བཟའ་དམར་པོས་གཡོགས་ཤིང་འབྲུའི་ཚོམ་བུ་དགོད། བར་འདིར་མཆོད་གཡོག་གཉིས་ཀྱིས་དར་དམར་པོ་སོགས་རྟེན་གྱི་མདུན་ནས་ཕན་ཚུན་དུ་འཐེན་ཏེ་བསྒྲིབ་པའི་ཚུལ་བྱས་ནས་སྡོད་པའི་ཕྱག་ལེན་ཡང་ཡོད་པར་སྣང༌། ཏིཥྛ་བཛྲ་ཞེས་བརྗོད་ལ་རབ་ཏུ་གནས་བྱ་རྣམས་དཀྱིལ་འཁོར་དུ་བཅུག་


GTD007_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས། ཨོཾ་སྥ་ར་ཎ་བཛྲ་ཧོཿ ཞེས་དེ་དག་གིས་དཀྱིལ་འཁོར་ལ་མེ་ཏོག་དོར་བར་བསམས་ཏེ། དངོས་སུ་བླ་མས་མེ་ཏོག་གཏོར། གདོང་གཡོགས་ཕྱེས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་བསྟན་པར་མོས་ཏེ་གོས་དམར་པོས་གཡོགས་པ་བསལ། ༈ དེ་ནས་གདན་ལ་རྟེན་བཞག་པ་ནི། རྟེན་རྣམས་ཁྲུས་དཀྱིལ་གྱི་སྟེང་དུ་བཞག་གཏུབ་ན་འདག་རྫས་རྣམས་དང་ཁྲུས་བུམ་རྣམས་ཕྱིར་བཀྱེད། རྣམ་བུམ་ཤར་གྱི་འདག་རྫས་ཀྱི་མདུན་དུ་བཞག །རྟེན་ཁྲུས་དཀྱིལ་གྱི་དབུས་ཀྱི་སྟེགས་ལ་བཞག །མི་བདེ་ན་མེ་ལོང་ཁྲུས་དཀྱིལ་གྱི་དབུས་སུ་འཇོག །ཨོཾ་ཨཱཿ ཧཱུཾ་དང་ཧྲཱིཿ ཥྚྲཱིཿ འཁྱིལ་བའི་སྔགས་རྣམས་ལན་བདུན་བདུན་བཟླས་ཏེ་ཆུ་བཞི་བྱིན་གྱིས་བརླབས། དག་ཅིང་དྲི་མེད་མ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་སོགས་ཀྱིས་གཞུང་བཞིན་དབུལ། ཁྲོ་བོའི་མཆོད་པ་འཇིགས་བྱེད་ལྟར་བྱིན་གྱིས་བརླབས། དེའི་ཚེ་ཚོགས་པར་ཡུངས་ཀར་བཀྲམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཁྲོ་བོའི་ཚོགས། ཞེས་པ་ནས། དྲག་པོའི་སྦྱང་བའི་བར་གཞུང་བཞིན་ལ། སུམ་བྷ་ནི་དང་ཧྲཱིཿ ཥྚྲཱིཿ བརྗོད་པའི་སྐབས་སུ་རོལ་མོའི་ཚམ་རྔམ་དང༌། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ་སྟེ། བགེགས་གཏོར་སྐྱེལ་མཁན་ལ་གཏད་ནས་རྟེན་ལ་གཡོན་སྐོར་བྱས་ཏེ་འདོར་དུ་གཞུག །དེ་ནས་སྦྱང་ཆས་རྣམས་བླ་མའི་མདུན་དུ་རིམ་པ་བཞིན་བཤམ། ལས་སྔགས་དང་ཧཱུཾ་བདུན་བརྗོད་ཅིང་བྱིན་གྱིས་བརླབས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཀན་ལ་ཡུངས་ཀར་བཟུང་ནས། ཨོཾ་སརྦ་པཱ་པཾ་སོགས་བརྗོད་ཅིང༌། གཡོན་


GTD007_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལན་གཉིས་བསྐོར་ཞིང་བྱབས་ནས་མེར་དོར། ཡང་སྔ་མ་ལྟར་བཟུང་ནས་སྔགས་བརྗོད་ཅིང་གཡས་སུ་ལན་གཉིས་བསྐོར་ཞིང་བྱབས་ནས་མེར་དོར། དེ་བཞིན་དུ་ཆུ་ནས་སེང་རས་ཀྱི་བར་གཡོན་དང་གཡས་སུ་གཉིས་གཉིས་བསྐོར་ཞིང་བྱབས་ནས་དོར། ཁམ་ཕོར་མན་ཆད་སྣོད་ནང་དུ་དོར་ཞིང༌། ཟན་ཆང་དང་བ་ལྕིའི་ཆང་བུའི་མཐེབ་རྗེས་རང་ལ་བསྟན། དུར་བའི་མྱུ་གུ་ཕྱིར་བསྟན་ཏེ་བཟུང་ནས་སྐོར་དགོས། དེ་ནས། ཆུ་གཙང་ཁ་རྣ་མིག་སྣ་ཁ། །ལག་ལྟེ་མགོ་ལ་ཉེ་རེག་བྱ། །དྲི་མེད་མཆོད་མར་བཞི་ཡིས་མཆོད། །ཅེས་པའི་ཚུལ་གྱིས་རྟེན་ནམ་མེ་ལོང་ལ་ཉེ་རེག་བྱ་ཞིང་མཆོད་པ་བཞི་དབུལ། སྤོས་དཀར་མར་དང་སྦྱར་བ་འཁྱིལ་བའི་སྔགས་དང་ཧཱུཾ་ལན་བདུན་བཟླས་ཏེ་བྱིན་གྱིས་བརླབས་ནས་བདུག །དེ་ནས་ཕལ་ཁྲུས་བྱེད་པ་ལ། མཆོད་དཔོན་གྱིས་ཕྲག་པ་གཡོན་པར་རྟེན་ཁེབ་དང༌། དེའི་སྟེང་དུ་ཁྲུས་རས་དགབ། གཞན་ཞིག་གིས་ཁྲུས་གཞོང་བཟུང་སྟེ་གཉིས་ཀ་བླ་མའི་གཡས་ཕྱོགས་དང༌། གཅིག་གིས་མེ་ལོང་བཟུང་ནས་གཡོན་ཕྱོགས་སུ་འགྲེང་སྟེ་འཁོད། ཁྲུས་བུམ་འཛིན་མཁན་བརྒྱད་ཀྱིས་སྣམ་སྦྱར་དང་ཞྭ་མོ་གྱོན་ཏེ་ཁྲུས་དཀྱིལ་གྱི་མཐའ་བསྐོར་ནས་སྡོད་པའམ། ཁྲུས་དཀྱིལ་དང་བླ་མའི་བར་དུ་གཡས་གཡོན་ལ་བཞི་རེ་གྲལ་བྱས་ནས་འགྲེང་སྟེ་འཁོད། གཡས་མ་བཞི་ལ་མངར་གསུམ་དང་ཞོ་འབྲས་བུ་འབྲུའི་བུམ་པ་བཞི་དང༌། གཡོན་མ་བཞིའི་གྲལ་མཇུག་ནས་ཡར་དྲི་བཟང་འབྲས་ཡོས་སྨན་རིན་པོ་ཆེའི་བུམ་པ་རྣམས་


GTD007_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དུ་གཞུག །ཕལ་ཁྲུས་ཚན་པ་གསུམ་གའི་སྔ་ཕྱིར་དགོས་པའི་འདག་རྫས། བྱུག་པ། དྲིལ་ཕྱིས་ཀྱི་རྫས་རྣམས་རིམ་པ་ལྟར་སྡེ་ཚན་དུ་བྱས་ཏེ་བླ་མའི་མདུན་ངོས་སུ་བསྒྲིག་ནས་བཞག །ཁྲུས་བུམ་འཛིན་མཁན་ཟུར་དུ་མེད་ན་གདོང་གྲལ་གཡས་ཀྱི་མགོ་ནས་བུམ་པ་བརྒྱད་ཀ་མཐར་ཆགས་སུ་བཀྲམ་སྟེ་འཛིན་དུ་གཞུག་པའམ། ཡང་ན་འདག་རྫས་དང་པོ། བུམ་པ་དང་པོ་དང་གཉིས་པ། དེའི་བྱུག་པ་གཉིས་དང་དྲིལ་ཕྱིས་ཀྱི་རྫས་དང་པོ། ཡང་འདག་རྫས་གཉིས་པ་དང༌། ཁྲུས་བུམ་གསུམ་པ། བཞི་པ། ལྔ་པ། བྱུག་པ་གཉིས་པ་དང་དྲིལ་ཕྱིས་ཀྱི་རྫས་གཉིས་པ། འདག་རྫས་གསུམ་པ་དང་ཁྲུས་བུམ་ཕྱི་མ་གསུམ། བྱུག་པ་དང་དྲིལ་ཕྱིས་གསུམ་པ་རྣམས་སྤེལ་ནས་ཚོགས་སུ་བཀྲམ་སྟེ་འཛིན་པའི་ཕྱག་ལེན་ཡང་ཡོད་པས་གང་བདེ་བྱ། གང་འདིར་ཞེས་སོགས་དང༌། རི་བོ་ལྟར་ནི་ཞེས་སོགས་གསུང་ཞིང༌། དེའི་ཚིག་བཞི་རེའི་མཚམས་སུ་མང་མས་དྲིལ་གསིལ་དང༌། ཁྲུས་བུམ་འཛིན་མཁན་རྣམས་ཀྱིས་བུམ་པ་ཡོ་བ་རེ་བྱ། དེ་ཡང་འཇིག་རྟེན་ན་ཁྲུས་བྱེད་པའི་ཚེ། དྲི་མ་འདག་སླ་བའི་ཕྱིར་དང་པོར་བུལ་ཏོག་ལྟ་བུས་ལུས་ལ་བྱུགས། དེ་ནས་བཀྲུ་ཁྲུས་བྱས་ཏེ་ལུས་ཀྱི་དྲི་མ་དག་པ་ན། བ་སྤུའི་སྒོ་ནས་རླུང་འཇུག་པ་འགོག་པའི་ཕྱིར་རྐང་མར་ལྟ་བུས་བྱུགས་ཏེ་བསྐུ་མཉེ་བྱེད། དེ་ནས་དེའི་སྣུམ་འདོན་པའི་ཕྱིར་སྲན་ཕྱེ་སོགས་ཀྱིས་དྲིལ་ཕྱིས་བྱེད་པ་དང་སྒོ་བསྟུན་པ་ཡིན་པས། རགས་བཤད་ལ་བརྒྱད་ཀར་འདག་རྫས་ཞེས་གསུངས་ཀྱང༌། ཞིབ་ཏུ་བྱས་ན། ཕྱིའི་བདུད་རྩི་ལྔ། བ་བྱུང་ལྔ། དྲི་ལྔ་སྟེ་འདག་ཆལ་


GTD007_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རིམ་བཞིན་ཕལ་ཁྲུས་ཚན་པ་གསུམ་གའི་སྔོན་དུ་བསྐུ་རྒྱུའི་འདག་རྫས་དངོས་ཡིན་ལ། འབྲུ་མར་དང་རྩི་མར་ནི་ཁྲུས་རེའི་རྗེས་སུ་བྱུག་རྒྱུའི་བྱུག་པའི་རྫས་དང༌། ཤིང་ཤུན་ཕྱེ་མ། སྐྱུ་རུ་ར་དང་སྲན་མའི་ཕྱེ་མ། ཡུང་བའི་ཕྱེ་མ་གསུམ་མཇུག་ཏུ་འདེབས་རྒྱུའི་དྲིལ་ཕྱིས་ཀྱི་རྫས་ཡིན་ནོ། །དེས་ན། བདུད་རྩི་ལྔ་སྐུས་མངར་གསུམ་ཞོ་ཡིས་བཀྲུ། །མར་གཉིས་བྱུགས་ཤིང་ཤིང་ཤུན་ཕྱེ་མས་ཕྱ། །བ་བྱུང་ལྔ་སྐུས་འབྲས་འབྲུ་དྲི་ཡིས་བཀྲུ། །མར་བྱུགས་སྐྱུ་རུ་ར་དང་སྲན་ཕྱེས་ཕྱ། །དྲི་བཟང་ལྔ་སྐུས་ཡོས་སྨན་རིན་ཆེན་ཆུས། །བཀྲུ་ཞིང་མར་བྱུགས་ཡུང་བའི་ཕྱེ་མས་ཕྱ། །ཞེས་སྡོམ་ཚིག་དང༌། ཚན་པ་སོ་སོའི་འདག་རྫས་རྣམས་གཙང་ཞིང་མ་དང༌། ཁྲུས་བརྒྱད་ཀ་རྒྱལ་བ་རྣམས་གཙང་མ། བསྐུ་མཉེ་རྣམས་མི་ཕྱེད་མ། དྲིལ་ཕྱིས་རྣམས་རང་བཞིན་དག་པ་མ་སྟེ་སོ་སོའི་སྔགས་དང་བཅས་པའི་སྒོ་ནས་བྱེད་དགོས་པ་ངེས་པར་བྱས་ལ། དང་པོ། གཙང་ཞིང་དྲི་མ་མི་མངའ་ཡང༌། །ཞེས་སོགས་ཀྱི་མཇུག་ཏུ་སྔགས་བརྗོད་ཚེ་མེ་ལོང་ངོས་ཀྱི་གཟུགས་བརྙན་ཤར་བ་ལ་འདག་རྫས་དང་པོ་བདུད་རྩི་ལྔའི་འདག་ཆལ་དུར་བའི་པིར་གྱི་རྩེ་ལ་བླངས་ནས་བྱུགས། ཀཱ་ཡ་བི་ཤོ་དྷ་ཞེས་སོགས་ཀྱི་སྐབས་སུ་པིར་གྱིས་དྲུད་དེ་མཉེད་པའི་ཚུལ་བྱ། དེ་ནས་ཁྲུས་བུམ་དང་པོ་བླ་མའི་ཕྱག་ཏུ་ཕུལ་ཏེ། རྒྱལ་བ་རྣམས་ནི་ཞེས་སོགས་ཀྱིས་ཁྲུས་བྱ། ཁྲུས་ཟིན་པ་དང་གཡོན་གྱི་གྲལ་མགོ་མར་གཏད་དེ། རིམ་པ་བཞིན་གཡས་གྲལ་པ་རྣམས་ཀྱིས་རང་རང་གི་ལག་གི་བུམ་པ་གོང་མ་གོང་མར་བརྒྱུད་


GTD007_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མའི་ཕྱག་ཏུ་འབུལ་ཞིང༌། གཡོན་གྲལ་གྱིས་བླ་མའི་ཕྱག་ནས་བྱུང་རིམ་བཞིན་མར་བརྒྱུད་ལ། དེ་ཕྱོགས་ཀྱི་བུམ་པ་རྣམས་གཡས་གྲལ་མཇུག་ནས་ཡར་གཏོང༌། ཁྲུས་བུམ་དང་པོ་གཡོན་གྱི་གྲལ་མཇུག་ཏུ་སླེབ་པ་ན་དེའི་ཤར་གྱི་པད་འདབ་ལ་འགོད་པ་སོགས་ཚར་རིམ་བཞིན་ཁྲུས་བུམ་བརྒྱད་ཀ་རང་རང་གནས་སུ་འགོད་དགོས། བུམ་པ་དང་པོ་གཉིས་ཀྱི་ཁྲུས་ཟིན་པ་ན། མི་ཕྱེད་རྡོ་རྗེ་མའི་མཇུག་ཏུ་དྲི་ཞིམ་པོའི་འབྲུ་མར་དང་རྩི་མར་གྱིས་བྱུགས་ལ་དུར་བའི་པིར་གྱིས་མཉེ། རང་བཞིན་མའི་མཇུག་ཏུ་ཤིང་ཤུན་གྱི་ཕྱེ་མ་བཏབ་ནས་དུར་བས་དྲུད། ཡང་གཙང་ཞིང་མའི་མཇུག་ཏུ་བ་བྱུང་ལྔའི་འདག་པ་བསྐུས། འབྲས་བུའི་བུམ་པ། འབྲུའི་བུམ་པ། དྲིའི་བུམ་པ་རྣམས་ཀྱིས་ཁྲུས་དང༌། སྤོས་མར་གྱིས་བྱུགས་པ། སྐྱུ་རུ་ར་དང་སྲན་ཕྱེས་དྲིལ་ཕྱིས་བྱ། དེ་ནས་དྲི་བཟང་ལྔའི་འདག་ཆལ་བསྐུས་ལ། འབྲས་ཡོས་ཀྱི་བུམ་པ། སྨན་གྱི་བུམ་པ། རིན་པོ་ཆེའི་བུམ་པ་རྣམས་ཀྱིས་ཁྲུས་དང༌། འབྲུ་མར་གྱིས་བྱུགས་པ། ཡུང་བའི་ཕྱེ་མ་བཏབ་སྟེ་དྲིལ་ཕྱིས་བྱེད་པའི་ཚེ་དུར་བའི་པིར་གྱིས་དྲུད་ཚུལ་སོགས་སྔར་བཞིན་བྱ། ཕལ་ཁྲུས་རྫོགས་པ་དང་མེ་ལོང་ཁྲུས་དཀྱིལ་གྱི་དབུས་སུ་ཕྱིར་བཞག །དེ་ནས་མཆོག་ཁྲུས་བྱ་བ་ལ། དབང་ལྷའི་མཆོད་པ་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཤེགས་པ་དང་གཤེགས་མ་ཞེས་སོགས་དང༌། རྡ་ོརྗེ་ཅན་གྱིས་ཞེས་སོགས་གཞུང་བཞིན་དང༌། མཆོད་དཔོན་གྱིས་རྣམ་རྒྱལ་བུམ་པ་བཏེག་ལ། བཀྲ་ཤིས་གང་ཞིག་ཅེས་སོགས་ཚིག་བཞི་རེ་རེའི་མཐའ་དྲིལ་


GTD007_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གསིལ་ཞིང་མེ་ཏོག་འཐོར། ཁྲུས་ཀྱི་ཁང་པ་ཞེས་སོགས་ཀྱིས་ཁྲུས་ཁང་བསྐྱེད། ཁྲུས་དཀྱིལ་གྱི་དབུས་ནས་མེ་ལོང་བླངས་ཏེ་གཅིག་གིས་བླ་མའི་གཡོན་ཕྱོགས་སུ་བཟུང༌། མཆོག་ཁྲུས་ཀྱི་འདག་རྫས། སྤོས་མར་གྱི་བྱུགས་པ། དྲི་བཟང་གི་ཕྱེ་མ་རྣམས་རིན་པོ་ཆེའི་སྣོད་དུ་བཞག་པ་དུར་བའི་པིར་རེ་དང་བཅས་པ་དང༌། ཁྲུས་གཞོང༌། ཁྲུས་རས་རྣམས་བླ་མའི་མདུན་དུ་སྒྲིག །སྟོང་གསུམ་ཀུན་ཏུ་ཞེས་སོགས་ཀྱི་མཇུག་ཏུ་དྲི་བཟང་ལྔའི་འདག་ཆལ་དུར་བའི་པིར་གྱིས་བླངས་ནས་བྱུགས་ཤིང་དྲུད། རྣམ་བུམ་གྱི་ཆུ། ལས་བུམ་མམ། བུམ་པ་གཞན་ཞིག་ཏུ་བླུག་པ་བླ་མའི་ཕྱག་ཏུ་བསྣམས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ་ཞིང༌། སྐབས་འདིའི་ཁྲུས་རྣམས་ལ་རྔ་སྦུབ་སོགས་རོལ་ཆེན་ཡང་བྱས་ན་ལེགས། མི་ཕྱེད་རྡོ་རྗེ་སོགས་ཀྱིས་དྲི་ཞིམ་པོའི་འབྲུ་མར་བྱུགས། རང་བཞིན་དག་པ་ཞེས་སོགས་ཀྱིས་དྲི་བཟང་གི་ཕྱེ་མ་འདེབས། དེ་དག་སྐུ་ལ་སོགས་ཀྱི་མཐར་རིགས་ལྔའི་ས་བོན་བཀོད་པའི་རས་ཀྱིས་དབྱི། ཡང་སྟོང་གསུམ་ཀུན་ཏུ་མས་འདག་ཆལ་བྱུགས་ལ། ཕྱིན་དྲུག་གི་ཚིགས་བཅད་རེ་རེའམ། གཉིས་གསུམ་རེས་ཁྲུས་གསོལ་བའི་མཚམས་སུ། མི་ཕྱེད་མས་བྱུག་པ་དང༌། རང་བཞིན་མས་དྲིལ་ཕྱིས། དེ་དག་སྐུ་ལ་མས་སྐུ་དབྱི་བ་གསུམ་པོ་བཅུག་ནས་བྱེད་པ་རྒྱས་པའི་ཕྱག་ལེན་ཡིན་ལ། འོན་ཀྱང་ལན་རྗེས་མའི་སྐབས་སུ། རང་བཞིན་དག་པ་མ་དང༌། དེ་དག་སྐུ་ལ་མའི་བར་དུ། སྐུ་མཆོག་རྣམ་དག་ནས། དམ་པའི་སྐུ་


GTD007_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བདག་གིས་ཐོབ་པར་ཤོག །ཅེས་ཁྲུས་གསོལ་བའི་དགེ་བ་བསྔོ་བ་དང༌། དེ་དག་སྐུ་ལ་མའི་མཇུག་ཏུ། བདེ་གཤེགས་སྐུ་གསུམ་ཞེས་སོགས་ཀྱིས་ཕྱིས་པའི་དགེ་བ་བསྔོ། བསྔོ་བ་འདི་གཉིས་ཁྲུས་རྗེས་མའི་སྐབས་མ་གཏོགས་མི་དགོས་ཀྱང༌། སྟོང་གསུམ་ཀུན་ཏུ་མ་དང༌། བྱུག་པ། དྲིལ་ཕྱིས། སྐུ་དབྱེའི་ཚིགས་བཅད་རྣམས་སྔ་ཕྱི་ཀུན་གྱི་འགོ་མཇུག་ཏུ་སྦྱོར་དགོས། ༈ འབྲིང་དུ་བྱེད་ན། དང་པོར་སྟོང་གསུམ་ཀུན་ཏུ་མས་འདག་ཆལ་བྱུགས། ཇི་ལྟར་བལྟམས་པ་དང་སྔགས་གཉིས་ཀྱིས་ཁྲུས། དེ་བཞིན་དུ། ཁྱོད་ནི་སྦྱིན་པའི་ནས། སྔགས་གཉིས། ཁྱོད་ནི་ཚུལ་ཁྲིམས། སྔགས་གཉིས་སོགས་རིམ་པར་སྦྱར་ལ། གང་ལ་ཉེས་པ་ཞེས་སོགས་སྔགས་གཉིས་དང་བཅས་པའི་བར་མཐར་ཆགས་སུ་བརྗོད་དེ། མཇུག་ཏུ། མི་ཕྱེད་མ། རང་བཞིན་མ། སྐུ་མཆོག་མ། དེ་དག་སྐུ་ལ་མ། བདེ་གཤེགས་སྐུ་གསུམ་མ་རྣམས་ཚར་གཅིག་བརྗོད་པ་ཡིན་ཞིང༌། ༈ བསྡུས་པ་ལ། ཁྲུས་དངོས་གཞི་ཇི་ལྟར་བལྟམས་པ་གཅིག་པུས་ཆོག་པས། ཁྱོད་ནི་སྦྱིན་པའི་ཞེས་སོགས་ནས། གང་ལ་ཉེས་པ་ཞེས་པའི་བར་མི་དགོས་ཤིང༌། དེ་དག་སྐུ་ལ་མའི་སྔ་ཕྱིར་བསྔོ་བ་གཉིས་འཇུག་དགོས། ༈ དེ་ནས་དྲི་དང་གོས་རྒྱན་རྣམས་འབུལ་བ་ནི་མཆོད་གཡོག་པས་མེ་ལོང་བླ་མའི་ཕྱག་ཏུ་ཕུལ། དྲི་བཟང་གི་ཆུ་བཏེག་ནས་བཟུང་ལ། སྟོང་གསུམ་ཀུན་ཏུ་ཞེས་སོགས་ཀྱིས་བླ་མས་ཕྱག་གིས་མེ་ལོང་བྱུགས། རྟེན་ཁེབ་ཕྱག་ཏུ་བསྣམས་ནས། སྣ་ཚོགས་དབང་པོའི་ཞེས་སོགས་ཀྱིས་གོས།


GTD007_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྒྱན་ཕྲེང་ངམ། རྒྱན་གྱི་ཙ་ཀ་ལི་ཕྱག་ཏུ་བསྣམས་ཏེ། བདེ་གཤེགས་སྐུ་མཆོག་ཅེས་སོགས་ཀྱིས་རྒྱན་དབུལ། དེ་ནས། རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཞེས་སོགས་ཀྱིས་ཡེ་ཤེས་པ་སྤྱན་འདྲེན། མཆོད་པ་བྱིན་གྱིས་བརླབས། དྲི་མེད་ཡིད་དུ་སོགས་ཀྱིས་ཆུ་གསུམ། ལྷ་ཡི་མེ་ཏོག་སོགས་ཀྱིས་ཉེར་སྤྱོད་རོལ་མོ་དང་བཅས་པའི་བར་གཞུང་བཞིན་བྱ། དེ་ནས་མཆོད་དཔོན་གྱིས་སྤོས་བཀྲམ། བདག་ཉིད་ཀྱི་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་གྱུར། ཅེས་བརྗོད་ཅིང་དབུ་ཞྭ་བཞེས་ལ། པུས་མོ་གཡས་པ་བཙུགས། སྤོས་ཐོགས་ཏེ། ཐུགས་རྗེ་ཡིས་ནི་ཞེས་སོགས་ལན་གསུམ་གདོན་ཞིང༌། སང་ནི་རབ་གནས་ཞེས་དང༌། སང་ནི་ཡང་དག་བགྱིད་པར་གྱུར། །ཞེས་པ་དང༌། བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པ་རྣམས་ཀྱི་སྐབས་སུ་དྲིལ་བུ་དཀྲོལ། དེ་ནས་སྤོས་ཕྱིར་བསྡུས་ལ། ལྷ་རྣམས་ཀྱི་ཞེས་སོགས་དང༌། མཆོད་པ་བྱིན་གྱིས་བརླབས། ཆུ་གསུམ་ཉེར་སྤྱོད་རོལ་མོའི་བར་སྔགས་ཀྱིས་དབུལ། སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡ་སོགས་ཀྱི་སྐབས་སུ་ཐལ་མོ་སྦྱར་ཏེ་ཕྱག་བྱ། གཉིས་མེད་ཐུན་མོང་མ་ཡིན། ཞེས་པ་ནས། འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟོད་པ་གཤེགས་གསོལ་དང་བཅས་པ་གཞུང་བཞིན་བྱ། རྟེན་དངོས་ལ་དྲི་བཟང་བྱུགས་པ་མི་བདེ་ན། མེ་ལོང་དང་དྲི་བཟང་བླ་མའི་ཕྱག་ཏུ་ཕུལ་ཏེ། ཐུགས་ཀ། །མགྲིན་པ། དཔྲལ་བ།


GTD007_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས། སྤྱི་གཙུག་རྣམས་སུ་དྲི་བཟང་བྱུགས། ཡང་ན་རྟེན་དངོས་ལ་དེ་ལྟར་བྱུགས་པའི་སྟངས་ཀ་བྱས་ཀྱང་རུང་ངོ༌། །ཡང་མཆོད་པ་བྱིན་གྱིས་བརླབས་ལ། རྟེན་ཅིང་འབྲེལ་པར་ཞེས་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱངྱཾ་སོགས་ཀྱིས་ཆུ་གསུམ་ཉེར་སྤྱོད་རོལ་མོ་དང་བཅས་པ་དབུལ། ཧྲཱིཿ ཥྚྲཱིཿ དང་འཁྱིལ་བའི་སྔགས་བཟླ་བཞིན་དུ་རྟེན་དམ་ཚིག་པའི་ཐུགས་ཀ།།མགྲིན་པ། སྤྱི་བོ་རྣམས་སུ་རྡོ་རྗེས་རེག་སྟེ་བགེགས་མི་འཇུག་པའི་ཕྱིར་རྟེན་དང་བདག་ཉིད་བསྲུང་བའི་དམིགས་པ་བྱ། ཁྲུས་སྟེགས་ཀྱི་མདུན་དུ་སྟེགས་དམའ་བ་ཞིག་གི་ཁར་ཕྱོགས་སྐྱོང་གི་མཆོད་གཏོར་བཤམ། མཆོད་པ་བྱིན་རླབས་དང༌། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་ཁྲོ་བོ་གཤིན་རྗེའི་གཤེད་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ། ཞེས་པ་ནས། ཞགས་པས་བཅིངས་ཏེ་བཀུག་ནས་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་འོག་ཕྱོགས་མཚམས་རྣམས་སུ་འཁོད་པ་ནི། ཤར་དུ་དབང་པོ། ཞེས་པ་ནས། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པར་གྱུར། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེའི་གཤེད་ཕྱག་ན་ཕུར་བུ་ཐོགས་པ། ཞེས་པ་ནས། ཡུམ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་ཞེས་སོགས་སྔོན་འགྲོའི་སྐབས་བཞིན་བྱས་ལ། བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་ཇི་སྲིད་རབ་ཏུ་གནས་པའི་བྱ་བ་མ་རྫོགས་པ་དེ་སྲིད་དུ་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་འོག་ཕྱོགས་མཚམས་རྣམས་སུ་འཁོད་ནས་བགེགས་རྣམ་


GTD007_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཟློག་པའི་འཕྲིན་ལས་མཛོད་ཅིག །ཅེས་ཕྱོགས་གཏོར་ཕུལ་ལ། རྟེན་རྣམས་ན་བཟའ་སེར་པོས་བཀབ་ནས་འཇོག །གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ། མཆོད་བསྟོད། བཟོད་གསོལ། ཤིས་བརྗོད་རྣམས་དཀྱུས་ལྟར་བྱ་སྟེ་སྟ་གོན་གྱི་རིམ་པའོ།། ༈ གཉིས་པ་དངོས་གཞི་ལ། སྐད་ཅིག་དཀྲོང་བསྐྱེད། རྡོར་དྲིལ་བྱིན་རླབས་ནས། རྡོར་སེམས་བསྒོམ་བཟླས། བུམ་ཆོག །ཚོགས་ཞིང་ནས་ཕྱོགས་སྐྱོང་གཏོར་མའི་བར་དང༌། གཞི་བདག་གཏོར་མ་བསྔོས། དཀྱིལ་འཁོར་ཤུགས་འཇུག །གྲུབ་ན་བདག་འཇུག་ཀྱང་ལེན། དེ་ནས་ཁྲུས་བུམ་དང་མེ་ཏོག །ཡུངས་ཀར། གུ་གུལ་རྣམས་སྔར་ཉིན་ལྟར་བསྒྲུབ། གསོལ་གདབ་སེམས་བསྐྱེད་གཉིས་བཞག་སྟེ། རྟེན་སེམས་དཔའ་སུམ་བརྩེགས་ཡུམ་བཅས་སུ་བསྐྱེད། ཡབ་ལ་འཁྱུད་པ་ཞེས་པའི་འཕྲོར། དཀྱིལ་འཁོར་དུ་འཇུག་པའི་སྐོར་རྣམས་དོར་ལ། ཆུ་བཞི་བསྒྲུབས་ཏེ་འབུལ་བ། སྦྱང་བའི་སྐོར་དང༌། ཕལ་ཁྲུས། མཆོག་ཁྲུས། དྲི་དང་གོས་རྒྱན་འབུལ་བའི་བར་སྟ་གོན་གྱི་སྐབས་བཞིན་བྱ། དེ་རྗེས་བཞེངས་ཏེ་གསོལ་འདེབས་དང༌། བཞུགས་ནས་སེམས་བསྐྱེད་པ་སྔར་དང་འདྲ། དེ་ནས། ལྷ་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་ཀྵིཾ་དང་འཁོར་ལོ་ལས། ཞེས་པ་ནས། ནོར་བུ་དང་པདྨ་འཛིན་པ་ཞེས་པའི་བར་གྱིས་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས། བསྡུ་ན། ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་ལས་ཞེས་སོགས་གཞུང་བཞིན་བྱ། རྟེན་སྔ་མ་ཨར་ཆོག་བྱས་པའི་མེ་ལོང་ཡོད་ན་སྐབས་འདིར་སྤྱན་འདྲེན་


GTD007_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས། ལས་ཀྱི་རྡོ་རྗེས་ཨར་ཆོག་གི་མེ་ལོང་གང་ན་ཡོད་པ་དེར་ཕྱིན་ནས་ཕྱག་གསུམ་བཙལ། སྤོས་རོལ་མཆོད་རྫས་ཐོགས་པ་དུ་མས་མདུན་བསུས་ཏེ་སྤྱན་དྲངས་ནས་སློབ་དཔོན་གྱི་མདུན་དུ་སྟེགས་ཀྱི་སྟེང་དུ་བཞུགས་སུ་གསོལ། དེའི་མདུན་དུ་མཆོད་པ་ཚར་གཅིག་བཤམས་ལ་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿ ཧཱུཾ་བཾ་ཧོཿ རྟེན་རྙིང་པའི་དམ་ཚིག་པ་དང་ཡེ་ཤེས་པ་རྣམས་རྟེན་གསར་པ་དང་གཉིས་སུ་མེད་པར་གྱུར། མཆོད་གཡོག་པས་སྤོས་བཀྲམ་སྟེ། ཐམས་ཅད་ཀྱིས་སྤོས་དང་རྡོར་དྲིལ་བསྣམས་ནས། མ་ལུས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་སྤྱན་དྲངས། མཆོད་པ་བྱིན་གྱིས་བརླབས་ཏེ་ཕུལ་ལ། བདག་ཉིད་ཀྱི་ལྕེ་ཧཱུཾ་ལས་ཞེས་སོགས་དང༌། སྤོས་ཐོགས་ཏེ་གསོལ་བ་ལན་གསུམ་འདེབས་པ་སོགས་སྔར་ཉིན་དང་འདྲ་ཡང༌། སང་ནི་ཞེས་པ་རྣམས་ད་ལྟ་ཞེས་པར་བསྒྱུར་དགོས། ཡེ་ཤེས་པ་བསྟིམ་ནས་དབང་བསྐུར་བ་ལ། ༈ བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་གཤེགས་པ་དང་གཤེགས་མ་ཞེས་སོགས་གཞུང་བཞིན་དང༌། ༈ རྒྱས་པར་བྱེད་ན་མཎྜལ་ཕུལ་ལ། སངས་རྒྱས་ཤེས་རབ་ཆེན་པོ་ཡིས། །ཞེས་སོགས་ཀྱིས་གསོལ་བ་གདབ། ཨོཾཁཌྒ་དྷྲིཀ་ཧཱུཾ་ཕཊ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རབ་ཏུ་གནས་བྱའི་ལྷ་རྣམས་དྲངས་པ་ཞལ་ནས་ཞུགས། ཞེས་པ་ནས། སྟོང་པའི་ངང་ལས་རབ་ཏུ་གནས་བྱའི་ལྷ་རྣམས་ཧཱུཾ་དང་རྡོ་རྗེ་ལས། ཞེས་པ་ནས། བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་གནས་བྱའི་ལྷ་རྣམས་མི་བསྐྱོད་པར་བྱས་པ་ལ་དབང་བསྐུར། ཞེས་པ་ནས།


GTD007_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་འཁོར་བཅས་ཐམས་ཅད་རབ་ཏུ་གནས་བྱའི་ལྷ་རྣམས་ལ་དབང་བསྐུར་བའི་ཕྱིར་དུ། ཞེས་པ་ནས། གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་ཕྱོགས་སུ་འཛིན། ཞེས་པ་ནས། ཛཿ ཧཱུཾ་བཾ་ཧོཿ རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟའི་བར་དང༌། དེ་ནས་རིག་པའི་དབང་ཕྱི་མ་ལའང་འདི་བཞིན་བྱ། དེ་ནས་མཎྜལ་ཕུལ་ཏེ། གང་གིས་བདག་ནི་ཁྱོད་དྲིན་ལས། །ཞེས་སོགས་གསོལ་འདེབས། ཨོཾ་ཁཌྒ་དྷྲིཀ་ཧཱུཾ་ཕཊ། བླ་མ་དང་གཙོ་བོ་ཐ་མི་དད་པའི། ཞེས་པ་ནས། རབ་ཏུ་གནས་བྱའི་ལྷ་རྣམས་རྡོ་རྗེ་འཆང་དུ་གསལ་བས་ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་བྱས་ནས། ཞེས་པ་ནས། རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་ལུས་ཀྱི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་ནས་གསང་དབང་གི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེས་སོགས་གསོལ་འདེབས་དང༌། རབ་ཏུ་གནས་བྱའི་ལྷ་རྣམས་གཏི་མུག་གཤིན་རྗེའི་གཤེད་དང༌། བླ་མ་དང་གཙོ་བོ་ཐ་མི་དད་པ་དཔལ་རྡོ་རྗེ་འཇིགས་བྱེད། ཅེས་པ་ནས། བདེ་སྟོང་དབྱེར་མེད་དེ་ཉིད་གསང་དབང་གི་དངོས་གཞི་ཡིན་ནོ།། དབང་གསུམ་པའི་དོན་དུ་མཎྜལ་ཕུལ་ལ། གསོལ་གདབ་ནས། རབ་ཏུ་གནས་བྱའི་ལྷ་རྣམས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད། ཅེས་པ་ནས། ལྷན་སྐྱེས་ཀྱི་དགའ་བ་ནི་དབང་གསུམ་པའི་ངོ་བོ་ཡིན་ནོ། །


GTD007_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་པའི་དོན་དུ་མཎྜལ་ཕུལ་ལ། ཁྱོད་ཞབས་པདྨའི་བཀའ་དྲིན་སོགས་གསོལ་འདེབས་དང༌། རབ་ཏུ་གནས་བྱའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། ཞེས་པ་ནས། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། །དེ་ནས་གཏང་རག་གི་མཎྜལ་དབུལ། གོང་དུ་གདོང་གཡོགས་འཆིང་བ་སོགས་ཀྱི་རིགས་པ་སྦྱར་ན་དབང་རྫས་གཞན་རྣམས་ཀྱང་གཏད་དུ་རུང་བ་ཙམ་སྣང་ཡང༌། ལག་ལེན་ཆ་མཚུངས་སྟབས་བདེ་བ་ཞིག་མི་འོང་བས། དེ་ལས་དཀྱིལ་འཁོར་གྱི་ལྷ་དང༌། རབ་ཏུ་གནས་བྱའི་ལྷས་ཕན་ཚུན་བླ་མ་དང་སློབ་མའི་ཚུལ་དུ་བྱས་པའི་དམིགས་པ་གསལ་འདེབས་པའི་ཕྱིར། དེ་གཉིས་ཀའི་རྗེས་སུ་ཟློས་པའི་ཚུལ་གྱིས་དབང་ཆོག་གི་ཚིག་མ་ཆད་པར་བརྗོད་དེ། དབང་རྫས་འདེག་རྒྱུ་དང་ཕྱག་རྒྱ་སོགས་ཀྱི་རིགས་ཐམས་ཅད་བཞག་ན་འབྲེལ་ཆགས་པར་འོང་ངོ༌། །དེ་ལྟར་དབང་བསྐུར་རྒྱས་བསྡུས་གང་རུང་བྱས་ཟིན་པ་དང་མཆོད་པ་བྱིན་གྱིས་བརླབས་ལ། ཆུ་བཞི་ཉེར་སྤྱོད་རོལ་མོའི་བར་གཞུང་བཞིན་དབུལ། བསྟོད་པ་འཇམ་དཔལ་གསེར་མདོག་མའམ། ཡང་ན། གཉིས་མེད་ཐུན་མོང་ནས་འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །ཅེས་པ་ནས། དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད། བླ་མས་རྟེན་ཁེབ་བཏེག་སྟེ། སྲབ་འཇམ་ཡང་པ་ཞེས་སོགས་དང༌། རྒྱན་གྱི་ཙ་ཀ་ལི་བཏེག་ལ། རྒྱལ་བ་མཚན་དཔེའི་ཞེས་སོགས་དང༌། མེ་ལོང་བཏེག་ནས། ཨ་


GTD007_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི་མེ་ལོང་ཞེས་སོགས་ཀྱིས་མེ་ལོང་ལྷ་ལ་ཕུལ་བ་ཡིན་གྱི། གོང་དུ་རྟེན་རྣམས་ལ་བསྟན་ནས་ཚུར་གདན་དྲངས་པའི་མེ་ལོང་དེ་ཉིད་བསྟན་པ་མིན་ནོ། །དེ་ནས་རྒྱས་པའི་སྦྱིན་སྲེག་བྱ་བ་ལ། ཁ་བྱང་དུ་ཕྱོགས་པར་ཐབ་ཀྱི་དབྱིབས་གྲུ་བཞི། རྒྱར་ཁྲུ་དོ། དེའི་ཕྱིར་མུ་རན་སོར་བརྒྱད། དེའི་ཕྱི་རོལ་ཏུ་ཁ་ཁྱེར་སོར་བརྒྱད་པ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། ཐབ་ཀྱི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བ་རིན་པོ་ཆེ་ཆ་དགུ་པ་སོར་དྲུག་ཅན་རྡོ་རྗེས་མཚན་པའམ། ཡང་ན་རིན་པོ་ཆེ་རྐྱང་པ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ལ་ས་སེར་དང་དྲི་སེར་པོས་བྱུགས་ཤིང་མེ་ཏོག་སེར་པོ་གཅལ་དུ་དགྲམ། རྡོ་རྗེ་མཁའ་འགྲོར། གཡོན་དུ་ཆུ་ཡི་སྣོད་བཞག་སྟེ། །སྦྱིན་སྲེག་ཡོ་བྱད་གཡས་སུ་འོ། །ཞེས་པ་ལྟར། གོང་དུ་བཤད་པ་བཞིན་གྱི་རྫས་དང་མཆོད་པ་གཡས་ཕྱོགས་དང༌། ཆུ་བཞི་གཡོན་གྲལ་དུ་བཤམས་པ་སོགས་ཕྱག་ལེན་ལྟར་བྱས་ལ། སྟན་མཐོན་པོར་བཟང་པོའི་འདུག་སྟངས་ཀྱིས་འཁོད་པའམ་དེར་མོས། ངག་འདོན་ཕལ་ཆེར་འདྲ་ཡང༌། སཾ་དང་རྡོ་རྗེ་ལས་རྡོ་རྗེ་འཛིན་པ་སེར་པོ་སེར་མཐིང་དཀར་བའི་ཞལ་གསུམ་ཞེས་དང༌། ཡེ་ཤེས་ཀྱི་ཐབ་ཁ་དོག་སེར་ཞིང་དབྱིབས་གྲུ་བཞི་པ། མུ་རན་ཁ་ཁྱེར་དང་བཅས་པ། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་ཞེས་སོགས་དང༌། མེ་ལྷ་སྐུ་མདོག་སེར་པོ་སེར་མཐིང་དཀར་བའི་ཞལ་གསུམ་ཞེས་སོགས་དང༌། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་སེར་པོ་ལ་རཾ་ཡིག་ཅེས་སོགས་


GTD007_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང༌། དེའི་ཚེ་ལག་པ་གཉིས་ཁུ་ཚུར་བཅིངས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་འཛིན། སྤེལ་ཚིག་ནི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་འབྱོར་གཟི་བརྗིད་དང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་ཀྱི་བྱ་བ་དང༌། ཁྱད་པར་དུ་ཡང་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་མཆོད་པའི་སྤྲིན་ཚོགས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་བརྗོད་དེ་རྫས་སོ་སོ་ལ་ཁ་བསྒྱུར་མི་དགོས། འདས་ལྷའི་སྐབས་སུ། རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན། ཞེས་པའི་མཚམས་སུ། མང་མས་ལྷ་སྤྱན་འདྲེན་གྱི་དམིགས་པ་དང་བཅས་དྲིལ་བུ་དཀྲོལ་བཞིན་པར་བཞུགས། ལས་ཀྱི་སློབ་མ་གཅིག་གིས་སྣམ་སྦྱར་དང་ཞྭ་གྱོན་ནས་སོང་སྟེ་རྟེན་གྱི་དྲུང་དུ་ཕྱག་གསུམ་བཙལ། བདག་ཅག་དཔོན་སློབ་ཡོན་བདག་དང་བཅས་པ་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་བའི་སླད་དུ་སྦྱིན་སྲེག་འབུལ་བས། ཐབ་ཀྱི་གཞལ་ཡས་ཁང་གི་ནང་དུ་གཤེགས་པར་ཞུ། ཞེས་བརྗོད་དེ་ལག་པ་གཡོན་པས་སྤོས་འཛིན། གཙོ་བོ་ཡབ་ཡུམ་གྱི་སྔགས་བརྗོད་ཅིང་རྟེན་གྱི་དྲུང་ནས་མེ་ཏོག་རེ་བླངས་ལ་རྟེན་ཁེབ་སོགས་ཀྱི་ཁུད་དུ་བཟུང༌། རབ་ཏུ་གནས་བྱའི་ལྷ་ལས་རང་འདྲ་གཉིས་པ་ཞིག་བྱོན་པར་མོས་ནས་མཆོད་རོལ་དང་བཅས་ཐབ་ལ་གཡས་སྐོར་བྱས་ནས་གདན་དྲངས་ཏེ་བླ་མའི་ཕྱག་ཏུ་ཕུལ་བ་ན། མང་མས་དྲིལ་བུ་དཀྲོལ་བ་མཚམས་བྱེད། བླ་མས་གཙོ་བོ་ཡབ་


GTD007_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་སྔགས་བརྗོད་དེ་མེ་ཏོག་ཐབ་ཏུ་དོར་བ་དང༌། གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ། དེ་གཉིས་ཀྱི་སྐུ་ལས་འོད་ཟེར་སེར་པོའི་ཚོགས་འཕྲོ་བར་གྱུར། ཅེས་དང༌། ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་སེར་པོ་ཞེས་དང༌། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པས་སངས་རྒྱས་ཀྱིས་བུམ་པ་སེར་པོ་བདུད་རྩི་སེར་པོས་གང་བ་ཐོགས་ནས་བསྒྲུབ་བྱ་ཟླ་བ་སེར་པོ་ལ་གནས་པ་ལ་དབང་བསྐུར་བས། ཚེ་དཔལ་སྟོབས་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་རྣམས་རྒྱས་ཤིང་རིན་པོ་ཆེའི་ཆར་བབས་པས་ཕུན་སུམ་ཚོགས་པའི་དཔལ་དང༌། གཟི་བརྗིད་འབར་བར་གྱུར། ཅེས་བརྗོད། སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའི་འཕྲོར། བླ་མས་གཙོ་བོ་ཡབ་ཡུམ་གྱི་སྔགས་དང༌། ཨོཾ་ཨཱཿ ཧཱུཾ་བཛྲ་མུཿ ལྷ་རྣམས་མེ་ལྷའི་ཐུགས་ཀ་ནས་གཤེགས་ཏེ། རབ་ཏུ་གནས་བྱའི་ལྷ་སོ་སོ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད་ལ་ལས་ཀྱི་རྡོ་རྗེའི་ལག་ཏུ་གཏད། དེས་ཀྱང་སྔར་བཞིན་སྤྱན་དྲངས་ཏེ་རྟེན་ལ་གཏོར། ཕྱིར་འོང་གི་བར་དུ་མང་མས་དྲིལ་བུ་དཀྲོལ་ཞིང་གཞན་རྣམས་དཀྱུས་དང་འདྲ། དེ་ནས་ནང་དུ་ཕེབས་ཏེ་བླ་མས་མིག་སྨན་མིག་ཐུར་བཏེག་ནས་འབྱེད་པའི་སྟངས་ཀ་དང་བཅས་སྤྱན་དབྱེ་ཞིང༌། སྙན་དབྱེ། ཤངས་དབྱེ། ཞལ་དབྱེའི་ཐུར་མ་རྣམས་ཀྱང་དངོས་སུ་བཟོས་པ་ཡོད་ན་སོ་སོར་དབྱེ་བའི་སྟངས་ཀ་བྱ་ལ། མེད་ན་རང་རང་གི་ཙ་ཀ་ལི་བཏེག་སྟེ་ཚིགས་བཅད་རྣམས་བརྗོད། ཙ་རུ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ་གཞུང་བཞིན་དབུལ། དེ་ནས་ཞལ་


GTD007_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་དང་མཆོད་ཡོན་དབུལ། མཆོད་གཡོག་པས་སོ་རྩི་བཏེག་སྟེ། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱ། ཞེས་སྔགས་ཀྱིས་དབུལ། དེ་ནས་གཟུགས་བསྒྱུར་ནི། བླ་མས་རྡོ་རྗེ་དང་བཅས་པའི་ཕྱག་གིས་རྟེན་སོ་སོའི་གནས་རྣམས་སུ་རེག་ལ། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ ཨཱཿ དང༌། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་སོགས་ཀྱི་ཚིགས་བཅད་བརྗོད་ལ། ཧྲཱིཿ ཥྚྲཱིཿ དང་ཡ་མཱནྟ་ཀ །ཨོཾ་ཨཱ་ཧཱུཾ་རྣམས་ཅི་མང་བཟླ། འོན་ཀྱང་ཚིགས་བཅད་བརྗོད་རྒྱུ་འཇོག་པའི་ཕྱག་ལེན་ཡང་ཡོད་ལ། སྔ་མ་འགའ་ཞིག་གིས་ཆོས་སྐྱོང་བསྒོ་བའི་སྐབས་སུ་འདོན་པར་ཡང་བཤད་དོ།། སྔར་བསྟན་ནས་ཁྲུས་དཀྱིལ་དུ་གདན་དྲངས་པའི་མེ་ལོང་ཡང་སྐབས་འདིར་རྟེན་ལ་ཕྱིར་བསྟན་ཏེ། དམ་ཡེ་མཐའ་དག་སྐུ་གསུང་ཐུགས་རྟེན་སོ་སོའི་རྣམ་པར་གྱུར་པར་བསམས་ལ། རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ཞུ་བ་ལས་བྲིས་འབུར་གྱི་སྐུ་དང༌། གསུང་རབ་ཀྱི་ཡིག་འབྲུ་སོ་སོ། མཆོད་རྟེན་དང་གཙུག་ལག་ཁང་སོགས་ཀྱི་རྣམ་པ་ཅན་དུ་གྱུར། ཅེས་བརྗོད། སྐུ་གསུང་ཐུགས་རྟེན་གང་རུང་རེ་ཙམ་ཡིན་ན་སྐབས་དང་སྦྱར་བའི་འདོར་ལེན་ཤེས་པར་བྱ། དེ་ནས་མངའ་དབུལ་གྱི་མཆོད་པ་ཆུ་བཞི། ཉེར་སྤྱོད་རོལ་མོ། འདོད་ཡོན་ལྔ་རྣམས་གཞུང་ལྟར་བྱིན་གྱིས་བརླབས་ལ། དག་ཅིང་དྲི་མེད། བསོད་ནམས་ཞིང་དུ། ཁ་དོག་དབྱིབས་ལེགས་སོགས་ཀྱི་ཚིགས་བཅད་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཞེས་སོགས་སྦྱར་ཏེ་འབུལ། སརྦ་ཏ་ཐཱ་ག་ཏ་གུ་རུ་བུདྡྷ་སོགས་ཀྱིས་ནང་མཆོད། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད་པ་རྣམས་གཞུང་བཞིན་བྱ། མཎྜལ་རྒྱས་


GTD007_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་གང་རིགས། རྟགས་བརྒྱད་ཀྱི་ཙ་ཀ་ལི་བཏེག་སྟེ་སོ་སོའི་ཚིགས་བཅད་རྣམས་རིམ་པར་བརྗོད་ཅིང༌། དེ་བཞིན་གཤེགས་དང་ཞེས་སོགས་ཀྱི་སྐབས་སུ་རྣམ་བུམ་གྱིས་ཁྲུས་གསོལ། དེ་ནས་གོས། རྒྱན། འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན་རྣམས་གཞུང་བཞིན་ཕུལ་ལ། རྒྱལ་བ་མགོན་པོ་ཞེས་སོགས་ཀྱི་ཚེ་རྣམ་བུམ་མམ། བུམ་རྫས་ཉེར་ལྔས་བཀང་བའི་བུམ་པ་ལོགས་སུ་ཡོད་ན་དེ་བཏེག་ལ་ཕུལ། གདུགས། འབྲུ། རིན་ཆེན་བདུན། སྨན་རྣམས་རིམ་པར་བཏེག་ཅིང་ཤིས་པ་བརྗོད་པའི་བར་སྤྱིའི་མངའ་དབུལ་ཆ་ཚང་བར་བྱ་ཞིང༌། བྱེ་བྲག་གི་མངའ་དབུལ་གང་དགོས་རབ་ཏུ་གནས་བྱའི་རྟེན་གྱི་གཙོ་བོ་ལོངས་སྤྲུལ་གང་གི་རྣམ་པ་ཅན་དང༌། གསུང་རབ་སོགས་གང་ཡིན་པ་དེ་དང་བསྟུན་ནས་འདོར་ལེན་གཞུང་བཞིན་དུ་བྱ། དེ་ནས་སྔར་བསྒྲུབས་པའི་མེ་ཏོག་གི་ལྷག་མ་ཚོགས་སུ་དགྲམ། གཟུངས་རྡོར་རྟེན་གཙོའི་ཐུགས་ཀའམ་ཕྱག་མཐིལ་ལྟ་བུ་གང་བདེ་དང༌། གླེགས་བམ་སོགས་ཀྱི་སྟེང་དུ་བཞག །རྟེན་གཞན་མང་པོ་ཡོད་ན་མཆོད་གཡོག་པས་གཟུངས་ཐག་རྡོ་རྗེ་བཟུང་སྟེ་རྟེན་སོ་སོའི་ཐུགས་ཀར་བཞག་པའི་ཚུལ་བྱ་ལ། སློབ་དཔོན་གྱིས་གཟུངས་ཐག་གི་སྣེ་ནས་བཟུང་སྟེ་ཡེ་དྷརྨཱ་ཅི་མང་བཟླ། འཇིགས་བྱེད་ཀྱི་ཤིས་བརྗོད་བྱ་ཞིང་མེ་ཏོག་གི་ཆར་དབབ། མེ་ཏོག་འཐོར་བཞིན་པར་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། གང་མང་བརྗོད་ཅིང་བརྟན་བཞུགས་བྱ། མེ་ཏོག་དང་བཅས་ཐལ་མོ་སྦྱར་ལ། ཇི་ལྟར་སངས་རྒྱས་ཐམས་ཅད་ན། །ཞེས་པ་ནས། མི་བསྐྱོད་རྡོ་རྗེ་མས་བསྟོད་པའི་བར་གཞུང་


GTD007_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱ། ཉིན་རེ་གཉིས་ལ་གཏང་རག་གི་མཆོད་པ་མདོར་བསྡུས་རེ་དང་། འཇིགས་བྱེད་ཀྱི་ཤིས་བརྗོད་དང༌། རབ་རྫོགས་མས་ཤིས་བརྗོད་གཉིས་གང་རུང་རེ་བྱ། ༈ ཉིན་གསུམ་པ་ལ་ཡི་དམ་ཆོས་སྐྱོང་གི་མཆོད་གཏོར་རྒྱས་པར་བཤམ། རྡོར་སེམས་བསྒོམ་བཟླས་དང་བུམ་ཆོག་བཞག་ལ། ཚོགས་ཞིང་གི་མགོར་བསང་བ་དང༌། མངལ་འབྱིན། གསང་མཆོད་སོགས་བདག་མདུན་འཇུག་པ་གཅིག་པའི་སྒྲུབ་ཚུལ་སྔར་ཉིན་བཞིན་བྱ་ལ། སྦྱིན་སྲེག་གི་ཆོ་ག་དཀྱུས་དང་འདྲ་ཞིང༌། སྤེལ་ཚིག་ལ། རྒྱས་པར་ན། ཀུན་རིག་ཊཱིཀ་ཆེན་གྱི་འཕྲིན་ལས་སྐབས་སུ་འབྱུང་བ་ལྟ་བུའམ། བསྡུ་ན། རབ་ཏུ་གནས་བྱའི་རྟེན་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་དང་མཛད་པ་འཕྲིན་ལས་ལ་བརྟེན་ནས་བསྟན་འགྲོའི་ཕན་བདེ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་བརྗོད། འདས་ལྷ་བསྐྱེད་སྐབས། ཟླ་བའི་གདན་ཟུང་རེ་རེ། ཞེས་པའི་བར་གཞལ་ཡས་ཁང་གདན་བཅས་སྒྲུབ་ཐབས་བཞིན་བསྒོམ། དེ་ནས་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་གྱི་དྲུང་ནས་མེ་ཏོག་གདན་འདྲེན་ཚུལ་སོགས་སྔར་ཉིན་དང་འདྲ། བླ་མས་གཙོ་འཁོར་ཐམས་ཅད་ཀྱི་སྔགས་བརྗོད་དེ་མེ་ཏོག་ཐབ་ཏུ་དོར། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ། ཞེས་པ་ནས། མིའི་ཐོད་པ་བདུད་རྩིས་གང་བ་བཞི། ལྷ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བར་གྱུར། ཅེས་གསལ་འདེབས་ཤིང༌། མེ་ཏོག་ཕྱིར་སྤྱན་འདྲེན་པའི་ཚེ་གཙོ་འཁོར་ཚང་མའི་སྔགས་དང༌། ཨོཾ་ཨཱཿ ཧཱུཾ་བཛྲ་མུཿ ལྷ་རྣམས་མེ་ལྷའི་ཐུགས་ཀ་ནས་


GTD007_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཏེ་དཀྱིལ་འཁོར་གྱི་ལྷ་སོ་སོ་དང་གཉིས་སུ་མེད་པར་གྱུར། ཅེས་ལས་ཀྱི་རྡོ་རྗེ་ལ་མེ་ཏོག་གཏད་ཅིང་ལྷག་མ་དཀྱུས་དང་འདྲ། ༈ འོ་ཐུག་སྒྲུབ་ན་མེ་ལྷ་གཤེགས་གསོལ་གྱི་རྗེས་སུ། ཐབ་ཀྱི་མེ་ལ་མཉྫིའི་སྟེང་དུ་སྣོད་ནག་པོ་མ་ཡིན་པ་དྲི་དཀར་པོས་བྱུགས་ཤིང་མེ་ཏོག་གི་ཕྲེང་བ་བཅིངས་ཏེ། ཧཱུཾ་ཞེས་བརྗོད་ཞིང༌། སྣོད་དེ་ཉིད་ཧཱུཾ་ལས་བྱུང་བར་མོས་ནས་བཞག །ཧྲཱིཿ ཥྚྲཱིཿ བཟླ་བཞིན་དུ། འོ་མ། འབྲས་མ་གྲུག་པ། མར། སྦྲང་རྩི། ཀ་ར་སྟེ་རྫས་ལྔ་གཟར་བུ་གཉིས་གང་རུང་གིས་བླུགས་ལ་བསྐོལ་ཏེ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས། དཀྱིལ་འཁོར་པའི་ལྷ་དང་ཆོས་སྐྱོང་ཕྱོགས་སྐྱོང་གཞི་བདག་རྣམས་ལ་འབུལ་རྒྱུ་སྣོད་གཙང་མ་སོ་སོར་བླུག །ཨོཾ་དཱི་བྱ་ཨགྣེ་ས་མ་དྷི་དྷྱ་ན་པྲཱྀཎ་ནེ་སྭཱཧཱ། ཞེས་པས་བསྔགས་ཏེ་དབུལ། དེ་ནས་སློབ་དཔོན་སྒྲུབ་གྲོགས་དང་བཅས་པར་བྲིམས་ཏེ། དེ་བཞིན་གཤེགས་པའི་ལྷག་མ་འདི། །སྡིག་པ་རྣམ་པར་ཉམས་བྱེད་གསོལ། །ཞེས་བརྗོད་ནས་ལོངས་སྤྱོད་ཅིང༌། ཡོན་བདག་སོགས་དེར་འཁོད་ཐམས་ཅད་ལ་སྦྱིན་ཞིང་ཤིས་བརྗོད་བྱ། ༈ སྦྱིན་སྲེག་མི་བྱེད་ཚེ་ཡིག་བརྒྱ་ལན་གསུམ་བཟླས་ལ། གང་ཡང་བདག་བློ་ཞེས་སོགས་དང༌། མ་རྙེད་ཡོངས་སུ་ཞེས་སོགས་ཀྱིས་ལྷག་ཆད་བསྐང༌། ༈ ཆོས་སྐྱོང་བསྒོ་བ་ནི། མགོན་ཆོས་སོགས་ཀྱི་བསྐང་གསོ་རྒྱས་པ་དབྱངས་རོལ་དང་བཅས་པ། མ་མཐའ་འང་སྤྱི་སྒོས་ཀྱི་ཆོས་སྐྱོང་སོ་སོའི་གཏོར་འབུལ་ལེགས་པར་བྱས་ལ། མཇུག་ཏུ། མེ་དང་ས་ཆུ་རླུང་རྣམས་ལས། །


GTD007_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཀྱིས་འཕྲིན་བཅོལ་གཞུང་བཞིན་བྱ། ༈ ཡོན་བདག་བསྒོ་བ་ནི། ཡོན་བདག་རྣམས་གོས་གསར་པ་གྱོན། རྟེན་ལ་ཕྱག་དང་སྐོར་བ་བྱེད་དུ་བཅུག་སྟེ། གདན་ལེགས་པ་འབྲུ་དཀར་གྱི་གཡུང་དྲུང་བྲིས་པའི་སྟེང་དུ་སྡོད་བཅུག་ལ། མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད། མདུན་དུ་ཆུ་བཞི། ཉེར་སྤྱོད་རོལ་མོ། འདོད་ཡོན་ལྔ་དང་བཅས་པ་བཤམ། བླ་མས་དབུ་ཞྭ་བཞེས་ཏེ། རྟེན་བཞེངས་པའི་ཕན་ཡོན། རབ་གནས་ཀྱི་རྒྱུ་མཚན། མཆོད་པ་གལ་ཆེ་ཚུལ་སོགས་སྐབས་དོན་དང་འབྲེལ་བའི་བཤད་པ་རྒྱས་བསྡུས་གང་འཚམ་གནང༌། ཁྱེད་ཀྱིས་ངེད་ལ་གང་གསོལ་བའི། །ཞེས་སོགས་གཞུང་བཞིན་བརྗོད། དེ་ནས་ཡོན་བདག་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་སྦྱིན་པའི་བདག་པོ་རྣམས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ ཧཱུཾཿ བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད།


GTD007_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདྲེན་པའི་ཞེས་སོགས་ཀྱིས་བསྟོད། དེ་ནས་མཆོད་པ་བྱིན་གྱིས་བརླབས་ལ། དག་ཅིང་དྲི་མེད་སོགས་ཀྱིས་ཆུ་བཞི། ལྷ་ཡི་མེ་ཏོག་སོགས་ཀྱིས་ཉེར་སྤྱོད་རོལ་མོའི་བར། ཨེ་མའོ་མཆོད་པ་སོགས་ཀྱིས་འདོད་ཡོན་ལྔ་རྣམས་དབུལ་བ་ན། མཆོད་གཡོག་པས་མཆོད་པ་རེ་རེ་ནས་བླངས་ཏེ་ཚིག་དང་བསྟུན་ནས་ཡོན་བདག་ལ་གཏད་པས། ཡོན་བདག་རྣམས་ཀྱིས་རེག་སྟེ་ལག་བརྒྱུད་བྱས་ནས་རྟེན་གྱི་དྲུང་དུ་དབུལ། དེ་ནས་བཀྲ་ཤིས་ཀྱི་རྫས་རྣམས་བླ་མའི་མདུན་དུ་བཞག །བསངས་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཞེས་སོགས་ཀྱིས་གཞུང་ལྟར་བྱིན་གྱིས་བརླབས། བླ་མས་རྫས་དང་པོ་ཕྱག་ཏུ་བསྣམས་ཏེ། སྔོན་བཅོམ་ལྡན་འདས། ཞེས་པ་ནས། མེ་ལོང་གི་རྫས་ལ་བརྟེན་ནས། ཞེས་གསུངས་པ་ན་ཚོགས་པས། བཀྲ་ཤིས་པར་གྱུར་ཅིག །ཅེས་མཐུན་འགྱུར་བྱ། དེའི་མཇུག་འཐུད་དེ་དབུ་མཛད་ཀྱིས། མེ་ལོང་ཡེ་ཤེས་རྒྱ་མཚོ་ཞེས་སོགས་ཀྱི་དབུ་བསྐུལ་ཞིང༌། རྫས་ཡོན་བདག་ནས་བཟུང་སྟེ་ཚོགས་པ་ཀུན་ལ་གཡས་སྐོར་གྱི་ཚུལ་དུ་བརྒྱུད་ནས་མཐར་རྟེན་གྱི་དྲུང་དུ་འཇོག་པའམ་ཡོན་བདག་རང་ལ་ཕྱིར་གཏད། བཀྲ་ཤིས་ཀྱི་རྫས་ལྷག་མ་རྣམས་ཀྱང་དེས་རིགས་འདྲ། དེ་ནས་གཏང་རག་གི་མཆོད་པ་ཁ་གསོས་ཏེ་བྱིན་གྱིས་བརླབས། དག་ཅིང་དྲི་མེད། ལྷ་ཡི་མེ་ཏོག །ཨེ་མའོ་མཆོད་པ་སོགས་ཀྱིས་ཆུ་བཞི་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་རྣམས་དབུལ། གཙོ་འཁོར་ཐམས་ཅད་ལ་ནང་མཆོད་དབུལ། གཉིས་མེད་མས་བསྟོད། དེ་


GTD007_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁྲོ་བོ་སོགས་ཀྱིས་སྨོན་ལམ་བཏབ། ཡིག་བརྒྱ་བཟླས་ལ་ནོངས་པ་བཟོད་པར་གསོལ། བདག་མདུན་འཇུག་པ་གཅིག་པའི་སྐབས་འདིར་ཉེར་བསྡུ་བྱེད་ཚུལ་ལ་དམ་པའི་གསུང་རྒྱུན་མི་འདྲ་བ་ཅི་རིགས་ཀྱང༌། ངག་འདོན་སྨད་རྒྱུད་ཀྱི་ཕྱག་བཞེས་བཞིན་བྱེད་ཚེ། ཐོག་མར་རྟེན་དང་བརྟེན་པའི་ཆ་གཅིག་རས་བྲིས་ཀྱི་རྣམ་པར་གྱུར་པའི་མོས་པ་བྱས་ལ། དུར་ཁྲོད་སྲུང་འཁོར་དང་བཅས་པ་ཞེས་སོགས་དཀྱུས་ལྟར་འདོན། གསང་འདུས་ཀྱི་རབ་ཡངས་མ་གསུངས་ནས་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་དབབ་བོ། །རྟེན་བཞེངས་མིང་ཙམ་འདོད་པའི་སྦྱིན་བདག་དང༌། །སྤྱན་དབྱེའི་ཡོན་ཙམ་རེ་བའི་བླ་མཆོད་ལ། །འ་འུར་ཟང་ཟིང་ཙམ་ལས་ཕྲ་ཞིབ་ཀྱི། །ཕྱག་ལེན་ཚད་དང་ལྡན་པ་མི་དགོས་ཀྱང༌། །ལུས་ཅན་ཕན་བདེའི་རྩ་བ་བསྟན་པ་དང༌། །བྱ་བའི་འཁོར་ལོ་བསྟན་པའི་གཞིར་མཐོང་བའི། །ལྷག་བསམ་ཅན་རྣམས་སྔོན་རབས་དམ་པའི་སྲོལ། །བསྐྱངས་ཏེ་ཕན་བདེའི་རྩ་བ་ཚུགས་པར་མཛོད། །རྨོངས་པའི་མོས་མནོ་ཙམ་དང་རྟོག་གེ་ཡི། །རང་བཟོས་མ་བསླད་ཕྲ་ཞིབ་ལག་ལེན་ཀུན། །མ་ནོར་གསལ་བར་བཀོད་པའི་དགེ་བ་ཡིས། །དགེ་ལེགས་རྒྱ་མཚོའི་ཆར་ཆེན་འབེབས་གྱུར་ཅིག །ཅེས་རབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཕྱག་ལེན་མཐའ་དག་གསལ་བར་བཤད་པ་ལེགས་བྱས་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། ༈ སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་དབུ་མཛད་དེ་གསེར་ཁང་ཆེན་མོར་ཉེ་སྲས་རྣམས་རབ་གནས་མཛད་སྐབས་ལག་ལེན་ཞིབ་


GTD007_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་སུ་བགྱིས་པ་དེ་བཞིན་ཡི་གེར་འཁོད་པ་ཞིག་དགོས་ཚུལ་ཚོགས་ཆེན་དབུ་མཛད་སྔགས་རམས་པ་བློ་བཟང་དཀོན་མཆོག་སོགས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགས་བགྱིས་པ་འདི་ཡང་བསྟན་འགྲོ་ཡོངས་ལ་ཕན་བདེའི་དགེ་མཚན་བླ་ནས་བླར་སྤེལ་བའི་རྒྱུར་གྱུར་ཅིག། །། བཀྲ་ཤིས།།


previousརབ་གནས་དགེ་ལེགས་ཆར་འབེབས་ཀྱི་ཕྱག་ལེན།next