Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
རབ་གནས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousརབ་གནས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་བཤད་པ།next

རབ་གནས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་བཤད་པ།


GTD007_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་བཤད་པ་བཞུགས་སོ།།


GTD007_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་བཤད་པ་རྒྱས་བསྡུས་འཚམ་པར་བྱེད་ཚུལ་ནི། དེ་ཡང་རབ་ཏུ་གནས་པའི་བྱ་བ་ཕལ་ཆེར་གྲུབ་སྟེ་ཡོན་བདག་བསྐོ་བའི་མཚམས་འདིར་བཤད་པ་རེ་བྱེད་དགོས་པ་ན། སྔོན་མཁན་ཆེན་ཞི་བ་འཚོ་དང༌། སློབ་དཔོན་པདྨ་སོགས་ཀྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། ཟན་ཡང་ངམ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རབ་གནས་མཛད་སྐབས་ཡིག་རྙིང་ལས། སློབ་དཔོན་པདྨས་གཏམ་ལན་མདོ་བསྔོ་གསུངས། །ཡས་གཏམ་མས་གཏམ་གཉིས་ཀ་དེ་ནས་དར། །ཞེས་འབྱུང་བ་བཞིན་ཡོན་བདག་བསྐོ་བའི་བཤད་པ་གནང་བ་དེ་ནས་སྲོལ་ཚུགས་ཏེ་ད་ལྟའི་བར་དུ་གནས་པ་བཞིན་རྒྱུ་མཚན་མདོར་བསྡུས་ཙམ་ཞུ་བ་ལ། སྤྱིར་ན་དཔལ་མགོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་བྱས། །བགྱི་བ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་གསུངས་པ་ལྟར། རབ་གནས་མ་བྱས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་གྲུབ་ཙམ་ནས་འགྲོ་བའི་བསོད་ནམས་ཀྱི་ཞིང་ཡིན་ལ། དེའི་རྒྱུ་མཚན་གྱིས་མཉམ་མེད་ཇོ་བོ་ཆེན་པོའི་རབ་གནས་ཀྱི་གཞུང་ལས། མཆོད་རྟེན་སྐུ་གཟུགས་གླེགས་བམ་སོགས། །སངས་རྒྱས་རྣམ་སྤྲུལ་བྱིན་རླབས་ལས། །བྱུང་བ་མིན་ན་མི་འབྱུང་བར། །རྟོགས་ཏེ་ཤིན་ཏུ་དད་ལྡན་ན། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་གསུངས་སོ། །དེའི་


GTD007_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཞི་ནི་རབ་གནས་ཀྱི་རྒྱུད་ལས། འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པར་རབ་ཏུ་བརྟག །དང་པོའི་ལས་ཅན་སེམས་ཅན་གྱིས། །རྟོགས་པའི་རྒྱུ་རུ་བཤད་པར་ཟད། །ཅེས་དགོས་པའི་གཙོ་བོ་འཇིག་རྟེན་པ་རྣམས་ཀྱིས་དེ་ལ་ཐ་མལ་དུ་སྣང་ཞིང་ཞེན་པའི་དྲི་མ་སྦྱོང་བའི་ཆེད་ཡིན་ཞིང༌། མདོ་སྡེ་རྒྱན་ལས། ལུང་དང་རྟོགས་དང་དབང་འབྱོར་ལས། །ཞེས་སོགས་ལྟར་ས་ཐོབ་ཀྱི་གང་ཟག་རྣམས་ལ་སངས་རྒྱས་ཀྱི་སྐུ་བརྙན་མཐའ་དག་གིས་ཆོས་སྟོན་པ་སོགས་རྒྱལ་བའི་མཛད་པ་དངོས་སུ་བསྟན་ཏེ་ཐ་མལ་གྱི་འདུ་ཤེས་སྐྱེ་བའི་སྐབས་མེད་པས། གང་ཟག་ཁྱད་པར་ཅན་དེ་འདྲ་ལ་ལྟོས་ཏེ་རབ་གནས་མ་བྱས་ཀྱང་འགལ་བ་མེད་པའི་དོན་ཡིན་གྱི། སྤྱིར་རབ་གནས་བྱེད་པ་མེད་མ་རུང་དུ་གལ་ཆེ་སྟེ། སྡོམ་འབྱུང་ལས། ཇི་ལྟར་རབ་ཏུ་མི་གནས་ལྷ། །རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དད་པས་གསོལ་འདེབས་པའ། །བསོད་ནམས་ཕྱིར་ནི་བྱ་བ་སྟེ། །ཞེས་དང༌། ཀྲྀ་ཡས་མུ་ཙྪ་ལས། འདི་ཡི་སངས་རྒྱས་བཞུགས་གསོལ་བས། །གང་དུ་ཞི་དང་བཟླས་འཕེལ་ཞིང༌། །ནད་མེད་ཆོས་ཀྱང་འཕེལ་བར་འགྱུར། །ནོར་དང་ཚེ་དང་བདེ་བ་སྟེར། །ཞེས་སོགས་ཕན་ཡོན་རྣམ་གྲངས་དུ་མ་གསུངས་ལ། སློབ་དཔོན་དམ་ཚིག་རྡོ་རྗེས་ཀྱང༌། སྔགས་པས་ནོར་ནི་རྙེད་པ་དང༌། །སྐྱེ་བོ་རབ་ཏུ་དད་པ་ཡི། །བྱེད་པོ་དགེ་


GTD007_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བ་རབ་འཕེལ་བའི། །རབ་གནས་བསྟན་བཅོས་ལས་གསུངས་སོ།། ཞེས་སོགས་ལྟར་གནས་སྐབས་སུ་བསོད་ནམས་རླབས་པོ་ཆེ་ཐོབ་པ་དང༌། མཁའ་འགྲོ་རྒྱ་མཚོ་ལས། གཉིས་སུ་མེད་པའི་ཡེ་ཤེས་ལས། །འཁོར་བ་པ་ཡིས་རབ་གནས་བྱ། །ཐར་བདེ་མངོན་པར་འདོད་རྣམས་ཀྱིས། །འདི་ལ་བདེ་བའི་བདེ་བ་ཆེ། །ཞེས་མཐར་ཐུག་བདེ་ཆེན་ཐར་པའི་གོ་འཕང་མངོན་དུ་འགྱུར་བར་གསུངས། རབ་གནས་མ་བྱས་པའི་ཉེས་དམིགས་ནི། རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འགྱུར་ཞིང༌། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་སོགས་དང༌། རབ་གནས་མ་བྱས་པར་ཕྱག་མཆོད་སོགས་བྱས་ན་དམ་ཚིག་ལས་འདས་པར་འགྱུར་བ་སོགས་ཉེས་དམིགས་དུ་མ་གསུངས་པས། ཅིས་ཀྱང་རབ་ཏུ་གནས་པར་བྱེད་དགོས། གང་རབ་ཏུ་གནས་པར་བྱ་བ་སྐུ་གསུང་ཐུགས་ཀྱི་རྟེན་བྱུང་ཚུལ་ནི། རྒྱལ་བ་བྱམས་པས། གང་དང་གང་ལ་གང་དུ་ན། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ༌། །ཞེས་གསུངས་པ་ལྟར། སངས་རྒྱས་རྣམས་ཀྱིས་བསྐལ་པ་ཆེན་པོ་གྲངས་མེད་པ་དུ་མར་ཚོགས་གཉིས་གོམས་པ་ཡོངས་སུ་རྫོགས་པའི་ལག་རྗེས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་གདུལ་བྱའི་སྐལ་བ་ཚོགས་པ་ན། གང་འདུལ་གྱི་སྣང་བ་དུ་མར་འཆར་བའི་བཀོད་པའི་ཕ་མཐའ་བསམ་གྱིས་མི་ཁྱབ་ཅིང༌། ཡོངས་སུ་གྲགས་པའི་ལོ་རྒྱུས་ལ་མཚོན་ན། བསྟན་པ་འདི་ལ་ཐོག་མར་ཐུབ་པའི་དབང་པོ་ཞལ་


GTD007_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་ཚེ་ལྷ་ཆེན་པོ་རྣམས་ཀྱིས་ཇོ་ཤཱཀ་སོགས་སྐུ་ཆེ་ཆུང་དུ་མ་བཞེངས་པ་ལྟ་བུ་འབུར་སྐུ་དང༌། འོད་ཟེར་མ་དང་ཆུ་ལོན་མར་གྲགས་པ་སོགས་བྲིས་སྐུ་བྱུང་ཚུལ། ལྷའི་དབང་པོས་གསེར་གྱི་གླེགས་བུ་ལ་ཤེར་མདོ་བྲིས་པ་སོགས་གསུང་རྟེན་བྱུང་ཚུལ། དེའི་སྔོན་ནས་སྐུ་བལྟམས་པ་དང༌། གཙུག་ཕུད་བྲེག་པ་སོགས་ཀྱི་སར་མཆོད་རྟེན་བརྩིགས་པར་འདུལ་བ་ལུང་ལས་བཤད་པ་ལྟ་བུ་ཐུགས་རྟེན་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་དུ་མ་ཡོད་ལ། དེ་ལྟར་བཞེངས་པའི་དགོས་པའི་གཙོ་བོ་ནི། བཞེངས་མཁན་དེ་ཉིད་ཀྱིས་ཚོགས་རྫོགས་པ་ཙམ་དུ་མ་ཟད། སངས་རྒྱས་དངོས་སུ་མཇལ་བ་དང་བསྙེན་བཀུར་བར་མ་ནུས་པ་རྣམས་ཀྱིས་ཀྱང་སྐུ་བརྙན་ལ་སོགས་པ་དེ་དག་མཆོད་ན་སངས་རྒྱས་དངོས་ལ་མཆོད་པ་དང་ཁྱད་མེད་པའི་བསོད་ནམས་ཐོབ་ཅིང་འབྲེལ་ཐོགས་པའི་དགོས་པ་ཤིན་ཏུ་ཆེ་སྟེ། དཀོན་མཆོག་བརྩེགས་པ་ལས། གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་ད་ལྟར་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་ཕན་ཡོན་རྣམས་ནི་མཚུངས། མཉམ་ཞིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཐུབ་པ་དགོངས་རྒྱན་ལས། འདིར་སངས་རྒྱས་ནི་གཉིས་ཏེ། དོན་དམ་པ་ནི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པའོ། །ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན་དང་སྐུ་གཟུགས་དང༌།


GTD007_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས། མཉམ་པར་སེམས་རབ་ཏུ་དྭངས་པའི་རྣམ་པར་སྨིན་པ་མཉམ་པར་གསུངས་སོ། །ཞེས་གསུངས་ལ། དེ་བཞིན་དུ་ཞི་བ་ལྷའི་སྤྱོད་འཇུག་ཏུ་ཡང༌། བྱང་ཆུབ་སྤྱོད་དང་རྗེས་མཐུན་པས། །རྒྱལ་བའི་མཆོད་སྡོང་སྒྲུབ་པ་ཡང༌། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། །སེམས་མེད་པ་ལ་མཆོད་བྱས་པས། །ཇི་ལྟར་འབྲས་བུ་ལྡན་པར་འགྱུར། །གང་ཕྱིར་བཞུགས་པའང་མྱ་ངན་འདས། །མཚུངས་པ་ཉིད་དུ་བཤད་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡིན། ཁྱད་པར་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང༌། སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་སོགས་དམ་པ་གོང་མ་ཕལ་ཆེར་བྱ་བ་ལས་ཀྱི་འཁོར་ལོའི་གཙོ་བོ་བྱམས་ཆེན་གྱི་སྐུ་རེ་བཞེངས་པའི་ཐུགས་ཀྱི་དགོངས་གཏད་ནི། དཔེར་ན་ཀུན་ཤེས་ཀོའུ་ཏྱ་ན་ཡ་སོགས་བདག་ཅག་གི་སྟོན་པའི་འཁོར་དུ་སྐྱེས་ནས་དཀའ་ཚེགས་མེད་པར་གསུང་གི་བདུད་རྩིས་སྨིན་ཅིང་གྲོལ་བ་ཕལ་མོ་ཆེ་ཞིག་སངས་རྒྱས་འོད་སྲུང་གི་བསྟན་པའི་སྒོར་ཞུགས་ཏེ་ལེགས་སྨོན་གྱིས་མཚམས་སྦྱར་བའི་སྟོབས་ཡིན་པར་འདུལ་བ་ལུང་དང་མདོ་སྡེ་མཛངས་བླུན། ལས་བརྒྱ་པ་སོགས་སུ་འབྱུང་བ་བཞིན། བསྟན་པ་འདི་ལ་ཞུགས་ནས་བསླབ་པ་སྣ་རེ་བསྲུང་བ་དང༌། སྐུ་གསུང་ཐུགས་རྟེན་སྐྱུ་རུ་ར་ཙམ་ཞིག་བཞེངས་པ། མཆོད་པ་ཅུང་ཟད་དེ་ཕུལ་བ་ཚུན་ཆད་ཀྱང་རྗེས་སོར་མ་ཕམ་རྒྱལ་བའི་ཉི་མ་འཇིག་རྟེན་དུ་ཤར་བའི་ཚེ། དེའི་བསྟན་པ་དང་མཇལ་ཞིང༌། ཡང་དག་པའི་ལམ་བཟང་མངོན་དུ་འགྱུར་སླ་བའི་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཡོད་ཚུལ། བྱམས་པ་


GTD007_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པའི་མདོ་དང་བྱམས་པ་འཇུག་པའི་མདོ། བྱམས་པས་ཞུས་པའི་མདོ་གཉིས། བྱམས་པ་སེང་གེའི་སྒྲའི་མདོ་ལ་སོགས་པ་དུ་མར་གསུངས་པའི་དོན་ཐུགས་ལ་བཅངས་ཏེ། རང་ཅག་རྗེས་འཇུག་རྣམས་སྐལ་བ་བཟང་པོ་དེ་ལ་སྦྱོར་བའི་ཕྱིར་དུ་བཞེངས་པར་མཛད་པ་ཡིན་པར་འདུག །དམ་པ་གོང་མ་དེ་དག་གི་རྣམ་ཐར་བཟང་པོའི་རྗེས་སུ་ཞུགས་ཏེ། རྟེན་བཞེངས་ཁྱད་པར་ཅན་འདི་ཉིད་ལེགས་པར་གྲུབ་ནས་རིང་བསྲེལ་རྣམ་བཞིས་བསྡུས་པའི་གཟུངས་གཞུག་སོགས་ཚད་དང་ལྡན་པར་བྱས་ཏེ་རབ་གནས་ཀྱི་སྐབས་སུ་སླེབས་པ་ཡིན། འདི་འདྲ་དང་ཁོག་གཅིག་པར་རྟེན་རྙིང་པ་རྣམས་ལའང་རབ་གནས་བསྐྱར་མ་བྱས་པ་ཕན་ཡོན་དང་དགོས་པ་ཆེན་པོ་ཡོད་དེ། རྡོ་རྗེ་གུར་གྱི་རྒྱུད་ལས། རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །རྟག་ཏུ་སངས་རྒྱས་རབ་གནས་བྱ། །ཟིན་པའི་དེ་མ་ཐག་པ་རུ། །རབ་ཏུ་གནས་པ་མཆོག་ཏུ་འགྱུར། །ཞེས་རྟེན་གསར་པ་བཞེངས་མ་ཐག་རབ་གནས་བྱེད་དགོས་པ་དང༌། རྙིང་པ་ལའང་ཡང་རབ་གནས་བྱས་ན་ལེགས་པར་གསུངས་པས། སྔོན་གྱི་རྟེན་འགའ་ཞིག་ལ་རབ་གནས་བརྒྱ་རྩ་མར་གྲགས་པའི་རྒྱུ་མཚན་ཡང་དེ་ཡིན་པར་སྣང༌། རབ་ཏུ་གནས་པའི་ངོ་བོ་ནི། སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་ལ་ཡེ་ཤེས་པ་རྣམས་བརྟན་པར་གནས་པར་བྱེད་པ་དང༌། པྲཱ་རིང་པོར་བྱས་ན་ཨ་དྷི་ཥྛ་ཞེས་བྱིན་གྱིས་རློབས་པ་དང༌། ཡང་རབ་གནས་ཀྱི་རྒྱུད་ལས། དེ་ནས་གསེར་གྱི་རང་བཞིན་གྱི། །ཐུར་མས་སྤྱན་ནི་དབྱེ་བར་བགྱི། །ཞེས་རབ་གནས་ཀྱི་བྱ་


GTD007_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་དགོས་པའི་གཙོ་བོ་དམ་ཡེ་དབྱེར་མེད་དུ་བྱས་ཏེ། འཁོར་བའི་ཕྱི་མཐའ་བར་དུ་གདུལ་བྱ་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པ་ལྷུར་བྱེད་པའི་དོན་ཡིན་པའི་རྒྱུ་མཚན་གྱིས་སྤྱན་དབྱེའི་ཆོ་གར་ཡང་བཏགས་པ་ཡིན། དེ་ལྟ་བུའི་རབ་གནས་ཀྱི་རྣམ་གཞག་འདི་མདོ་དང་རྒྱུད་སྡེ་གང་ལས་གསུངས་པ་ཡིན་སྙམ་ན། ཀརྨ་རང་བྱུང་རྡོ་རྗེས་མདོ་ལུགས་ལ་བརྟེན་པའི་རབ་གནས་ཀྱི་ཆོ་ག་བུམ་གཉིས་མར་གྲགས་པ་མཛད་ཅིང༌། ཀརྨ་ཕྲིན་ལས་པས་དེ་ལ་ལྷན་ཐབས་སོགས་སྦྱར་འདུག་ནའང༌། འཇམ་མགོན་ས་པཎ་གྱིས། མདོ་ལས་རབ་གནས་བཤད་པ་མེད། །འོན་ཀྱང་མཆོག་བསྟོད་བཀྲ་ཤིས་སོགས། །རྒྱལ་པོའི་མངའ་དབུལ་ལྟ་བུ་ལ། །རབ་གནས་ཡིན་ཞེས་སྨྲ་ན་སྨྲོས། །གསུངས་པ་ལྟར། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་སོགས་ཀྱིས་བསྔགས་པའི་མེ་ཏོག་འཐོར་ཏེ་ཤིས་པ་བརྗོད་པ་ཙམ་དང༌། གཎྜིའི་རབ་གནས་ཞེས་པ་ལྟ་བུའི་ཐ་སྙད་ཙམ་རེ་ཡོད་ཀྱང་རབ་གནས་མཚན་ཉིད་པ་ཞིག་མ་བཤད། བྱ་སྤྱོད་ཀྱི་སྐོར་ལ་པཎ་ཆེན་སུ་མ་ཏི་ཀིརྟིས་མཛད་པའི་གཟུངས་གྲྭ་ལྔ་ལ་བརྟེན་པའི་རབ་གནས་ལྟ་བུ་མ་གཏོགས་མང་པོ་བོད་དུ་མ་འགྱུར་ཞིང༌། ཀུན་སྙིང༌། ཤཱཀྱ་བཤེས་གཉེན། ཤྲདྡྷ་ཀ་ར་ཝརྨ་སོགས་ཀྱིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་རབ་གནས་མང་དུ་འགྱུར་བས། བསམ་ཡས་དང༌། ལོ་ཆེན་རིན་ཆེན་བཟང་པོའི་མཐོ་ལྡིང་གི་གཙུག་ལག་ཁང་སོགས་སྔ་མ་ཕལ་ཆེར་རྣལ་འབྱོར་རྒྱུད་ཀྱི་སྒོ་ནས་རབ་གནས་བྱས་པ་མང་དུ་བྱུང༌། ཨ་བྷྱཱ་ཀ་ར་དང་དརྦན། ནག་པོ་དམ་ཚིག་རྡོ་རྗེ། མི་ཐུབ་ཟླ་བ། སཱ་དྷུ་པུ་ཏྲ་སོགས་ཀྱིས་བླ་མེད་ལ་བརྟེན་


GTD007_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རབ་གནས་མང་དུ་འགྱུར་ཞིང༌། སཱ་དྷུ་པུ་ཏྲའི་རྗེས་སུ་འབྲངས་ཏེ་བུ་སྟོན་གྱིས་དུས་འཁོར་ལ་བརྟེན་པའི་རབ་གནས་བཀྲ་ཤིས་དཔལ་འབར་མཛད། དེའི་སྔོན་དུ་སློབ་དཔོན་བསོད་ནམས་རྩེ་མོས། ཀྱཻ་རྡོར་གྱི་རྒྱུད་ལས། རབ་གནས་མཚན་ཉིད་བཟང་པོ་ཉིད། །ཅེས་པ་ལ་བརྟེན་ནས། གང་ལ་བྱ་བའི་རྟེན་བཟང་པོ། གང་དུ་བྱ་བའི་གནས་བཟང་པོ། གང་ཚེ་བྱ་བའི་དུས་བཟང་པོ། གང་གིས་བྱེད་པའི་སློབ་དཔོན་བཟང་པོ། ཇི་ལྟར་བྱ་བའི་ཆོ་ག་བཟང་པོ། བྱ་བའི་ཆ་རྐྱེན་གྱི་ཡོ་བྱད་བཟང་པོ་སྟེ། ས་བཅད་དྲུག་ཏུ་བྱས་པའི་རབ་གནས་བཟང་དྲུག་ཏུ་གྲགས་པ་དང༌། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ལོ་ཆེན་རིན་ཆེན་བཟང་པོའི་སྡོམ་ཚིག་སྟེང་ནས་མཛད་པའི་རབ་གནས་དོན་གསལ་དང༌། འགྲོ་མགོན་འཕགས་པས་མཛད་པའི་རབ་གནས་སྐུལ་བ་པོའི་མིང་གིས་སངྒྷ་མི་ཏྲར་གྲགས་པ་བྱུང༌། སྟག་ལོའི་རབ་གནས་བཀྲ་ཤིས་རྒྱ་མཚོ། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། རྟེན་བཞེངས་ཚུལ་དཔལ་འབྱོར་རྒྱ་མཚོ་སྟེ། རྒྱ་མཚོ་རྣམ་གསུམ་དུ་གྲགས་པ་དང༌། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་རབ་གནས་བཀྲ་ཤིས་གཏེར་མཛོད་དང༌། བཀྲ་ཤིས་དགའ་སྟོན་སོགས་མཁས་པ་སོ་སོའི་ལེགས་བཤད་དང་ཕྱག་བཞེས་ཀྱི་ཚུལ་ཐ་དད་པ་མང་དུ་བྱུང༌། རང་ཅག་རི་བོ་དགེ་ལྡན་པའི་བཀའ་སྲོལ་འདིའི་དབང་དུ་བྱས་ན་འཇམ་མགོན་བླ་མའི་གསུང་རྒྱུན་གྱི་རབ་གནས་རྒྱས་བསྡུས་གཉིས་དང༌། པཎ་ཆེན་དགེ་འདུན་གྲུབ་ཀྱི་གསང་བ་འདུས་པའི་རབ་གནས་དང་རབ་གནས་རྟ་ཐོག་མ། རྒྱལ་བ་དགེ་འདུན་རྒྱ་མཚོའི་བཀྲ་ཤིས་སྙེ་མ།


GTD007_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དགེ་ལེགས་ཆར་འབེབས། ཀུན་གཟིགས་ལྔ་པའི་རབ་གནས་བཀྲ་ཤིས་འབུམ་ཕྲག་གསར་ངོམས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རབ་གནས་བཀྲ་ཤིས་རབ་རྒྱས་སོགས་དང༌། དེ་དག་གི་ལྷན་ཐབས་ཟུར་འདེབས་རིམ་པ་མང་དུ་བྱུང་བ་རྣམས་ཀྱི་ནང་ནས། འདིར་རབ་གནས་རྒྱས་པ་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱིསྟེང་ནས་བགྱིས་པ་ཡིན། གང་གིས་བྱེད་པའི་སློབ་དཔོན་ནི་རབ་གནས་ཀྱི་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང༌། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཞེས་སོགས་དང༌། གཞན་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ། རྡོ་རྗེ་སྙིང་པོ་རྒྱན། སྒྱུ་འཕྲུལ་དྲ་བ་སོགས་ལས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་མང་དུ་གསུངས་པ་རྣམས་ཇི་ལྟ་བ་བཞིན་ཚང་བ་དཀའ་ཡང༌། དུས་འཁོར་རྩ་རྒྱུད་ལས། ལྷ་ཁང་སོགས་ཀྱི་རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །ཞེས་གསུངས་པ་ལྟར་བསྟན་པའི་གཞི་མ་སོ་ཐར་གྱི་བསླབ་ཁྲིམས་ལ་གནས་པའི་སྟེང་ནས་དབང་ལེགས་པར་ཐོབ་ཅིང་དམ་ཚིག་ཅི་ནུས་སུ་བསྲུང་བ་དང༌། བསྙེན་པ་གྲངས་སུ་འཁྱོལ་བས་ཆ་མཐུན་ཙམ་འགྲུབ་རུང་དུ་ཡོད་པར་མ་ཟད། ཆོ་ག་གྲོགས་མཛད་པའི་བླ་སློབ་དགེ་འདུན་རྣམས་ཀྱང་ཀུན་གཟིགས་ལྔ་པ་ཆེན་པོས། ལུས་ནི་རྣམ་འགྱུར་ལྷ་ཡི་རོལ་གར་བསྒྱུར། །ངག་ནི་གསང་སྔགས་དབྱར་རྔ་ལྟ་བུར་སྒྲོག །ཡིད་ནི་བསྐྱེད་རྫོགས་ཟུང་འཇུག་ཏིང་འཛིན་ཅན། །ཚད་ལྡན་རིག་སྔགས་འཆང་བ་དེ་རྨད་བྱུང༌། །ཞེས་པ་ལྟར་སྒོ་ཐམས་ཅད་ནས་རིག་པ་འཛིན་པའི་དོན་དང་མཐུན་པས་བྱེད་པ་པོའི་མཚན་


GTD007_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལེགས་པར་ཚང༌། བྱ་བའི་དུས་རབ་གནས་ཀྱི་རྒྱུད། ཇོ་བོ་ཆེན་པོ་དང་མི་ཐུབ་ཟླ་བའི་རབ་གནས་སོགས་ལས་བྱང་བགྲོད་ཀྱི་ཟླ་བ་དྲུག་གི་ཡར་ངོ་ལ་བྱེད་པ་སྤྱིར་བཏང་དང༌། གཟའ་སྐར་འཛོམ་ན་དེ་ལས་བཟློག་པ་ལའང་ཉེས་པ་མེད་པ་དམིགས་བསལ་དུ་གསུངས་པས་གཟའ་སྐར་གཙོ་ཆེ་ལ། ད་ལན་སྦྱོར་དངོས་རྗེས་ཀྱི་རིམ་པ་རྣམས་ཤས་ཆེར་རབ་གནས་ཀྱི་རྒྱུད་རང་ལས་ཆེད་དུ་བསྔགས་པའི་གཟའ་བཞི་དང་སྐར་མ་བཅུ་བཞི་གང་ཡང་རུང་བར་འགྲིགས་པས་དུས་ཚེས་ཀྱང་ཤིན་ཏུ་ལེགས། རབ་གནས་དངོས་གཞི་དམ་པ་གོང་མའི་ཕྱག་བཞེས་མ་ནོར་བར་གཟབ་རྒྱས་ཀྱི་ལུགས་སུ་བྱས་པ་ཡིན་པས། དེ་ལ་སྦྱིན་སྲེག་ཀྱང་ངེས་པར་གལ་ཆེ་སྟེ། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་རྟག་ཏུ་ལས་ཀུན་ལ། །སྦྱིན་སྲེག་གིས་ནི་ཀུན་ཏུ་བྱ། །ཞེས་དང༌། སངས་རྒྱས་མཉམ་སྦྱོར་ལས། ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །ཞེས་སྤྱིར་ལས་ཚོགས་རབ་འབྱམས་དང༌། ཁྱད་པར་དུ་རབ་གནས་ཀྱི་ཡན་ལག་ལ་སྦྱིན་སྲེག་གལ་ཆེ་བར་གསུངས་པས། རྗེ་དྲུང་སྔགས་རམས་པ་དགེ་འདུན་བཀྲ་ཤིས་སོགས་ཀྱི་ཕྱག་ལེན་ལ། བགེགས་བསྐྲད་པའི་སྐབས་སུ་དྲག་པོའི་སྦྱིན་སྲེག །སྤྱན་དབྱེའི་གོང་དུ་ལྷ་དབང་དུ་བྱེད་པའི་དབང་གི་སྦྱིན་སྲེག །སྤྱན་དབྱེ་སོགས་གྲུབ་སྟེ་ལེགས་ཚོགས་ཐམས་ཅད་སྤེལ་བའི་རྒྱས་པའི་སྦྱིན་སྲེག །མཇུག་ཏུ་ལྷག་ཆད་སྐོང་བའི་ཞི་བའི་སྦྱིན་སྲེག་དང་བཅས་བཞི་ག་མཛད། ལུགས་འགའ་ཞིག་ལ་དྲག་པོའི་སྦྱིན་སྲེག་གི་ཐད་དེར། སྨད་ལས་གདུག་ཅན་སྒྲོལ་བའི་བྲུབ་འཆམ་ཀྱང་བྱེད་པའི་སྲོལ་བྱུང༌། འོན་ཀྱང་རབ་གནས་ཀྱི་རྒྱུད་


GTD007_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་དངོས་ཟིན་ལ། འོ་མ་ཅན་གྱི་བུད་ཤིང་ལ། །སྲེག་ཁང་གྲུ་བཞིར་སྲེག་བླུགས་བྱ། །བདག་དང་སློབ་མ་ཐམས་ཅད་ན། །ཞི་དང་རྒྱས་པ་འཕེལ་བར་བྱ། །ཞེས་གསུངས་པ་དང་མཐུན་པར་ཇོ་བོ་ཆེན་པོའི་རབ་གནས་དང༌། སློབ་དཔོན་ཟླ་འོད་ཀྱི་རབ་གནས་སོགས་སུ་ཡང། ཞི་རྒྱས་ཆོ་ག་ལས་གསུངས་བཞིན། །ཆོ་ག་ཤེས་པས་མེ་བཅུག་སྟེ། །ཞེས་དང༌། ལྷོ་ཕྱོགས་རྒྱས་པའི་ཐབ་བྱས་ལ། །ཞེས་པ་ལ་སོགས་པ་ཞི་རྒྱས་གཉིས་གཙོ་བོར་གསུངས་ཤིང༌། རབ་གནས་ཀྱི་དངོས་གཞི་ཡང་ཞི་རྒྱས་ཀྱི་ལས་དང་ཕྱོགས་མཐུན་ཤས་ཆེ་བས། སྦྱིན་སྲེག་དེ་གཉིས་ཀྱིས་འཐུས་པ་བྱས་པ་ཡིན། དེ་ལྟར་སྦྱོར་དངོས་རྗེས་ཀྱི་རིམ་པ་ཆ་ཚང་བའི་སྒོ་ནས་སྤྱན་དབྱེའི་ཆོ་ག་ལེགས་པར་གྲུབ་སྟེ། རང་རང་གི་དམ་ཚིག་པ་ལ་ཡེ་ཤེས་པ་དབྱེར་མེད་དུ་བརྟན་པར་བྱས་ནས། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ལྷའི་འཁོར་ལོ་དངོས་སུ་གྲུབ་པ་ཡིན་པས། རབ་གནས་ཀྱི་རྒྱུད་འདི་ཉིད་ལས། ཁྱེད་ཀྱིས་ངེད་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་རབ་གནས་པ། །དེ་དག་དོན་ནི་ངས་བྱས་པས། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་བདེ་བར་ནི་མཆོད་པར་བྱོས། །ཁྱེད་ཀྱིས་གསོལ་བ་བཏབ་པ་བཞིན། །རབ་ཏུ་གནས་པ་བྱས་ཟིན་གྱི། །མཆོད་པ་རྒྱུན་མི་འཆད་པ་དང༌། །ཞག་བདུན་བར་དུ་མཆོད་པར་བྱོས། །ཞེས་གསུངས་པ་བཞིན་མཆོད་པའི་ལས་ལ་བརྩོན་པར་བྱེད་དགོས། མཆོད་པའི་ཕན་ཡོན་གསལ་རྒྱལ་གྱི་མདོ་དང༌། པད་དཀར་གསུམ། སྤྱན་རས་གཟིགས་ཀྱི་མདོ་སོགས་མདོ་དང་རྒྱུད་སྡེ་དུ་མ་ལས་གསུངས་ཚུལ་བརྗོད་ཀྱིས་མི་ལང་ཞིང༌། གནད་མདོར་བསྡུས་ན་ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་


GTD007_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཡོན་གྱི་གནས་འགའ་ཡོད་མ་ཡིན། །ཞེས་དང༌། དཔལ་ལྡན་ཟླ་བའི་སྐྱབས་འགྲོ་བདུན་ཅུ་པར། སངས་རྒྱས་ཆོས་དང་དགེ་འདུན་ན། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར། སྤྱིར་འགྲོ་བ་ཡོངས་ཀྱི་ཕན་བདེ་མ་ལུས་པའི་འབྱུང་གནས་དང༌། ཁྱད་པར་རང་ཅག་ཐར་པ་དོན་དུ་གཉེར་པ་རྣམས་ཀྱི་མགོན་དང་གླིང་དང་དཔུང་གཉེན་གཅིག་པུར་གྱུར་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལས་གཞན་ན་མེད་པས་འབྲལ་བ་མེད་པར་གཙུག་གི་རྒྱན་དུ་བཀུར་ཏེ། སྒོ་གསུམ་ནུས་པ་ཅི་ཡོད་ཀྱི་སྒོ་ནས་དེ་ལ་མཆོད་ཅིང་བསྙེན་བཀུར་བ་སོགས་རྗེས་སུ་འཛིན་པའི་ཐབས་ལ་འབད་པ་ལྷུར་བྱ་བ་ནི་གཏན་གྱི་འདུན་མའི་རྩ་བ་ཡིན་པས་འཁོར་གསུམ་རྣམ་པར་དག་པའི་མཆོད་པ་རྒྱུན་མི་འཆད་པ་དང༌། ཁྱད་པར་དུ་རབ་གནས་གྲུབ་ནས་ཉིན་བདུན་ལ་སོགས་པའི་བར་དུ་གཙང་ཞིང་གྱ་ནོམ་པའི་མཆོད་པའི་སྤྲིན་ཕུང་གྲོགས་ཀྱི་བློས་མི་འཁྱུད་པ་ལྟ་བུ་འབུལ་བ་ལ་དགོས་པ་དང་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཡོད་པས་ཅི་ནས་ཀྱང་ནན་ཏན་དུ་བྱ་བ་དང༌། དེ་ནས་བླ་མ་གོང་མའི་ཕྱག་བཞེས་བཞིན་སྦྱིན་པའི་བདག་པོ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བསྐྱེད་དེ་མཆོད་པ་ཕུལ་བ་ན་བདག་གིར་བཞེས་ནས། ཚོགས་གོང་འཕེལ་དུ་འགྱུར་བའི་ཕྱིར་ལྷག་པའི་ལྷ་ཚོགས་རྣམས་ལ་འབུལ་བའི་སྤྱན་དམིགས་མཛད་པ་དང༌། དེ་ནས་བཀྲ་ཤིས་ཀྱི་རྫས་རྣམས་འགྲེམ་པར་བྱེད་པ་ལ། སྤྱིར་འཇིག་རྟེན་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཀྱང་བདེན་སྟོབས་བརྗོད་པས་སྣོད་བཅུད་གང་ཡང་བཟང་ངན་སྣ་


GTD007_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སུ་བསྒྱུར་བའི་ལོ་རྒྱུས་ཤིན་ཏུ་མང་ལ། སངས་རྒྱས་བཅོམ་ལྡན་འདས་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་དུ་མར་བདེན་ཚིག་གོམས་པ་མཐར་ཕྱིན་པའི་དབང་གིས་པདྨའི་འདབ་མ་ལྟར་ཡངས་པའི་ལྗགས་དང༌། གསུང་ཆོས་ཀྱི་དུང་ལ་སོགས་པ་གྲུབ་སྟེ། བཀའ་བདེན་པས་བྱིན་གྱིས་བརླབས་པ་དེ་ཉིད་ལས་ཅུང་ཟད་ཀྱང་གཞན་དུ་འདའ་བ་མི་སྲིད་ལ། དེའི་ཕྱིར་དགེ་ལེགས་ཀྱི་བྱ་བ་རླབས་པོ་ཆེས་མཐའ་བརྒྱན་པའི་ཕྱིར་དུ་བཀྲ་ཤིས་པའི་རྫས་འདི་རྣམས་འགྲེམ་པར་བྱས་པ་ཡིན། འདི་དག་དུས་དང་གནས་སྐབས་གང་གི་ཚེ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་ཚུལ་ནི། སའི་ལྷ་མོས་མེ་ལོང༌། རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་བཟང་སྐྱོང་གིས་ཞོ། ཤིང་གི་ལྷ་མོས་བིལ་བ། བྲམ་ཟེ་སྐར་མ་ལ་དགའ་བའི་བུས་ལི་ཁྲི་ཕུལ་བ་སོགས་ལོ་རྒྱུས་འདྲ་མིན་ཅུང་ཟད་ཡོད་ཀྱང༌། གྲགས་ཆེ་བ་གཞུང་གི་དངོས་ཟིན་འདི་ལྟར་ཡིན། རྫས་སོ་སོའི་བྱེད་ལས་ཀྱང་ཉེས་པ་ཀུན་གྱི་རྩ་བ་མ་རིག་པའི་མུན་པ་དྲུངས་འབྱིན་ཞིང༌། མཐོང་བ་དང་མ་མཐོང་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་དེ་སྒྲིབ་གཉིས་ཟད་པར་སྤངས་པས་རང་དོན་ཆོས་སྐུ་མངོན་དུ་བྱེད་པའི་རྟེན་འབྲེལ་མེ་ལོང་དང༌། དེ་ནས་གདུལ་བྱའི་དོན་སྒྲུབ་པ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་འཕྲིན་ལས་ཉེར་བདུན་སོགས་གསུངས་ཀྱང༌། རྡོ་རྗེ་ཐེག་པའི་སྐབས་འདིར་ཕྲིན་ལས་རྣམ་པ་བཞིའི་ནང་དུ་འདུ་བས། ཐོག་མར་ཞི་བའི་ལས་ལ་ལུས་ཀྱི་ནད་གདོན་སོགས་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་རྫས་གྷི་ཝཾ་དང༌། དེའི་རྒྱུ་ནང་གི་དུག་གསུམ་སོགས་ཞི་བར་བྱེད་པའི་ཞོ། རྒྱས་པའི་ལས་ལ་ཚེ་སྤེལ་


GTD007_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྫས་དུར་བ་དང༌། འདོད་དོན་མཁོ་དགུའི་འབྱོར་བ་རྣམས་ལྷུན་གྱིས་གྲུབ་པར་བྱེད་པ་བིལ་བ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་བཤད་སྒྲུབ་ཀྱི་བྱ་བ་རྣམས་རྒྱས་པར་བྱེད་པ་དུང་དཀར་ཏེ་གསུམ། དབང་གི་ལས་ལ་སྐྱེ་འགྲོ་དབང་དུ་སྡུད་པའི་རྫས་སིནྡྷུ་རའམ་ལི་ཁྲི། དྲག་པོའི་ལས་འགྲུབ་ཕྱིར་གྲུབ་པའི་རྫས་ཡུངས་ཀར་ཏེ་བཀྲ་ཤིས་ཀྱི་གྲངས་དང་ལྡན་པའི་རྫས་འདི་རྣམས་བླ་སློབ་ཡོན་མཆོད་ཐམས་ཅད་ཀྱི་ཕྱག་ཏུ་བཀྲམ་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་བདེན་པའི་ཚིག་ལ་དབང་འབྱོར་བའི་གསུང་གི་ནུས་པས་བྱིན་གྱིས་བརླབས་པ་ལྟར། རྫས་དེ་དག་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་མི་ཤིས་པའི་རྒུད་པ་མཐའ་དག་བསལ་ཏེ། ཕུན་སུམ་ཚོགས་པའི་དགེ་མཚན་གྱི་དཔལ་ཡོན་རྒྱ་ཆེན་པོས་ས་ཕྱོགས་ཡུལ་འཁོར་དང་བཅས་པ་ཐམས་ཅད་ཁྱབ་བྱུང་སྙམ་པའི་སྤྱན་དམིགས་མཛད་དགོས་པ་ཐུགས་ལ་འདོགས་པར་ཞུ། འདི་ནི་རབ་གནས་ཀྱི་ལོ་རྒྱུས་གཙོ་བོར་བཏོན་པའི་བཤད་པ་བྱེད་ཚུལ་གྱི་དབང་དུ་བྱས་པ་ཡིན་ལ། རྟེན་བཞེངས་པའི་ཕན་ཡོན་སོགས་ལས་གཙོ་བོར་བརྩམས་ཏེ་བཤད་པ་བྱེད་པར་འདོད་ན་ཁོ་བོས་བྲིས་པའི་རྟེན་བཞེངས་མཆོད་སོགས་ཀྱི་ཕན་ཡོན་བསྟན་པ་དཀར་ཆག་ལྷའི་རྔ་ཆེན་ལས་ཤེས་པར་བྱའོ། །ཞེས་པ་འདི་ཡང་བཙུན་པ་ྋདཀོན་མཆོག་བསྟན་པའི་སྒྲོན་མེས་བསྒྲིགས་པའོ།། །།


previousརབ་གནས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་བཤད་པ།next