Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད།next

བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད།


GTD007_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད་བཀྲ་ཤིས་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།


GTD007_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཥྚ་མངྒ་ལོ་བྷཱ་བ་བི་བྷཱ་ཥི་ཏོ་ལཀྵྨཱི་ཀྵ་ཎ་ན་མ། བོད་སྐད་དུ། བཀྲ་ཤིས་པའི་རྫས་བརྒྱད་རྣམ་པར་བཤད་པ་བཀྲ་ཤིས་དགའ་སྟོན་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡེ་ཤེས་མེ་ལོང་རྡུལ་བྲལ་དོན་ཀུན་སྣང་བས་བཀྲཾ་བ་རྫོགས་སངས་རྒྱས། །སྡུག་བསྔལ་ནད་སེལ་སྨན་མཆོག་ལས་ཉོན་རྨོངས་པའི་གཉིད་སློང་ཆོས་ཀྱི་དུང༌། །དམར་སེར་ལི་ཁྲིའི་གོས་འཆང་རྣམ་དག་བསླབ་གསུམ་འཛིན་པའི་དགེ་འདུན་ཏེ། །ཤིཾས་པའི་མཆོག་སྦྱིན་སྐྱབས་གསུམ་ཐུགས་རྗེས་འབྲལ་མེད་བྱང་ཆུབ་བར་དུ་སྐྱོངས། །བདེ་གཤེགས་བདེན་པའི་ལྗགས་ཡངས་པདྨོ་ལ། །ཆགས་པའི་བྱིན་རླབས་སྦྲང་རྩིའི་ཐིགས་པ་ཡིས། །གང་ལ་རེག་པར་ཕན་བདེའི་ཟིལ་མངར་གྱི། །རོ་བདའ་ཤིས་པའི་རྫས་ཀྱིས་དགེ་ལེགས་སྤེལ། །གླེང་བར་འོས་པ་དེ་ཡི་ངོ་མཚར་གཏམ། །


GTD007_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ནས་བློ་གྲོས་རལ་པར་འཁྱིལ་པའི་བཅུད། །ས་གསུམ་འཇིག་རྟེན་དྲི་མ་དག་བྱེད་དུ། །ཕབ་འདི་སྐལ་ལྡན་ཤིང་རྟའི་དགའ་སྟོན་མཛོད།། དེའང་བཀྲ་ཤིས་པའི་རྫས་ཀྱི་རྣམ་པར་གཞག་པ་ལ། ཐོག་མར་བཀྲ་ཤིས་རང་གི་ངོ་བོ་ནི། བཀྲ་ཤིས་ཆེན་པོའི་མདོ་ལས། སྔར་བྱས་པ་ཡི་བསོད་ནམས་ཀྱིས། །མཐུན་པའི་ཡུལ་དུ་གནས་པ་དང༌། །བདག་ཉིད་མཆོག་གི་སྨོན་ལམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །ཞེས་གསུངས་ཏེ། དེའི་དོན་ཡང་བཤེས་སྤྲིང་ལས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང༌། །རང་གི་ལེགས་སྨོན་སྔོན་བསགས་བསོད་ནམས་ཏེ། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུངས་པ་ལྟར། ལེགས་བྱས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་འཁོར་ལོ་བཞི་ལྡན་ཐེག་པ་མཆོག་གི་ཤིང་རྟས་དོན་


GTD007_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཕུན་ཚོགས་རྣམ་གྲོལ་ནོར་བུའི་གླིང་དུ་ཕྱིན་པར་བྱེད་པ་ནི་བཀྲ་ཤིས་ཀུན་གྱི་མཆོག་དང་གཙོ་བོར་གསུངས་སོ། །དེར་བགྲོད་པའི་རིམ་པའང་མདོ་དེ་ཉིད་ལས། དཀའ་ཐུབ་དང་ནི་ཚངས་སྤྱོད་བྱ། །འཕགས་པའི་བདེན་པ་མཐོང་བར་བྱ། །མྱ་ངན་འདས་པ་མངོན་སུམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །ཞེས་གནས་སྐབས་མངོན་མཐོའི་ཚངས་སྤྱོད་སོགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང༌། འཕགས་པའི་ལམ་བདེན་པ་བཞིའི་འཇུག་ལྡོག་གི་སྒོ་ནས་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་སྒྲུབ་པ་སྟེ། མདོར་ན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྐས་ཀྱི་གདང་བུ་བཞིན་དུ་བགྲོད་ནས་མི་གནས་པའི་མྱང་འདས་མངོན་དུ་བྱ་བ་ནི་གནས་སྐབས་མཐར་ཐུག་ཀུན་ཏུ་དགེ་བའི་བཀྲ་ཤིས་ཀྱི་མཆོག་ཏུ་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། ཆོས་ཤིས་བཀྲ་ཤིས་བཀྲ་ཤིས་འབྱུང༌། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ཞེས་ཆོས་ཀྱི་བླང་དོར་ཤེས་ཤིང་ལག་ཏུ་བླངས་པ་ལ་བརྟེན་ནས་ཚེ་འདིར་བཀྲ་ཤིས་ཤིང་ཚེ་རབས་ཕྱི་མ་རྣམས་སུའང་བཀྲ་ཤིས་དང་བདེ་སྐྱིད་འབྱུང་ལ། དེའང་ཕྱོགས་རེ་བ་ཙམ་མ་ཡིན་པར་ཚེ་དང་བསོད་ནམས་ཆོས་སྲིད། གནས་སྐབས་མཐར་ཐུག་གི་བཀྲ་ཤིས་ཀུན་གྱིས་ཤིས་པ་དང་བདེ་ལེགས་སུ་འགྱུར་ཞིང་ཕུན་སུམ་ཚོགས་པའི་སྒོ་མ་ཚང་བ་མེད་པའི་དབང་གིས་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་


GTD007_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སུས་ཀྱང་སྨད་དུ་མེད་པས་བཀྲ་ཤིས་པ་དང༌། དེ་ལྟ་བུའི་སྙན་གྲགས་ཀྱིས་ཡིད་འཕྲོག་པའི་སྐྱེ་བོ་བློ་ལྡན་ཀུན་ཀྱང་དེའི་རྗེས་སུ་ཞུགས་ཏེ་ཆོས་ཀྱི་ལམ་ལ་གཞོལ་བས་རང་གཞན་ཀུན་ལ་དགེ་བར་འགྱུར་བ་སོགས་མདོར་ན་ལེགས་བྱས་ཀྱི་རྟེན་འབྲེལ་གཅིག་ལས་གཅིག་འབྱུང་གིས་ལུ་གུ་རྒྱུད་དུ་འབྲེལ་བས་ནམ་ཡང་ཉམས་པ་མེད་པར་གོང་ནས་གོང་འཕེལ་དུ་འགྱུར་རོ།། དེ་ལྟ་བུའི་ལེགས་བྱས་རྟེན་འབྲེལ་ཕུན་སུམ་ཚོགས་པ་དེ་ཉིད་གང་གི་ཐུགས་རྗེ་ལ་བརྟེན་ནས་འབྱུང་བའི་རྩ་བ། ཆོས་ཤེས་བཀྲ་ཤིས་ཞེས་པ་འདིས་བསྟན་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གསུངས་པ་ལྟར་ན། ཆོས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པའི་ཡེ་ཤེས་ཀྱི་ཚོགས་དང༌། བཀྲ་ཤིས་པའི་དགེ་མཚན་རླབས་པོ་ཆེའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱལ་བ་རྣམས་ཀྱིས་ཐུགས་རྗེ་བདེན་པས་བྱིན་གྱིས་བརླབས་པ་ཁོ་ན་ལ་བརྟེན་ནས་འཇིག་རྟེན་གསུམ་དུ་བཀྲ་ཤིས་པའི་ཚོགས་སྔར་བཤད་པ་བཞིན་དུ་འབྱུང་བ་ཡིན་ནོ། །དེའི་ཐུགས་རྗེ་བདེན་སྟོབས་ཀྱིས་དེ་ལྟར་འགྲུབ་པའི་རྒྱུ་མཚན་ཡང་ལེགས་བཤད་གསེར་འཕྲེང་ལས། ཇི་ལྟར་མོས་པ་བཞིན་འགྲུབ་པས་བསྡུས་པའི་སྨོན་ལམ་ལ་དབང་བ་ནི་བརྩོན་འབྲས་ཏེ། སྔོན་སེམས་ཅན་གྱི་དོན་དུ་བརྩོན་པ་མ་བཏང་བས་སོ། །ཞེས་སྔོན་བསྐལ་པ་དཔག་ཏུ་མེད་པར་རང་དོན་


GTD007_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བྱེད་དང་མ་འདྲེས་པའི་གཞན་དོན་ལ་གཅིག་ཏུ་བརྩོན་པར་མཛད་པའི་སྟོབས་ཀྱིས། གཞན་ལ་ཕན་པའི་ཐབས་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན་པ་མཛད་པའི་རིགས་མི་འགྲུབ་པ་ནམ་ཡང་མི་སྲིད་པ་ནི་དབང་བཅུའི་ནང་གི་སྨོན་ལམ་དང་ལས་ལ་དབང་བའི་དོན་ཡིན་ནོ། །ཚུལ་འདི་རིགས་པས་ཀྱང་འགྲུབ་སྟེ། དཔག་བསམ་འཁྲི་ཤིང་ལས། གསུང་གི་ཀྱལ་ཀ་ཁོ་ནས་ཀྱང༌། །འབིགས་བྱེད་ས་དང་མཉམ་པར་གྱུར། །ཅེས་པ་ལྟ་བུ་འཇིག་རྟེན་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་བདེན་སྟོབས་བརྗོད་པས་སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་སུ་བསྒྱུར་ཚུལ་རིག་བྱེད་ནས་འབྱུང་བ་སོགས་ཕྱི་ནང་ཐུན་མོང་དུ་གྲགས་པའི་གཏམ་རྒྱུད་ཀྱང་མང་དུ་ཡོད་ན། བཅོམ་ལྡན་འདས་ཀྱིས་བསྐལ་ཆེན་གྲངས་མེད་གསུམ་དུ་བདེན་ཚིག་བསྲུང་བའི་ནུས་པ་ལ་ཐེ་ཚོམ་ག་ལ་དགོས། རྒྱལ་བ་རང་ཉིད་ཀྱིས་ཀྱང་ལྗགས་ཀྱི་དབང་པོ་བཀྲམ་པས་ཞལ་གྱི་དཀྱིལ་འཁོར་ཁེབས་པར་མཛད་དེ། ལྕེ་འདི་ལྟ་བུས་རྫུན་སྨྲ་བ་སྲིད་དམ་ཞེས་བདེན་ཚིག་གྲུབ་པའི་འབྲས་རྟགས་བསྟན་ཚུལ་འདུལ་བ་ལུང་ལས་གསུངས་ཤིང༌། ཁྱད་པར་དུ་ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མར་བཅས་པ་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་ཚལ་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོའི་རྫུན་གསུང་འགྱུར་བ་སྲིད་པ་མིན། །ཞེས་གསུངས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། རི་དང་ནགས་བཅས་ས་འདི་གས་འགྱུར་ཞིང༌། །རྒྱ་མཚོའི་ཆུ་དག་དེ་བཞིན་འཕོ་འགྱུར་ལ། །ཉི་མ་ཟླ་བ་ས་ལ་ལྷུང་གྱུར་ཀྱང༌། །རྒྱལ་བས་བཤད་


GTD007_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པ་གཞན་མི་འགྱུར། །ཞེས་གང་གསུང་བ་དེའི་ཐོག་ཏུ་མི་འབབ་པ་མི་སྲིད་པར་གསུངས་སོ། །དེ་ལྟར་བདེན་ཚིག་གིས་བྱིན་གྱིས་བརླབས་ན་འགྲུབ་པར་མ་ཟད། འདི་དང་འདི་ལྟར་གྱུར་ན་སྙམ་དུ་བཞེད་པ་ཙམ་ལའང་མི་འགྲུབ་མི་སྲིད་པས། འགྲེལ་པ་དོན་གསལ་ལས་འཕྲིན་ལས་བཤད་པའི་མཇུག་ཏུ་བཞེད་པར་མཛད་པ་ཡིན་ནོ། །ཞེས་གསུངས་པ་དེ་རྒྱལ་བའི་མཛད་པ་རྣམས་བཞེད་ཙམ་གྱིས་ལྷུན་གྲུབ་ཏུ་འབྱུང་བའི་དོན་ཡིན་པར་སློབ་དཔོན་ཆོས་ཤེས་ཀྱི་འགྲེལ་བཤད་ཚིག་གསལ་དུ་གསུངས་སོ། །ཚུལ་འདི་ནི་དཔལ་ལྡན་ཟླ་བས་ཀྱང༌། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲར་མི་འགྱུར། །ཞེས་གསུངས་ཏེ། ཐུགས་ལ་བཞེད་པ་ཙམ་གྱིས་མི་སྲིད་པ་ཅི་ཡང་སྲིད་ཆོག་པའི་ངོ་མཚར་བསམ་ལས་འདས་པ་འདི་ལྟ་བུ་ལས་ལྷག་པའི་གསང་བའི་གནས་སྔགས་ལའང་སྟོན་རྒྱུ་མེད་པས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་སོགས་འདི་འདྲ་བ་མདོ་སྡེ་ལས་འབྱུང་བ་རྣམས་ཀྱང་ཚུལ་བཞིའི་ནང་གི་མཐར་ཐུག་གི་བཤད་པར་སྒྲོན་གསལ་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ཊཱིཀྐར་བཤད་ཅིང༌། གསང་བ་བསམ་མི་ཁྱབ་ཀྱི་ཡོན་ཏན་འདིའི་མིང་ལའང་བཞེད་པ་འཇུག་པའི་ཡོན་ཏན་ཞེས་རྣམ་བཤད་དགོངས་པ་རབ་གསལ་དུ་གསུངས་སོ། །དེ་ལྟར་གདུལ་བྱ་རྣམས་ལ་ཕན་པའི་བཞེད་དགོངས་ཁྱད་པར་ཅན་གྱི་སྒོ་ནས་བདེན་ཚིག་གིས་བཀྲ་ཤིས་


GTD007_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་སུ་བྱིན་གྱིས་བརླབས་པ་བཀྲ་ཤིས་རྫས་བརྒྱད་དུ་གྲགས་པ་འདི་རྣམས་ནི་དབང་བསྐུར་རབ་གནས་སོགས་ལས་དུ་མའི་མཐའ་རྟེན་དུ་དགེ་ལེགས་སྤེལ་བའི་རྟེན་འབྲེལ་ལ་འཕགས་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱིས་འགྲེམ་པར་མཛད་པའི་ཕྱག་བཞེས་མ་ཉམས་པར་གནས་པ་འདི་ཡིན་ལ། དེའང་གནད་གང་ཡིན་གོ་དོན་ལེགས་པར་ཆགས་པའི་སྟེང་ནས་ལག་ལེན་དུ་བསྟར་ན་དེའི་ཚོད་ཀྱིས་ཕན་པ་རླབས་ཆེ་བས་རྒྱུ་མཚན་ལེགས་པར་ཤེས་དགོས། དེའང་བློ་གྲོས་དང་སྐལ་བ་ཕུན་སུམ་ཚོགས་པའི་སྐྱེས་བུ་མཆོག་གི་འདོད་བྱའི་འབྲས་བུ་མཐར་ཐུག་པ་ནི་སངས་རྒྱས་ཀྱི་གོ་འཕང་ཁོ་ན་ཡིན། སངས་རྒྱས་ཀྱི་གོ་འཕང་ཞེས་པའང་གསེར་སྐུ་མཆོད་གྲལ་དུ་བཤམས་པ་ལྟ་བུ་ཞིག་ལ་ཟེར་བ་མིན་གྱི། དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་ཞིག་ལ་འཇོག་དགོས། དེ་ནི་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ན། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དོ། །བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་རང་དོན་ཕུན་ཚོགས་དོན་དམ་པའི་སྐུ་དང༌། གཞན་དོན་ཕུན་ཚོགས་ཀུན་རྫོབ་པའི་སྐུར་གསུངས་ལ། དོན་དམ་པའི་སྐུ་དེར་ངོ་བོ་ཉིད་ཀྱི་སྐུ་དང༌། ཡེ་ཤེས་ཆོས་ཀྱི་སྐུ་གཉིས་ཡོད་ཀྱང་རང་དོན་ཆོས་ཀྱི་སྐུ་ཞེས་གཅིག་ཏུ་བསྡོམས་ནས་སྐུ་གསུམ་དུ་བྱེད་ཚུལ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །ཞེས་དང༌། རྒྱུད་བླར། འདིར་ནི་དང་པོ་ཆོས་སྐུ་སྟེ། །ཞེས་པ་ལྟར་རོ།། དེ་ལྟར་བྱེད་པའི་


GTD007_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ཡང༌། ཐེག་ཆེན་པ་རྣམས་ཀྱི་འདོད་བྱ་དང་དགོས་པའི་གཙོ་བོ་གཞན་དོན་ཡིན་པས། གདུལ་བྱ་མཆོག་དམན་སོ་སོའི་དོན་སྒྲུབ་ཚུལ་གྱི་སྒོ་ནས་ལོངས་སྤྲུལ་གཉིས་སོ་སོར་བགྲང༌། གཟུགས་སྐུ་ཀུན་ཏུ་བཟང་པོའི་འཕྲིན་ལས་ཀྱི་འོད་ཟེར་དེ་གཉིས་གང་ལས་འབྱུང་བའི་རྟེན་ཉི་མའི་དཀྱིལ་འཁོར་ལྟ་བུ་སྤངས་པ་དང་རྟོགས་པའི་བདག་ཉིད་ཆོས་ཀྱི་སྐུ་དེ་ཁོ་ན་ཡིན་པས་གཅིག་ཏུ་བགྲང་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་བའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །མངོན་པར་རྟོགས་པའི་རྒྱན་གྱི་དོན་ཡང་སློབ་དཔོན་སེང་གེ་བཟང་པོས་སྐུ་བཞིར་བྱེད་ཚུལ་འགྲེལ་པའི་རྩོད་ལན་ལྟར་ཡིན་ཀྱང༌། འཕགས་པ་གྲོལ་སྡེས་འདི་དང་མཐུན་པར་སྐུ་གསུམ་དུ་མཛད་དེ། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །ཞེས་པའི་དོན། ཆོས་ཅན་ཟག་མེད་ཡེ་ཤེས་ཀྱི་སྣང་བ་དང༌། ཆོས་ཉིད་དག་པ་གཉིས་ལྡན་གྱི་དབྱིངས་ངོ་བོ་ཐ་མི་དད་ཀྱི་ཚུལ་དུ་མདོར་བསྟན་ཏེ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་ཀྱིས་སྟོང་གཞིའི་སྒོ་ནས་རྒྱས་པར་བཤད་པའི་དབང་དུ་མཛད་ནས་གསུངས་སོ། །སྐབས་འདིར་ཡང་མེ་ལོང་གིས་རང་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བསྒྲིགས། ལྷག་མ་རྣམས་ཀྱིས་གཞན་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བསྒྲིགས་པ་བྱས་ན་སྔར་བཤད་པ་དེ་དག་དང་ཤིན་ཏུ་འགྲིག་སྟེ། མེ་ལོང་ལ་གཡའ་དག་པ་དང་གཟུགས་བརྙན་སྣ་ཚོགས་


GTD007_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བའི་ཁྱད་ཆོས་གཉིས་ཚང་བ་བཞིན། སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་སྟེང་དུ། གློ་བུར་གྱི་དྲི་མ་མ་ལུས་པ་རྣམ་པར་དག་སྟེ་དག་པ་གཉིས་ལྡན་དུ་སོང་བའི་སྤངས་པ་ཕུན་ཚོགས་ངོ་བོ་ཉིད་སྐུ་དང༌། ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་སོགས་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་སྐད་ཅིག་མ་གཅིག་ལ་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མཐའ་དག་ཅིག་ཅར་མངོན་སུམ་དུ་གཟིགས་པའི་རྟོགས་པ་ཕུན་ཚོགས་ཡེ་ཤེས་ཆོས་སྐུ་གཉི་ག་འགྲུབ་པའི་རྟེན་འབྲེལ་གྱི་གནད་ཚང་ངོ༌། །ཚུལ་འདི་ནི་རྣམ་སྣང་མངོན་བྱང་ལས། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །ཅེས་དང༌། རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་གྱིས་ལ། །ཞེས་མེ་ལོང་གི་དབང་དུ་གསུངས་པ་དང་འདྲ་སྟེ། འདིའི་ཚིགས་བཅད་ཛེ་ཏ་རིའི་གཞུང་དུ་འབྱུང་བ་ལས་ཀྱང༌། ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པ། །ཞེས་རྣམ་པར་དག་པའི་ཆ་དང་ཆོས་ཐམས་ཅད་ལ་དབང་འབྱོར་པའི་ཁྱད་པར་གཉིས་སུ་བྱེད་པ་སྔ་ཕྱི་ཐམས་ཅད་དགོངས་པ་མཐུན་ནོ། །སྔགས་ཀྱི་ཐུན་མོང་མ་ཡིན་པ་དང་སྦྱར་ན། དག་པའི་རྟེན་དང་བརྟེན་པའི་གཟུགས་ཕུང་གི་ཆ་ཐམས་ཅད་རྣམ་སྣང་རྣམ་པར་དག་པའི་བདག་ཉིད་ཡིན་ལ། དེ་ཉིད་མེ་ལོང་ཡེ་ཤེས་ཀྱི་རང་མདངས་ཡིན་པའི་ཆ་ནས་ཀྱང་འདིས་གཞན་དོན་ཕུན་ཚོགས་ཀྱི་རྩ་བ་ཚུགས་ཚུལ་ཞིག་ཡོད་པ་ཤེས་དགོས་ལ། ཡེ་ཤེས་གཞན་རྣམས་དེ་ལ་བརྟེན་པས་མེ་ལོང་ལྟ་བུ་དང་ཡེ་ཤེས་ཀུན་གྱི་འབྱུང་གནས་སུ་གྱུར་ཚུལ་མདོ་སྡེ་རྒྱན་རྩ་འགྲེལ་སོགས་སུ་མང་


GTD007_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་སྤྲོས་སོ།། གཉིས་པ་གཞན་དོན་ཕུན་ཚོགས་འགྲུབ་པའི་རྟེན་འབྲེལ་རྫས་ཕྱི་མ་བདུན་གྱི་སྒྲིག་ཚུལ་ནི། སངས་རྒྱས་ཀྱི་འཕྲིན་ལས་མཐའ་ཡས་པ་གསང་བ་བསམ་གྱིས་མི་ཁྱབ་པ་སོགས་མདོ་སྡེ་དུ་མར་གསུངས་ཤིང་རྒྱན་ལས་འཕྲིན་ལས་ཉེར་བདུན་དུ་བསྡུས་པ་དང༌། དེའི་རྒྱུ་མཐུན་སེམས་ཅན་དོན་བྱེད་བཅུ་གཅིག་སོགས་རྒྱལ་སྲས་ཀྱི་སྤྱོད་པ་གཞན་ལ་ཕན་པའི་སྒོ་ཚད་མེད་པ་ཞིག་བྱང་ས་དང་དེའི་རྩ་བར་གྱུར་པའི་བྱང་སེམས་ཀྱི་སྡེ་སྣོད་རྣམས་ལས་གསུངས་མོད་ཀྱང༌། འཕྲིན་ལས་རྣམ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས་འདིར་དེ་དང་སྦྱར་ནས་བཤད་དགོས་སོ། །འདི་ལ་དོགས་པའི་གནས་འདི་ཡོད་དེ། ཕར་ཕྱིན་ཐེག་པ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་ཆ་ཚང་བར་སྒྲུབ་ཚུལ་མ་གསུངས་ན། བློ་གྲོས་མི་ཟད་པ་སོགས་སུ་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དང༌། འབྲས་བུ་སྐྱོན་ཀུན་ཟད་པ་ཡོན་ཏན་ཀུན་རྫོགས་པ་ལ་དམིགས་པས་རྒྱལ་སྲས་ཀྱི་ལམ་ཐམས་ཅད་མི་ཟད་པར་གསུངས་པའི་དོན་མི་ཚང་ལ། རྒྱན་གྱི་ལྡོག་པ་གཟུང་རྟོག་སྐབས་ཉི་ཚེ་བ་སོགས་གསུངས་པ་དེར་འགྱུར་བས་འཕྲིན་ལས་བཞི་མདོ་ལའང་ཚང་དགོས་སོ་སྙམ་ན། ཆེད་དུ་བྱ་བ་དང་འབྲས་བུ་ལ་རྒྱ་ཆེ་ཆུང་བྱུང་ན་སྐྱོན་དེ་འཇུག་ཀྱང༌། སྒྲུབ་བྱེད་ཀྱི་ཐབས་མཁས་མི་མཁས་བྱུང་བ་ལ་སྐྱོན་མེད་དེ། དེ་འདྲ་ཞིག་མེད་ན་མདོ་སྔགས་གཉིས་ཐེག་པ་མཆོག་དམན་གྱི་ཁྱད་འབྱེད་མི་ནུས་སོ། །ཁྱད་པར་འདི་འབྱུང་བའི་རྩ་བ་ནི་ཕར་ཕྱིན་ཐེག་པར་ཉོན་མོངས་གང་ཡང་ལམ་དུ་བྱེད་པ་མེད་ལ།


GTD007_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་འོད་སྲུང་གི་ལེའུར། དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ཡང་སངས་རྒྱས་ཆོས་རྣམས་སྐྱེད་ལ་ཕན། །ཞེས་དང༌། རྒྱན་ལས། འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །ཞེས་གསུངས་ཤིང༌། ལམ་ཤེས་ཀྱི་ཡན་ལག་སྐབས་ཀྱི་རྒྱན་སྣང་ལས། ལམ་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤོང་བར་མི་བྱེད་པ་འདིའི་རང་བཞིན་ཡིན་པས། ཞེས་པ་ལྟར་གསེར་འཕྲེང་ལས་ཀྱང༌། དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་དེ་དག་གིས་བྱང་སེམས་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ལ། ཞེས་སོགས་དང༌། ཁྱེའུ་སྐར་མའི་ལོ་རྒྱུས་ལྟ་བུ་མདོ་དུ་མར་འབྱུང་བས་འདོད་ཆགས་ལམ་གྱི་གྲོགས་སུ་བྱེད་པ་ཙམ་ཞིག་མདོ་ལའང་ཡོད་མོད། ཞེ་སྡང་ནི་སྙིང་རྗེའི་དངོས་ཀྱི་འགལ་ཟླ་ཡིན་པས་ལམ་གྱི་གྲོགས་སུ་འགྲོ་བ་ནམ་ཡང་མི་སྲིད་པར་ཐེག་བསྡུས་ལས་གསུངས་སོ། །ཉེ་བར་འཁོར་གྱིས་ཞུས་པ་ལས། ཞེ་སྡང་ནི་སེམས་ཅན་ཡོངས་སུ་གཏོང་བར་བྱེད་ལ། འདོད་ཆགས་ནི་སེམས་ཅན་སྡུད་པར་བྱེད་པར་གསུངས་པ་དང༌། ཐབས་ལ་མཁས་པའི་མདོར། ཞེ་སྡང་གིས་སྙིང་རྗེ་དང་བྲལ་བར་བྱས་ན་ཐབས་མཁས་ཀྱང་མེད་པར་འགྲོ་བས་སེམས་ཅན་སྤྱིའི་དོན་ལས་ཉམས་ཚུལ་སོགས་བསླབ་བཏུས་ལས་ལྟུང་བའི་ལྕི་ཡང་གི་སྐབས་སུ་རྒྱས་པར་དྲངས་ནས་གསུངས་པ་ཐེག་བསྡུས་དང་མཐུན་ནོ། །དེ་ལྟར་ན་ཞི་རྒྱས་དབང་དྲག་གི་ལས་བཞིའི་ནང་ནས་སྔ་མ་གཉིས་མདོ་ལ་ཡོད་ཀྱང་མངོན་སྤྱོད་དྲག་པོའི་ལས་ཀྱིས་གཞན་དོན་སྒྲུབ་ཚུལ་མདོ་ལ་མེད། དབང་ལའང་ཞི་དྲག་གི་ཆ་གཉིས་ཡོད་པས་ཕྱི་མ་མེད་དེ། འདི་དག་གི་རྒྱུའི་ཀུན་སློང་སྙིང་རྗེ་ཤུགས་


GTD007_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཕར་ཕྱིན་གྱི་གདུལ་བྱའི་དེ་ལས་ལྷག་པ་ཞིག་ཡོད་ཀྱང་དུས་ཀྱི་ཀུན་སློང་ཁྲོ་སེམས་ཤིག་བྱེད་དགོས་པས། གསང་སྔགས་ཀྱི་གདུལ་བྱ་མཆོག་གིས་དུག་སྨན་དུ་བསྒྱུར་བ་བཞིན་དེའང་ལམ་གྱི་གྲོགས་སུ་བྱེད་ནུས་ལ་མདོའི་གདུལ་བྱས་དེ་མི་ནུས་པས་ལས་དེ་གཉིས་མ་གསུངས་པ་ཡིན་ནོ། །དུས་ཀྱི་ཀུན་སློང་དེ་ལྟར་དགོས་པ་ལས་དེ་དག་བྱེད་པའི་དུས་འབྱུང་བཞིའི་རླུང་དང་སྦྱོར་ཚུལ་གསུངས་པ་སོགས་ཀྱིས་ཤེས་ཏེ་གཤེད་སྐོར་གྱི་རྒྱུད་དང་རྒྱུད་འགྲེལ་རྣམས་སུ་བལྟས་ན་གསལ་ལོ། །དེས་ན་འདིར་འཕྲིན་ལས་བཞི་དང་སྦྱོར་བ་ལ། ཐོག་མར་ཞི་བའི་ལས་ཀྱིས་ཞི་བར་བྱ་རྒྱུ་ནི། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །ཞེས་སོགས་ལྟར་ནད་ལྟ་བུའི་འབྲས་བུ་སྡུག་བསྔལ་དང༌། ནད་ཀྱི་རྒྱུ་ལྟ་བུའི་ལས་ཉོན་གྱི་ཀུན་འབྱུང་གཉིས་ལས་མ་འདས་པས་དང་པོ་སྡུག་བསྔལ་ཞི་བར་བྱེད་པའི་རྫས་ནི་གྷི་ཝཾ་སྟེ། རང་གི་ངོ་བོའི་སྒོ་ནས་ཀྱང་ནད་སེལ་བའི་སྨན་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། སངས་རྒྱས་ཀྱི་གསུང་གིས་བདེན་པ་བདར་བའི་སྒོ་ནས་སྡུག་བསྔལ་མཐའ་དག་སེལ་བའི་སྨན་མཆོག་ཏུ་འགྱུར་རོ། །ནད་རིགས་བཞི་བརྒྱ་རྩ་བཞི་ཡོད་ཀྱང་བསྡུ་ན་རླུང་མཁྲིས་བད་ཀན་གསུམ་དུ་འདུ་ལ། དེ་གསུམ་དུག་གསུམ་སོ་སོས་སྐྱེད་ཚུལ་སྨན་གྱི་གཞུང་ལས་ནད་སོ་སོའི་རྒྱུ་དང་རྐྱེན་བཤད་པའི་སྐབས་སུའང་འབྱུང་བས་དུག་གསུམ་ཞི་ན་ནད་ཀུན་ཞི་བར་འགྱུར་རོ།། དུག་གསུམ་རང་རང་གི་གཉེན་པོ་འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་པ་ལྟ་བུ་གསུངས་ཀྱང༌། རྣམ་འགྲེལ་ལས། བྱམས་


GTD007_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །གསུངས་པ་ལྟར་དེ་དག་གིས་ཉོན་མོངས་པའི་ས་བོན་དྲུངས་འབྱིན་པར་མི་ནུས། དེ་དྲུངས་འབྱིན་བྱེད་ཀྱི་སྨན་ནི། རྗེ་བླ་མས། སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་ལམ། །ཞེས་བསྔགས་པ་བཞིན་ཆོས་ཉིད་སྤྲོས་བྲལ་གྱི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་འབའ་ཞིག་གཙོ་བས་འདིའི་ཚིགས་བཅད་དུའང༌། སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཞེས་གསུངས་པ་ཡིན་ནོ། །འབྲུག་པ་སངས་རྒྱས་རྡོ་རྗེའི་འཇིག་རྟེན་དགའ་བའི་ཟློས་གར་ལས་གྷི་ཝཾ་འབུལ་མཁན་གླང་པོ་ཆེ་ས་སྲུང་གི་བུ་ཡིན་པས་གླང་པོ་ཆེ་ནོར་སྐྱོང་ཞེས་པ་ནོར་བར་བཤད་ཀྱང༌། ནོར་སྐྱོང་ཞེས་པ་ཙམ་གྱིས་མ་སྐྱེས་དགྲས་བཅོམ་ལྡན་འདས་ལ་རྦད་པའི་གླང་པོ་དེ་ཉིད་ཡིན་དགོས་པའི་ངེས་པ་མེད། གལ་ཏེ་ཡིན་ནའང་དེ་མི་ཡུལ་གྱི་གླང་པོ་ཆེ་གཞན་ལས་སྟོབས་ཤིན་ཏུ་ཆེ་བ་ལྷ་ཀླུའི་ཡུལ་གྱི་གླང་པོ་ཆེའི་རྒྱུད་ཅིག་ཡིན་པར་བཤད་པས་ས་སྲུང་གི་བུ་མ་ཡིན་པར་ཡང་ཁ་ཚོན་མི་ཆོད་དོ། །གཉིས་པ་ལས་ཉོན་ཞི་བར་བྱེད་པའི་རྟེན་འབྲེལ་གྱི་རྫས་ནི་ཞོ་སྟེ། རྩི་ཐོག་གི་བཅུད་བསྡུས་པའི་སྙིང་པོ་འོ་མ་དང༌། དེ་བསྐོལ་ཞིང་བསྙལ་བ་སོགས་ཀྱི་ལས་སུ་བྱ་བའི་རིམ་པས་ཞོར་འགྱུར་བ་བཞིན། འཁོར་འདས་ཀུན་གྱི་གཞིར་གྱུར་པ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ལམ་བསྒོམ་པའི་བྱ་བས་རིམ་གྱིས་སྦྱངས་པས་གོང་ནས་གོང་དུ་འཕོས་ཏེ་རྒྱལ་བའི་གོ་འཕང་འགྲུབ་པའི་ཚུལ་རྣམ་གཞག་རྣམ་པ་བཅུས་གཏན་ལ་ཕབ་པ་བཞིན་ཡིན་པས་རྒྱལ་བའི་སྙིང་པོ་ཞེས་བཤད་པ་ཡིན་ཏེ། རྒྱུད་བླ་མ་ལས། དེ་ལྟར་


GTD007_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྙིང་པོ་ན། །རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཅེས་གསུངས་ལ། རྒྱན་སྟུག་པོ་བཀོད་པར། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་དང༌། ལང་གཤེགས་ལས། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞིའི་རྣམ་པར་ཤེས་པར་བསྒྲགས་པ་ཞེས་སོགས་ཀྱང་སེམས་ཀྱི་ཆོས་དབྱིངས་རང་བཞིན་གནས་རིགས་དེ་ཉིད་འཁོར་འདས་ཀུན་གྱི་གཞིར་གྱུར་པ་ལ་དགོངས་ནས་སྙིང་པོ་དང་ཀུན་གཞི་རྣམ་གྲངས་སུ་གསུངས་པ་ཡིན་ནོ། །འདིའི་ཚིགས་བཅད་དུ། ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །ཞེས་པའང༌། རིགས་ཀྱི་སྐད་དོད་གོ་ཏྲ་ཞེས་པའི་གོ་གུ་ཎ། ཏྲ་ཏ་ར་བྱས་པས་ཡོན་ཏན་གྱིས་སྒྲོལ་བ་སྟེ་དེ་ཉིད་སྦྱངས་པ་ལས་སྤྲིན་ནམ་མཁར་ཡལ་བ་བཞིན། ལས་ཉོན་གྱི་དྲི་མ་མཐའ་དག་དེའི་ངང་དུ་ཟད་པའི་འགོག་པ་རང་སྟེང་དུ་མཐོང་བ་ནི་གྲོལ་བ་ཐོབ་པ་ཡིན་པས། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །ཞེས་པ་ནས། དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་པར་གསལ། །ཞེས་དང་པོ་མཐོང་སྤངས་ཙམ་སྤངས་པ་ནས་མཐར་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་སྤངས་པའི་བར་ལ་ཆོས་སྐུ་རིམ་གྱིས་མཐོང་བར་གསུངས་སོ། །སྙིང་པོ་ཞེས་པ་ཆོས་ཉིད་ཙམ་ལ་བྱེད་མི་རིགས་ཏེ། སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། །ཞེས་དེ་རྣམ་དག་ཡེ་ཤེས་སུ་བཤད་པས་སོ་སྙམ་ན། འདི་ནི་རྒྱུད་བླ་མར། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །གསུངས་པ་བཞིན་ཟག་མེད་ཡེ་ཤེས་འབྱུང་


GTD007_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གི་ནུས་པ་གནས་པ་ཙམ་ལ་དགོངས་ཀྱི། ཐོས་བསམ་གང་ཡང་མ་བྱས་པའི་དུས་ནས་ཟད་མེད་ཡེ་ཤེས་རང་བྱུང་དུ་ཡོད་པར་འདོད་པ་ཇོ་ནང་པའི་ལུགས་ལྟ་བུ་མིན་ནོ། །འདི་ལའང་སངས་རྡོར་གྱིས། ཞོ་འབུལ་མཁན་ཁྱིམ་བདག་བཟང་སྐྱོང་དང་ལེགས་སྐྱེས་མས་འོ་མ་ཕུལ་བ་ཡིན་པས། བླ་མ་སྔ་མ་རྣམས་ལེགས་སྐྱེས་མས་ཞོ་ཕུལ་ཞེས་པ་དེ་འབུལ་མཁན་དང་འབུལ་རྒྱུའི་རྫས་གཉི་ག་ནོར་བ་ཡིན་ཞེས་བཤད་མོད་ཀྱང༌། འབུལ་མཁན་གཉི་ག་ལུང་ལས་འབྱུང་བས་གཅིག་ཁོ་ནར་ངེས་མི་དགོས་ཤིང༌། དེའི་ནང་ནས་ལེགས་སྐྱེས་མས་བསྙེན་བཀུར་བ་དེས་གསེར་མདོག་ལང་ཚོ་དར་བ་སོགས་དགེ་མཚན་ཆེ་བར་བྱུང་བ་ཀུན་ལ་གྲགས་ཆེ་བས་དེ་སྨོས་པ་དགོས་དབང་ཡིན། རྫས་ཀྱང་བ་སྟོང་གི་འོ་མ་ཉིང་ཁུར་བྱས་ཏེ་སྦྲང་རྩི་བཏབ་ནས་ཕུལ་བར་གསུངས་ཀྱང་དེས་འོ་མ་ཡིན་པར་མི་འགྲུབ་སྟེ། ཉིང་ཁུར་བྱས་ཞེས་པ་སྙིང་པོ་བླངས་པའི་དོན་ཡིན་པས་མར་དང་ཞོ་སོགས་འོ་མའི་སྙིང་པོ་ཡིན་ལ། དེར་མ་ཟད་འོ་མའང་རྩི་ཐོག་གི་བཅུད་ཡིན་པས། ཡེ་ཤེས་རྡོ་རྗེའི་རྣམ་འཇོམས་ཀྱི་འགྲེལ་པར། རྩི་ཐོག་གི་སྙིང་པོ་མར་དང་ཆུའི་སྙིང་པོ་ལན་ཚྭར་གསུངས་པ་བཞིན་ནོ།། མདོར་ན་སེམས་ཀྱི་ཆོས་ཉིད་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་དུག་གསུམ་གྱི་དྲི་མ་དང་བྲལ་བར་གྱུར་པ་ལ་གྲོལ་བ་དང་ཐར་པ་ཞེས་པ་ཡིན་པས་དེའི་རྟེན་འབྲེལ་རྫས་འདིའི་སྟེང་ནས་བསྒྲིགས་པ་ཡིན་ནོ། །རྒྱས་པའི་ལས་ལ་ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཏེ་ཆོས་སྲིད་ཀྱི་ཆ་གཉིས་སུ་ཡོད་པས། དང་པོ་ཚེའི་རྟེན་འབྲེལ་ནི་དུརྦའི་སྒོ་ནས་བྱེད་པ་ཡིན་ཏེ་འདི་ཉིད་ཚེ་


GTD007_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བའི་རྫས་སུ་རྒྱུད་དུ་མ་དང་འོད་སྙེ་སོགས་སྦྱིན་སྲེག་གི་གཞུང་ཀུན་མཐུན། འདི་ལ་མིང་གི་སྟེང་ནས་ཀྱང་རྟེན་འབྲེལ་ཁྱད་པར་ཅན་ཞིག་ཡོད་དེ། འདིའི་སྐད་དོད་དུ་རྨ་རཱ་ཞེས་པ་འཆི་དཀའ་བའམ་འཆི་བས་མི་ཐུབ་པ་ལ་འཇུག །ས་ཧ་མྲ་བིརྻྻཱ་ཞེས་པའང་གཞན་གྱིས་མི་ཐུབ་པའི་སྟོབས་སམ་ནུས་པ་སྟོང་དང་ལྡན་པ་ལ་འཇུག་པའི་ཕྱིར་ཏེ། འདོད་འཇོར་རྒྱུད་གཞན་དྲངས་པ་ལས། ནུས་པ་སྟོང་ལྡན་མཐའ་ཡས་དང༌། །འཆི་དཀའ་ངན་སྤོང་བུ་སྐྱེ་ལྡན། །ཞེས་འབྱུང་བས་སོ། །རྩྭ་འདིའི་ངོས་འཛིན་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་རམ་པའམ་འཇག་མར་གྲགས་པ་འདི་ཡིན་ཏེ། སངས་རྒྱས་གསང་བའི་རྣམ་འཇོམས་འགྲེལ་པ་ལས། དུརྦ་ནི་རམ་པ་སྟེ། ཞེས་སོ། །འདིའི་རྩ་བ་ལ་ཚིགས་ཤིན་ཏུ་མང་བས་ཤ་ཏ་སརྦྦི་ཀཱ་ཞེས་ཚིགས་བརྒྱ་པར་ཡང་གྲགས་པའི་ཕྱིར། འཆི་མེད་མཛོད་ལས། དུརྦ་དང་ནི་ཚིགས་བརྒྱ་པ། །ཞེས་སོ། །དེར་མ་ཟད་ཚིགས་རེ་རེའི་མཚམས་ནས་མྱུ་གུ་སྐྱེ་བས་བརྫིས་པ་དང་བཅད་པ་སོགས་ཀྱིས་སྐམ་མི་ནུས་པས་འཆི་དཀར་བཏགས་པ་ཡིན་ལ། དེའི་ཆ་ནས་ཀྱང་ཚེའི་རྟེན་འབྲེལ་དུ་འགྱུར་ལུགས་ཤིག་ཡོད་དེ། དཔེར་ན་སྨན་གྱི་གཞུང་ལས། ཤུག་པ་བ་ལུ་མཚེ་དང་མཁན་པ་བཞ། །དགུན་མི་སྐམ་པ་ཚེ་ཡི་གསོས་སུ་འགྱུར། །ཞེས་ཤིང་རང་ཉིད་མི་སྐམ་པ་དེ་ཚེའི་རྟེན་འབྲེལ་ལ་ཕན་པར་བཤད་པ་བཞིན་ནོ། །འདིའི་ཚིགས་བཅད་དུ། རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ཏེ། །ཞེས་པ་ཡོངས་གྲགས་ཀྱི་རྡོར་སེམས་ཙམ་ལ་བྱེད་མི་དགོས། དཀྱིལ་


GTD007_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གང་དང་འབྲེལ་བར་ལས་བྱེད་པའི་དཀྱིལ་འཁོར་དེའི་གཙོ་བོ་ནི་སྐབས་དེའི་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔར་འཇོག་པས་བརྟག་གཉིས་ལས། རྡོ་རྗེ་མི་ཕྱེད་ཅེས་བྱ་སྟེ། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་གསུངས་སོ། །ཚེའི་དངོས་གྲུབ་བསྒྲུབ་པའང་རང་གིས་ལེགས་པར་བསྒྲུབས་ཐུབ་ན་ཚེ་ལྷར་གྲགས་པ་ཞིག་མི་དགོས་པར་དཀྱིལ་འཁོར་གང་གི་སྒོ་ནས་ཀྱང་ཚེའི་དངོས་གྲུབ་བདེ་བླག་ཏུ་འགྲུབ་ནུས་པའི་ཚུལ་སྔགས་རིམ་ལས། དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་བཟླས་པ་དང་བསྒོམ་པ་ཚད་དུ་སོང་ན། དེ་ནས་ལྷའི་རྣལ་འབྱོར་དེ་ཉིད་ལ་ཁ་སྒྱུར་ལུགས་རེ་བྱས་པས། ཞེས་པ་ནས། གང་ཡང་བྱས་པས་ཆོག་པས་ཚེ་སྒྲུབ་དང་བློ་འཕེལ་སོགས་ཀྱི་གདམས་པ་རྣམས་ཟུར་ནས་བཙལ་མི་དགོས་སོ། །ཞེས་གསུངས་སོ། །འདི་ལའང་སངས་རྒྱས་རྡོ་རྗེས། དུརྦ་འབུལ་མཁན་བྲམ་ཟེ་ཀུནྡྷ་ལི་ཡིན། རྩྭ་འཚོང་ཁྱེའུ་བཀྲ་ཤིས་ཀྱིས་ཀུ་ཤ་ཕུལ་བ་ཡིན་ཞེས་བཤད་ཀྱང༌། ཁྱེད་ཅག་ཚད་མར་བྱེད་པའི་མཚམས་ཁྲིད་ཀྱི་ཡི་གེ་མང་པོར་དུརྦ་གདན་དུ་བྱེད་ཚུལ་འབྱུང་བ་འདི་སྟོན་པས་རྩྭ་འཚོང་གི་ཁྱེའུ་ལས་བླངས་པའི་རྩྭའི་གདན་ལ་བྱང་ཆུབ་མངོན་དུ་མཛད་པ་དེ་དང་རྟེན་འབྲེལ་སྒོ་བསྟུན་པ་མིན་ན་དེའི་རྒྱུ་མཚན་སྨྲ་དགོས་སོ། །གཉིས་པ་བསོད་ནམས་རྒྱས་པར་བྱེད་པའི་རྫས་བིལ་པ་སྟེ། འདིའི་ཚིགས་བཅད་ཀྱི་དངོས་ཟིན་ལ་བསམ་པའི་དོན་འགྲུབ་པ་གཙོ་བོར་སྨོས་ཀྱང༌། རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་པ་ལྟར་བསམ་དོན་འགྲུབ་པ་བསོད་


GTD007_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ལ་རག་ལས་པས། འབྲས་བུ་དེ་དོན་དུ་གཉེར་ན་རྒྱུ་བསོད་ནམས་འཕེལ་བའི་ཐབས་གཙོ་བོར་བྱེད་དགོས་ཏེ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ། །མངོན་དགྱེས་འབྲས་བུ་རྣམས་ལ་མིན། །སྒྲུབ་པ་བཟང་པོ་འདི་ཉིད་ཀྱིས། །ཁྱོད་ཀྱི་ཡོན་ཏན་ཕུན་སུམ་ཚོགས། །ཞེས་གསུངས་པ་ལྟར་རོ། །འདི་ལའང་མིང་གི་སྟེང་ནས་རྟེན་འབྲེལ་འགྲིག་རྒྱུ་ཞིག་ཡོད་དེ། དཔལ་ཞེས་པ་བསོད་ནམས་ཀྱི་མིང་གི་རྣམ་གྲངས་ཡིན་པས། ཨ་མ་ར་ཀོ་ཥར་དཔལ་འབྲས་ཞེས་གསུངས། ཀ་མ་དྷེ་ནུས། འདིའི་འབྲས་བུས་དགའ་བས་ཤྲཱི་ཕ་ལཿ དགའ་བའི་འབྲས་བུའོ། །ཞེས་གསུངས་སོ། །འདིའི་ཚིགས་བཅད་དུ། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །ཞེས་གསུངས་པ་གནད་ཤིན་ཏུ་ཟབ་སྟེ། གོ་ཆའི་བཀོད་པ་བསྟན་པའི་མདོ་ལས། རྒྱུ་དང་རྐྱེན་ནི་མང་པོ་དག །ལྷན་ཅིག་འདུས་ལས་བྱུང་བ་ཡིན། །རྐྱེན་ནི་མང་པོ་འདུས་པའི་ཕྱིར། །རང་བཞིན་གྱིས་ནི་མེད་པ་ཡིན། །ཞེས་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་པའི་གཏན་ཚིགས་ཀྱིས་རང་བཞིན་མེད་པར་སྒྲུབ་པས་རིགས་པ་དྲུག་ཅུ་པར། གང་གིས་སྟོང་དང་རྟེན་འབྱུང་དང༌། །དབུ་མའི་ལམ་དུ་དོན་གཅིག་པར། །ཞེས་སྟོང་པ་དང་རྟེན་འབྱུང་དོན་གཅིག་པར་གསུངས་ཏེ། བདེན་པར་གྲུབ་ན་རྒྱུ་རྐྱེན་གྱིས་བཅོས་སུ་མི་རུང་ལ། བདེན་གྲུབ་ཀྱིས་སྟོང་པའི་གནད་ཀྱིས་གནས་སྐབས་མཐར་ཐུག་གི་དགོས་དོན་ཐམས་ཅད་འགྲུབ་རུང་བ་འདི་ལ་དགོངས་ཏེ། རྩ་ཤེ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །


GTD007_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ཡིན་ནོ།། དེ་ལྟར་རྐང་པ་དང་པོས་རྟེན་འབྱུང་གི་རྣམ་གཞག་གསུངས་པའི་འཕྲོར། འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་དག །ཅེས་གསུངས་པ་ནི་སྔ་མའི་རྟེན་འབྱུང་གི་རྣམ་གཞག་དེ་ལ་ཕྲ་རགས་གཉིས་ཡོད་པས། རགས་པ་རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བར་ཡིད་ཆེས་པ་དེ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིན་ཞིང༌། དེའི་སྒོ་ནས་བླང་དོར་གོ་མ་ལོག་པར་བྱེད་པ་དེ་འཇིག་རྟེན་པའི་ཡང་དག་པའི་སྤྱོད་པ་ཡིན། རྟེན་འབྱུང་ཕྲ་མོ་མིང་རྐྱང་བཏགས་ཡོད་ཙམ་ལས་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་མེད་པར་རྟོགས་པ་ནི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་དང༌། དེས་ཟིན་པའི་ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་རྣམས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་སྤྱོད་པ་ཡིན། ལྟ་སྤྱོད་སྔ་མས་མཐོ་རིས་དང༌། ཕྱི་མས་ཐར་པ་འགྲུབ་པས་བཤེས་སྤྲིང་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །ཅེས་གསུངས་སོ། །གདུལ་བྱ་འཁྲིད་པའི་རིམ་པ་དེའི་སྒོ་ནས་བྱང་ཆུབ་སྙིང་པོ་མཆོག་ཏུ་དག་ཚུལ་ཡང་རིན་ཆེན་ཕྲེང་བ་ལས། དང་པོ་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བའོ། །གང་ཕྱིར་མངོན་པར་མཐོ་ཐོབ་པས། །རིམ་གྱིས་ངེས་པར་ལེགས་པ་འབྱུང༌། །ཞེས་པའི་དགོངས་པ་ཡིན་ཞིང༌། རྩ་ཤེ་ལས། དམ་པ་མིན་ལ་བདག་འཛིན་མཆོག །ཅེས་སོགས་དང༌། བཞི་བརྒྱ་པར། བསོད་ནམས་མིན་པ་དང་པོར་བཟློག །ཅེས་སོགས་དང་གནད་


GTD007_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག་ཚུལ་ཡང་འདི་ཡིན་ནོ། །དེང་སང་བླུན་པོ་ཕལ་ཆེར་ལས་འབྲས་ཁྱད་དུ་བསད་དེ་ཁྲེལ་མེད་ཀྱི་ངན་སྤྱོད་འདི་ཕྱི་ཐམས་ཅད་ཕུང་ལ་འདེབས་པ་རེ་བྱས་ནས། དེ་འཇིག་རྟེན་གྱི་བྱ་བ་ཤེས་པ་དང་འགྲུབ་པ་ཡིན་སྙམ་པ་ནི་གོ་ལོག་ཡིན་ཏེ། ཡ་རབས་མ་རབས་སྤྱོད་པས་ཕྱེད། །ཅེས་དེ་འདྲ་འཇིག་རྟེན་ནའང་མ་རབས་ཁྲེལ་མེད་ཅེས་ཀུན་གྱིས་སྨད་པའི་གནས་སུ་འགྱུར་ལ། སུས་ཀྱང་དེར་ཡིད་མི་ཆེས་ཤིང་ནམ་ཕུགས་ཀུན་གྱིས་འཕྱ་བ་ཞིག་འབྱུང་བ་ནི་ཤེས་རབ་སྡོང་བུ་ལས། དམ་པའི་བུ་ལ་གདོང་ན་པདྨ་མེད། །སྨད་འཚོང་བུ་ལ་ཀླད་ནས་རྭ་མ་སྐྱེས། །ཇི་ལྟ་ཇི་ལྟར་ལོག་པར་ཕྱེད་གྱུར་པ། །དེ་ལྟ་དེ་ལྟར་ནལ་བུའི་མཚན་ཉིད་བརྗོད། །ཅེས་དང༌། སྐྱེས་རབས་ལས། འཇིག་རྟེན་སྨོད་པས་འཛེམ་པ་མེད་པ་དང༌། །ཆོས་དང་ཕྱི་མའི་འབྲས་བུར་མི་ལྟ་བ། །གང་ཡིན་དེ་ལ་སྐྱེ་བོ་ཡིད་མི་ཆེས། །ལྷ་དང་དཔལ་གྱིས་རབ་ཏུ་སྤངས་པར་འགྱུར། །ཞེས་དང༌། གཡོ་སྒྱུ་ཧ་ཅང་ཆེས་ན་རང་གི་ནང་མི་རྣམས་ཀྱང་ཞེ་ཁྲེལ་ནས་འགྲོ་བས་དེ་ཉིད་ལས། སྐྱོན་དང་ཡོན་ཏན་རྣམ་བརྟག་ན། །ནང་མིའམ་ཡང་ན་ཕྱི་མིའང་རུང༌། །འཇིག་རྟེན་ན་ནི་བཀུར་སྟི་དང༌། །སྨད་པར་བྱ་བའི་གནས་སུ་འགྱུར། །ཞེས་གསུངས་སོ། །དེས་ན་འཇིག་རྟེན་ཡང་ཡ་རབས་ཀྱི་ལུགས་བཞིན་དྲང་པོར་བྱེད་ཤེས་ན་ཆོས་སུ་འགྲོ་བས། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང། །ལྷ་དང་


GTD007_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་པ་དྲུང་ན་འདུག །ཅེས་དང༌། སྐྱེས་རབས་ལས། ཆོས་དང་མི་འགལ་བར་འཇིག་རྟེན་གྱི་ཚུལ་ལ་མཁས་པ། ཞེས་གསུངས་ཤིང༌། ས་སྐྱ་པཎྚི་ཏས་ཀྱང༌། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང༌། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །ཞེས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཡ་རབས་ཀྱི་ལུགས་དེ་གཞིར་བཞག་པའི་ཚུལ་ལུང་སྡེ་བཞི་ན་ཤིན་ཏུ་མང་ཞིང༌། འོད་ལྡན་ལས་ཀྱང༌། སྐྱེ་བོ་ཡ་རབས་རྣམས་ཀྱིས་སྨད་པ་ཁོ་ན་དག་ལ་བཅོམ་ལྡན་འདས་ཀྱིས་བཀག་པའི་ཕྱིར། ཞེས་གསུངས་སོ། །བྱེད་ཤེས་ན་འཇིག་རྟེན་ཡང་ཆོས་སུ་འགྲོ། བྱེད་མ་ཤེས་ན་ཆོས་ཀྱང་སྡིག་ཏུ་འགྲོ་བས་འདིར། འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་དག་ཅེས་པ་ལས་བརྩམས་ཏེ་ཅུང་ཟད་བཤད་པ་ཡིན་གྱི། བྱང་སར་བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པར་བྱེད་ཚུལ་དང༌། བསླབ་བཏུས་ལས་འཇིག་རྟེན་མ་དད་པ་བཀག་ནས་སེམས་འཛིན་དགོས་པར་མདོ་དུ་མ་དྲངས་ཏེ་གསུངས་ཚུལ། འཇིག་རྟེན་གྱི་དཔལ་འབྱོར་དུ་གྲགས་པ་དེའང་དཔལ་དུ་འགྲོ་མི་འགྲོ་བསོད་ནམས་ཡིན་མིན་སྐྱེས་རབས་དང་ཇོ་བོ་ཡབ་སྲས་ཀྱི་གསུང་སྒྲོས། བེའུ་བུམ་སྔོན་མོ་སོགས་སུ་འབྱུང་བ་མཐའ་ཡས་ཀྱང་མ་སྤྲོས་སོ།། བིལ་བ་འབུལ་མཁན་ཤིང་གི་ལྷ་མོ་ཡིན་ཞེས་ཚངས་པས་ཕུལ་བ་བཀག་ཀྱང༌། དེ་གཉིས་ཕན་ཚུན་སྤངས་ཏེ་འགལ་བ་མ་ཡིན་པས། ཚངས་པས་ཕུལ་བ་རྣམ་གཅད་ལ་ཁེགས་དོན་མེད་ཅིང༌། སྟོན་པས་ཆོས་འཁོར་བསྐོར་བ་ལ་ཚངས་པས་བསྐུལ་དགོས་པའི་རྒྱུ་མཚན་དེ་


GTD007_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོར་གྲགས་པས་ཀུན་ཡིད་ཆེས་པའི་ཐབས་སུ་ལུང་ལས་གསུངས་པ་བཞིན་འདིའང་དོན་ཐམས་ཅད་འགྲུབ་པ་ལ་འབུལ་བ་པོའི་ཆ་ནས་ཀྱང་རྟེན་འབྲེལ་གྱི་སྒོ་ཞིག་ཡོད་དོ། །གསུམ་པ་ཆོས་ཀྱི་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པར་བྱེད་པའི་རྟེན་འབྲེལ་གྱི་རྫས་དུང་གཡས་འཁྱིལ་ཏེ། འདིའི་ཚིགས་བཅད་ཀྱི་རྐང་པ་དང་པོས་ཐོས་པའི་རྟེན་འབྲེལ་དང༌། གཉིས་པས་ཐོས་དོན་བསམ་པས་སྒྲོ་འདོགས་བཅད་དེ་སྒོམ་བྱུང་གི་ཡེ་ཤེས་མངོན་དུ་བྱེད་ཚུལ། གསུམ་པས་རང་གིས་ངེས་ནས་གཞན་ལ་སྟོན་ཚུལ། བཞི་པས་སྨྲ་བ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་འགྲུབ་ཚུལ་ཏེ་བཤད་སྒྲུབ་ཀྱི་བྱ་བ་ལམ་འབྲས་བུ་དང་བཅས་ཏེ་ཆ་ཚང་བར་སྟོན་པ་ཡིན་ནོ། །འོན་ཀྱང་དངོས་སུ་མཚོན་རྒྱུ། དུང་གི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཞེས་ཆོས་ཉན་བཤད་ཀྱི་ཐོས་པ་གཙོ་བོར་མཛད་པ་ནི་ལམ་བགྲོད་པའི་མགོ་རྩོམ་བྱེད་ཀྱི་གཞི་རྩ་དེ་ལ་རག་ལས་པའི་གནད་ཀྱིས་ཡིན་ཏེ། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། །ཞེས་སོགས་དང༌། རྒྱུད་བླ་མ་ལས། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་དང༌། ཤེས་རབ་མཆོག་ཡིན་དེ་གཞི་ན། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་གསུངས་སོ། །བཞི་བརྒྱ་བར་ཡང༌། མཉན་པ་པོ་དང་མཉན་བྱ་དང༌། །སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་


GTD007_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ན། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་མགོ་ཆོས་ཉན་བཤད་ཀྱི་རྟེན་འབྲེལ་འདི་དཔྱིས་ཕྱིན་པ་ཞིག་དཀའ་བས་འཁོར་མཐའ་མངོན་དཀའ་བར་གསུངས་ཏེ། རྣམ་གྲོལ་སྒྲུབ་པ་ལ་འདི་ལས་གལ་ཆེ་བ་མེད་ཚུལ་བྱང་ཆུབ་ལམ་གྱི་རིམ་པར་གསུངས་པ་བཞིན་ནོ། །དུང་གཡས་འཁྱིལ་ལམ་སྐྱེ་བ་ལྔ་པར་གྲགས་པ་འདི་བུས་པས་རིམས་ནད་ཞི་བ་སོགས་བཀྲ་ཤིས་པར་འགྱུར་ལ། ཁྱད་པར་དུ་དུང་གི་སྒྲས་རོལ་མོ་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་ཤེར་མདོ་ལས་གསུངས་པས། ཆོས་ཀྱི་སྒྲས་ཆོས་མིན་གྱི་སྨྲ་བ་ངན་པ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟེན་འབྲེལ་གྱི་སྒོ་ཞིག་ཀྱང་ཡོད་དོ། །ཁ་ཅིག་དུང་འབུལ་མཁན་ཀླུའི་རྒྱལ་པོ་མ་དྲོས་པ་ཟེར་ཡང༌། དེས་དུང་ཕུལ་ཚུལ་ལང་གཤེགས་རྒྱ་ནག་གི་འགྱུར་ལས་འབྱུང་བའི་དུང་ནི་རྗེ་རིན་པོ་ཆེས་གཏེར་ནས་བཞེས་པ་ད་ལྟ་འབྲས་སྤུངས་ཀྱི་ཚོགས་དུང་འདི་ཡིན་པས་བྱིན་རླབས་ཆེའང་གཡས་འཁྱིལ་མིན་ནོ། །གསུམ་པ་དབང་གི་འཕྲིན་ལས་སྒྲུབ་པའི་རྟེན་འབྲེལ་གྱི་རྫས་ལི་ཁྲི་སྟེ་ད་ལྟ་སིནྡྷུ་ར་དང་འདི་གཉིས་སོ་སོར་བྱེད་ཀྱང་འདིའི་རྒྱ་སྐད་སིནྡྷུ་རཾ་ཡིན་པས་དེ་ཟུར་ཆག་ནས་སིན་དུར་ར་སོང་བ་ཡིན། དབང་སྡུད་ཀྱི་མཁའ་འགྲོ་མ་རྣམས་ཀྱང་འདིའི་ཐིག་ལེ་ལས་བསྐྱེད་པ་སོགས་དབང་གི་ལས་སྦྱོར་ཐམས་ཅད་ལ་ཉེ་བར་མཁོ་བ་གྲགས་ཆེ། དེའི་རྒྱུ་མཚན་གྱིས་འདོད་འཇོར། པ་སནྟོ་ཏྶཔ་ཞེས་དཔྱིད་ཀྱི་དགའ་སྟོན་དུ་བཤད་ལ། རཀྟ་པཱ་ལུ་ཀཾ་ཞེས་བྱེ་མ་དམར་པོར་གྲགས་ཤིང༌། དམར་པོ་ལས་བཞིའི་ནང་ནས་དབང་གི་མདོག་ཡིན་པས་མིང་དང་ཁ་དོག་གཉི་གའི་རྟེན་འབྲེལ་རེ་ཡོད་དོ། །


GTD007_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རིས་གཞན་རྣམས་གོ་སླ་ལ། ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང༌། །ཞེས་པ་འདིར་དཔྱད་གཞི་ཞིག་ཡོད། རྒྱལ་པོ་དབང་དུ་བསྡུ་བར་འདོད་ནས་བློན་པོ་དབང་དུ་བསྡུས་པ་ལྟ་བུ་ཡུལ་ནོར་བའི་དོན་མིན། དབང་དུ་བྱེད་དོན་གྱི་ཀུན་སློང་མ་ནོར་བ་ཞིག་དགོས། རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་དབང་གི་ལས་རྣམ་དག་ཏུ་འགྲོ་བ་ལ། འདུས་པ་ཕྱི་མ་ལས། དབང་ལ་ཆགས་པའི་ཡིད་དུ་བྱ། །ཁྲོ་ལ་གཏུམ་པས་རབ་ཏུ་སྒྲུབ། །ཅེས་དུས་ཀྱི་ཀུན་སློང་དགོས་དབང་གིས་དེ་འདྲ་རེ་དགོས་ཀྱང༌། ཕུགས་ཀྱི་ཞེ་འདོད་ཕ་རོལ་པོ་དེ་རང་གིས་དབང་དུ་མ་བྱས་ན་ལྕགས་ཀྱུ་མེད་པའི་གླང་པོ་བཞིན་དོན་ཆེན་པོ་ལས་ཉམས་པར་མཐོང་སྟེ། རང་དོན་ཡིད་བྱེད་དང་མ་འདྲེས་པར་སྙིང་རྗེ་ཁོ་ནའི་དབང་དུ་གྱུར་པ་ཞིག་དགོས། རང་མཐོ་བཙན་ཕྱུགས་པ་ཞིག་འདོད་དེ་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཐམས་ཅད་འུབ་ཀྱིས་འདུས་པར་བསམ་པ་ནི་རླབས་པོ་ཆེའི་བརྣབ་སེམས་བསྒོམ་པ་ཡིན་པས་མི་དགེ་བའི་ཕུང་པོ་འབའ་ཞིག་ལས་ཆོས་ཀྱི་དྲི་ཙམ་ཡང་མི་བྲོ་ན། གསང་སྔགས་ཀྱི་ཐེག་པའི་ལམ་དང་ལས་རྒྱལ་མཆོག་གི་རྣལ་འབྱོར་དུ་འགྲོ་བའི་རེ་བ་ག་ལ་ཡོད། ནོར་ས་འདི་འདྲ་ཡོད་པ་ལ་དགོངས་ནས་རྗེ་བླ་མས། བྱང་ཆུབ་སྒྲུབ་པའི་རྗེས་སུ་རབ་གཞོལ་བའི། །བདེ་གཤེགས་དགྱེས་པའི་རབ་འབྱམས་དབང་གི་ལས། །གསུངས་པ་ཡིན། སྔ་མའི་བརྣབ་སེམས་དེ་འདྲ་བསྒོམ་ན་ཆོས་སུ་རློམ་ཡང་དོན་འཁོར་བའི་གཏིང་རྡོར་འགྱུར་གྱི། བྱང་ཆུབ་སྒྲུབ་པའི་རྗེས་སུ་གཞོལ་བའི་རེ་བ་མེད། ཆོས་སུ་སོང་ན་བདེ་གཤེགས་


GTD007_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་གཞིར་བཅས་ཀྱང༌། དེ་འདྲ་དེ་བདེ་གཤེགས་སྲས་དང་བཅས་ཐུགས་ཁྲེལ་བའི་རྒྱུ་ལས་མ་འདས་པས་ཞིབ་ཆ་ཕྱེ་ནས་གསུངས་པ་ཡིན། དེ་འདྲ་ཚོ་སྔོན་བསགས་རེ་དང་སྟབས་འགྲིགས་ནས་ཕན་ཕན་འདྲ་བ་འབྱུང་སྲིད་ཀྱང༌། དངོས་གནས་ལ་རིན་ཆེན་འཕྲེང་བར། བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གསུང་བ་བཞིན་ཕུན་ཚོགས་ཐམས་ཅད་ཐན་སྤྲིན་རླུང་གིས་གཏོར་བ་དང༌། སྦྲུལ་གྱིས་གླ་རྩིའི་དྲི་ཚོར་བ་བཞིན་རིང་དུ་བྱེད་པའི་རྒྱུ་ལས་མ་འདས་པས། དབང་དྲག་གི་ལས་བྱེད་པར་འདོད་པ་རྣམས་བརྣབ་སེམས་གནོད་སེམས་ལ་ཉམས་ལེན་སྙིང་པོར་བྱས་པས་དམྱལ་བ་དང་ཡི་དྭགས་ཀྱི་སྒྲུབ་ཐབས་སུ་མ་སོང་བ་རེ་མཛད་ན་རང་ལ་ལེགས་སོ། །རྗེ་ཡབ་སྲས་ཀྱི་གསུང་སོགས་ཚད་ལྡན་དུ་མར་འདི་བཞིན་འབྱུང་བ་ལ། འབྲུག་པ་སངས་རྒྱས་རྡོ་རྗེས་དག་བཏོན་ཏེ། ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང༌། །ཞེས་བཅོས་པ་ནི་མུན་པས་སྣང་བ་ལ་གསལ་འདེབས་སུ་སྣང༌། ཁ་ཅིག་འདི་ཉིད་འབུལ་མཁན་སྐར་མ་ལ་དགའ་བའི་བུར་བཤད་ཅེས་དོགས་པ་བྱེད་ཀྱང་མི་གཅིག་ལ་མིང་དུ་མ་དང་མིང་གཅིག་ཀྱང་འགྱུར་ཁྱད་ཀྱིས་སྣ་ཚོགས་སུ་སོང་བ་མང་བས་གུ་དོག་མི་དགོས་སོ། །བཞི་པ་དྲག་པོའི་འཕྲིན་ལས་སྒྲུབ་པའི་རྟེན་འབྲེལ་གྱི་རྫས་ཡུངས་ཀར་ཏེ། འདིར། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་ཞི་བར་བྱེད་པ་སྟེ། །ཞེས་རྡོ་རྗེའི་རིགས་སུ་བཤད་པ་ནི་འདུས་པའི་ལེའུ་བཅུ་གསུམ་པར། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞེས་པའི་འགྲེལ་པ་མཆན་སྦྲགས་ལས། ཞེ་སྡང་ནི་མི་བསྐྱོད་པ་ཡིན་ལ་དེའི་གནས་ཏེ་ས་བོན་ནི་ཡི་གེ་ཧཱུཾ་


GTD007_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཞེས་སོགས་ཀྱིས་ཁྲོ་བོ་བཅུ་ཧཱུཾ་ལས་བསྐྱེད་པ་ནི། སྤྱིར་རྟ་མགྲིན་འོད་དཔག་མེད་ཀྱི་རིགས་ཡིན་པས་ཧྲཱིཿ ལས་བསྐྱེད་དགོས་པ་ལྟ་བུ་ཡོད་ཀྱང༌། འདིར་དྲག་པོའི་ལས་སྒྲུབ་པ་ལ་དེའི་རིགས་ཀྱི་ལྷ་མི་བསྐྱོད་པ་ཡིན་པས་ཁྲོ་བོ་བཅུ་ག་ཧཱུཾ་ལས་བསྐྱེད་པ་དང༌། སྤྲོ་བའི་ཚེའང་རྡོ་རྗེ་འཆང་ཞི་བ་དེ་ཉིད་མི་བསྐྱོད་པ་དྲག་པོར་བསྒྱུར་ནས་བྱེད་དགོས་པའི་ཕྱིར། དངོས་གྲུབ་རྒྱ་མཚོ་ལས། ཞེ་སྡང་རྡོ་རྗེར་བསྒྱུར་བའི་དགོས་པ་ནི་ཁྲོ་བོ་ལ་བཀའ་བསྒོ་བའི་ཕྱིར་ཡིན་ལ། མི་བསྐྱོད་པ་བཅུག་པའི་སྒོ་ནས་བསྒྱུར་བ་ནི་མི་བསྐྱོད་པ་ཞེ་སྡང་གི་རིགས་ཡིན་པས་སོ། །ཞེས་གསུངས་སོ།། དེས་ན་ཡུངས་ཀར་དྲག་ལས་ལ་མཆོག་ཏུ་གྱུར་པའི་རྩ་བ་ཐུགས་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་རྫས་ཡིན་པ་ལ་ཐུག་ཅིང༌། དེའང་རྩ་བའང་མཐར་གཏུགས་ན་ཕུང་བྱེད་གདོན་བགེགས་ཉེར་འཚེ་ཐམས་ཅད་ཀྱི་རྩ་བ་བདེན་འཛིན་གྱི་མ་རིག་པ་དང༌། དེ་འཇོམས་བྱེད་ཀྱི་གཉེན་པོ་མཐར་ཐུག་པ་བདེ་སྟོང་གི་ཡེ་ཤེས་ཡིན་ཞིང༌། བདེ་སྟོང་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་མི་བསྐྱོད་པའི་རང་བཞིན་ཡིན་པས་སོ། །འདི་ལའང་སྤྱོད་འཇུག་དང་བློ་སྦྱོང་མཚོན་ཆ་འཁོར་ལོ། མི་ལའི་མགུར། ལབ་སྒྲོན་གྱི་གསུང་སོགས་གཞུང་མཐའ་ཡས་པ་དྲང་དུ་ཡོད་ལ། ཡོངས་སུ་གྲགས་པ། ཡེ་ཤེས་བསྐལ་པའི་མེ་ལྟར་ཞེས་སོགས་ཀྱི་སྟེང་ནས་ཀྱང་དཔྱད་ཤེས་ན་དེས་ཆོག་པར་ཡོད་དོ། །འདིར་བགེགས་རྣམས་མ་ལུས་ཞེས་པའང་སྟེང་འོག་བར་གསུམ་གྱི་གདོན་བགེགས་ཐམས་ཅད་ཅེས་པའི་དོན་མིན་གྱི།


GTD007_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་བགེགས་རང་ལས་རྒྱུད་ཐ་དད་པའི་གནོད་བྱེད་ཐམས་ཅད་དང༌། དེའི་རྩ་བ་ནང་གི་བགེགས་དུག་གསུམ་བག་ཆགས་དང་བཅས་པ་འཇོམས་པའི་དོན་ཡིན་ཏེ། ཕྱི་ནང་གསང་བའི་གཤིན་རྗེའི་གཤེད་དུ་འགྱུར་ཚུལ་དང་གནད་གཅིག་ལ། རྒྱུད་བླ་མར། འཇིགས་དང་བཅས་པའི་ཕྱིར། ཞེས་དང༌། སྤྱོད་འཇུག་ཏུ་སེམས་ལས་གཞན་པའི་འཇིགས་ཆེན་མེད་པར་གསུང་བ་རྣམས་འདྲའོ། །དཔལ་ལྡན་ཐལ་འགྱུར་བའི་ལུགས་འདིར་ཆོས་ཐམས་ཅད་མིང་གིས་བཏགས་པ་ལ་ལྟོས་པས། འདི་ལའང་མིང་གི་རྟེན་འབྲེལ་འགྲིག་ཚུལ་ནི། འཆི་མེད་མཛོད་ལས། དཔལ་ཁ་དང་ནི་གནོད་འཇོམ་གཉིས། །དེ་དཀར་པོ་ནི་དོན་གྲུབ་སྟེ། །ཞེས་ཡུངས་དཀར་ནག་གཉི་གའི་སྤྱི་མིང་སརྵ་བ་དཔལ་ཁ། ཀ་དམྦ་ཀཿ གནོད་འཇོམས་ཡིན་པས་ཕ་རོལ་གྱི་གནོད་བྱེད་འཇོམས་པ་ལ་བསྔགས་ཏེ་ཐུན་རྫས་སོགས་དྲག་ལས་ལ་མཁོ་ཆེ་བ་ཡོངས་སུ་གྲགས་པ་ལྟར་རོ། །དེར་མ་ཟད་ཡུངས་ཀར་རྫས་བརྒྱད་ཀའི་མཇུག་ཏུ་བཞག་པའང་རྟེན་འབྲེལ་གྱི་ཁྱད་པར་ཞིག་ཡིན་ཏེ། མཛོད་སྔར་དྲངས་པ་ལྟར་ཡུངས་ཀར་གྱི་སྒེར་མིང༌། སིདྡྷརྠཿ སྟེ་དོན་ཐམས་ཅད་གྲུབ་པ་ཞེས་ཟས་གཙང་སྲས་ཀྱི་མཚན་དང་མཐུན་པས། རྫས་སྔ་མ་རྣམས་ཀྱིས་བསྒྲིགས་པའི་དོན་གཉིས་ཀྱི་རྟེན་འབྲེལ་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་བྱིན་རླབས་ཀྱི་སྒོ་ཡོད་པའི་ཕྱིར། ར་བྷ་སས། སིདྡྷརྠཿ ཕོ་ཟས་གཙང་གི །སྲས་དང་ཡུངས་ཀར་ལ་ཡང་ངོ༌། །ཞེས་བཤད་པ་བཞིན་ནོ། །བློ་ཆུང་ཁ་ཅིག །རང་གི་སྔོན་བསགས་ཀྱི་ལས་ལ་རག་ལས་པ་མ་གཏོགས་ཕྱིའི་རྫས་ལ་ལྟོས་པ་ཅི་ཡོད་སྙམ་པ་ནི་ལས་འབྲས་


GTD007_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིད་ཆེས་པའི་ཁུལ་གྱིས་ལས་འབྲས་བསམ་མི་ཁྱབ་ལ་སྐུར་བ་བཏབ་པ་ཡིན་ཏེ། དེ་དག་ནི་ཚོར་བ་བདེ་སྡུག་མྱོང་བ་འདི་ཙམ་ཞིག་ལས་ཀྱི་འབྲས་བུ་ཡིན་པ་མ་གཏོགས། དུས་བཞིའི་འགྱུར་བ། རྩི་ཤིང་ལོ་འབྲས་ས་རྡོ་རི་བྲག་ཚུན་ཆད་མི་འདྲ་བ་སྣ་ཚོགས་པ། ཁབ་ལེན་གྱིས་ལྕགས་དང་སྦུར་ལེན་གྱིས་རྡུལ་ལེན་པ་ལྟ་བུ་རྫས་ཀྱི་རྟེན་འབྲེལ། ཐ་ན་རྨ་བྱའི་མདོངས་ཀྱི་ཉག་མ་རེ་རེ་ལའང་མདངས་མི་འདྲ་བ་སྣ་ཚོགས་འཆར་བ་ཐམས་ཅད་ལས་ཀྱིས་མ་འདྲེས་པར་སྒྲུབ་ཚུལ་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་ཡུལ་དུ་གྱུར་པ། ཀུན་བཏུས་ལས་བསམ་གྱིས་མི་ཁྱབ་པ་བཞིའི་ནང་དུ་གསུངས་པ་ལྟ་བུ་མ་ཤེས་པ་ཡིན་པས། རྫས་ཀྱི་ནུས་པས་དེ་ལྟར་བྱེད་པ་དེའང་ལས་ཀྱི་མཐུ་ཡིན་པར་ཤེས་ན་ལས་འབྲས་ལ་དད་པ་རྐྱེན་གང་གིས་ཀྱང་མི་འཕྲོག་པ་ཞིག་འབྱུང་ངོ༌། །ཡང་བཀྲ་ཤིས་པའི་རྫས་བརྒྱད་པོ་དེ་ལ་ལམ་སོ་སོ་དང་སྦྱར་བའི་མཚོན་དོན་ནམ་རྟེན་འབྲེལ་རེའང་ཡོད་པར་མངོན་ཏེ། འཕགས་ལམ་ཡན་ལག་བརྒྱད་དང་སྦྱར་ན། མེ་ལོང་གིས་ཡང་དག་པའི་རྟོགས་པ་མཚོན་ཏེ། དེར་གཟུགས་བརྙན་སྣ་ཚོགས་འཆར་བ་བཞིན་དྲང་ངེས་ཀྱི་མདོ་སྣ་ཚོགས་པའི་དོན་མ་འདྲེས་པར་ཤར་ནས་གཞན་ལ་སྟོན་པའི་ཀུན་སློང་གི་རྒྱུ་བྱེད་པའི་ཕྱིར། གཙུག་ན་རིན་ཆེན་གྱི་མདོ་ལས། ཆོས་དེ་དག་ལ་རྣམ་པར་བལྟའོ། །རྣམ་པར་རྟོག་གོ །མ་འདྲེས་པར་རབ་ཏུ་ཤེས་ཏེ། ཞེས་དང༌། དབུས་མཐར་གོ་བྱེད་དང་ཞེས་པའི་ཐད་ཀྱི་བློ་གྲོས་བརྟན་པའི་འགྲེལ་བཤད་ལས། ཡང་དག་པའི་རྟོགས་


GTD007_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ངག་ཀུན་ནས་སློང་སྟེ་མ་བརྟག་མ་དཔྱད་པར་ཚིག་མི་སྨྲའོ། །ཞེས་གསུངས་པའི་ཕྱིར། གྷི་ཝཾ་གིས་དྲན་པ་མཚོན་ཏེ། དེས་ནད་སེལ་བ་བཞིན་དྲན་པས་རྟག་ཏུ་བསྲུང་སྟེ་ཉོན་མོངས་པ་དང་མི་དགེ་བའི་ཕྱོགས་བྱུང་ཚད་སེལ་བའི་ཕྱིར་གཙུག་ན་རིན་ཆེན་གྱི་མདོ་ལས། དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་ཀྱི་སྐབས་མི་འབྱེད། ཅེས་པ་ནས། མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །ཞེས་དང༌། སྤྱོད་འཇུག་ལས། གང་ཡང་དྲན་པའི་ཡིད་སྒོ་ནས། །བསྲུང་བའི་དོན་དུ་གནས་གྱུར་པ། །ཞེས་གསུངས་པའི་ཕྱིར། ཞོས་ཡང་དག་པའི་འཚོ་བ་མཚོན་ཏེ། སྡིག་དང་མ་འདྲེས་པའི་ཟས་གོས་གང་བྱུང་གིས་ཆོག་ཤེས་པའི་ཕྱིར། དབུས་མཐར། ཡོ་བྱད་བསྙུང་ཞེས་གསུངས་པའི་ཕྱིར། དུརྦས་ཡང་དག་པའི་རྩོལ་བ་མཚོན་ཏེ་སྐྱོ་ངལ་མེད་པར་ཚེ་རིང་དུ་གནས་ནས་ལམ་ལ་བསླབ་སྟེ་ཤེས་སྒྲིབ་སོགས་སྤོང་བར་བྱེད་པའི་ཕྱིར། རྒྱན་གྱི་དབྱིག་འགྲེལ་ལས། ཡང་དག་པའི་རྩོལ་བ་ལ་སོགས་པས་ནི་ཡུན་རིང་པོར་མི་སྐྱོ་བར་ཤེས་བྱའི་སྒྲིབ་པའི་གཉེན་པོ་སྒོམ་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། བིལ་བས་ཡང་དག་པའི་ལས་ཀྱི་མཐའ་མཚོན་ཏེ། དེ་དོན་འགྲུབ་པའི་རྫས་ཡིན་པས་སྡིག་པ་སྤོང་ཞིང་དགེ་བའི་ལས་ཐམས་ཅད་འདོད་པ་བཞིན་བྱེད་པའི་ཕྱིར། གཙུག་ན་རིན་ཆེན་གྱི་མདོ་ལས། ཡང་དག་པའི་ལས་ཀྱི་མཐའ་ནི་དགེ་བའི་མངོན་པར་འདུ་བྱ་བ་ཐམས་ཅད་མངོན་པར་འདུ་བྱེད་དེ། ཞེས་གསུངས་པའི་ཕྱིར། དུང་གིས་ཡང་དག་པའི་ངག་མཚོན་ཏེ།


GTD007_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྒྲ་སྙན་སྒྲོགས་པ་ལྟར་ངག་གི་ཉེས་པ་དང་བྲལ་བར་ཆོས་སྟོན་པའི་ཕྱིར། འདིས་ལྟ་བ་རྣམ་དག་དང༌། ལས་མཐས་ཚུལ་ཁྲིམས་རྣམ་དག །ཡང་དག་པའི་འཚོ་བས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ཕྱིར། དབུས་མཐའ་ལས། རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །ཅེས་དང༌། ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུང༌། །ཞེས་གསུངས་པའི་ཕྱིར། ལི་ཁྲིས་ཏིང་ངེ་འཛིན་མཚོན་ཏེ། ཏིང་ངེ་འཛིན་གྱིས་མངོན་ཤེས་སོགས་བསྒྲུབས་ནས་ཀུན་ལ་དབང་འབྱོར་པར་བྱེད་པའི་ཕྱིར། གསེར་ཕྲེང་ལས། ཏིང་ངེ་འཛིན་གྱིས་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་དབང་གིས་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་དེ་ཞེས་གསུངས་པའི་ཕྱིར། ཡུངས་ཀར་གྱིས་བགེགས་འཇོམས་པས་ཡང་དག་པའི་ལྟ་བ་མཚོན་ཏེ། རྣམ་གཞག་ཇི་བཞིན་རྟོགས་པ་དང༌། །ཞེས་རྒྱན་ལས་འབྱུང་བས་འགྲེལ་པ་རྣམས་སུ་རྗེས་ཀྱི་ཤེས་པས་མཐོང་ལམ་སྐབས་དེར་གཟིགས་ཚུལ་ཤེས་པ་ལའང་གསུངས་ཀྱང༌། དེ་ཙམ་མ་ཡིན་པར་མཐོང་ལམ་ལྟར་ཆོས་མཉམ་པ་ཉིད་གཟིགས་པ་ལ་བྱེད་དགོས་ཤིང༌། དེ་ལྟར་ན་ཉེས་པའི་རྩ་བ་བདག་ཏུ་འཛིན་པའི་དགྲ་བོ་གཞོམ་ཚུལ་སྔར་བཤད་པ་ལྟར་ཡིན་པའི་ཕྱིར། གཙུག་ན་རིན་ཆེན་གྱི་མདོ་ལས། གང་ཆོས་ཐམས་ཅད་མཉམ་པ་ཉིད་ནི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར། ཞིབ་པར་ནི་མདོ་སྡེ་རྒྱན་དང་དབུས་མཐའ་རྩ་འགྲེལ་ལས་ཤེས་དགོས། རྫས་འདི་དག་ལུང་ལས་གསུངས་པའི་ཚེ་སོ་སོའི་དགོས་དོན་རེ་མ་གཏོགས་ལམ་དང་སྦྱར་བ་མེད་པས་རང་བཟོར་འགྱུར་


GTD007_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙམ་ན་མི་འགྱུར་ཏེ། དཔེར་ན་རྒྱལ་སྲིད་སྣ་མདུན་ཡང་དྲན་པ་ཉེར་བཞག་ལས་གསུངས་པ་རྗེ་རིན་པོ་ཆེས་མཆོད་ཕྲེང་ཚིགས་བཅད་དུ་བསྡེབས་པ་ལྟར་ཡིན་ཞིང༌། མངོན་འབྱུང་གི་མདོ་ལས་རྐང་པ་ཐ་མར་དེ་ནི་དེ་ཡིས་འཐོབ། ཅེས་པ་ཙམ་མ་གཏོགས། ལྷ་རྫས་ལས་བྱས་ཞེས་སོགས་ཡོངས་གྲགས་ཀྱི་འདི་ཡིན། ང་ལས་ནུའི་ཡལ་འདབ་ཀྱི་གཞན་འདྲ་ལ། ཁྱིམ་བདག་དམག་དཔོན་སྔོན་འགྲོ་བའོ། །ཞེས་བློན་པོ་མ་བགྲང་ཡང་དམག་དཔོན་བློན་པོ་གཉིས་འཐུས་སུ་བྱས་པ་ཡིན། མངོན་འབྱུང་གི་འདི་ཁྱིམ་བདག་དང་བློན་པོ་གཉིས་བསྡོམས་པ་ཡིན་པས། ཀུན་མཁྱེན་བླ་མའི་འཕྲིན་ཡིག་རྣམ་གཞག་ཏུ་ཁྱིམ་བདག་མ་དྲངས་པར་དམག་དཔོན་དང་བློན་པོ་གྲངས་རེར་བྱས་ན་རིན་ཆེན་གཅིག་ཆད་པའི་སྐྱོན་འབྱུང་གསུངས་པའང༌། དེ་གང་རུང་ལ་ཁྱིམ་བདག་གི་མཁོ་དགུ་སྦྱིན་པའི་དོན་ཚང་དགོས་པ་མ་ཤེས་པར་ཁྱིམ་བདག་གྲངས་ནས་དོར་ན་གནད་མི་ཚང་བའི་སྐྱོན་དུ་འགྱུར་བ་ལ་དགོངས་པ་ཡིན་ཏེ། སྲིད་མཐར་ཁྱིམ་བདག་དེ་བློན་པོར་བཞག་པ་ཡོད་པར་གསུངས་སོ།། དེ་བཞིན་དུ་འདུལ་བ་ལུང༌། རྒྱ་ཆེར་རོལ་པ་རྣམས་ལས་ཀྱང་རྒྱལ་སྲིད་སྣ་བདུན་རང་རང་གི་ཁྱད་པར་མ་གཏོགས་ལམ་དང་སྦྱར་བ་མེད་ཀྱང༌། དེའི་དགོངས་པ་བྱམས་མགོན་གྱིས་འགྲེལ་པའི་ཚེ་རྒྱལ་སྲིད་སྣ་བདུན་དངོས་ནི་འཁོར་སྒྱུར་གྱི་སྐྱེ་བ་ནམ་བླངས་པའི་ཚེ་འབྱུང་བ་འཁོར་བས་བསྡུས་པས་སྙིང་པོ་མེད་ལ། འོན་ཀྱང་འཁོར་ལོས་སྒྱུར་རྒྱལ་གྱིས་དེ་བདུན་ལ་བརྟེན་ནས་འཇིག་རྟེན་ལ་དབང་སྒྱུར་ཚུལ་ཤེས་ན་དེས་མཚོན་ཏེ། བྱང་ཆུབ་ཡན་ལག་བདུན་གྱི་སྒོ་ནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་ཚུལ་ཤེས་ཤིང་སྤྲོ་བ་


GTD007_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བས། མདོ་སྡེ་རྒྱན་ལས། ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་སྤྱོད། །ཅེས་སོགས་ཀྱིས་བྱང་ཆུབ་ཡན་ལག་བདུན་ལ་སྦྱར་བ་དང༌། ཀ་མ་དྷེ་ནུས་སྡོང་པོ་བཀོད་པའི་མདོ་དྲངས་པ་ལས་ཀྱང༌། ཕ་རོལ་ཕྱིན་པ་རྟག་འབྱུང་འཁོར་ལོ་ཡིན་ཏེ་གླང་པོ་མངོན་པར་ཤེས་པ་མཆོག །ཡེ་ཤེས་རྫུ་འཕྲུལ་རྟ་སྟེ་ཆགས་པ་མེད་འགྲོ་ནོར་བུ་དམ་པ་ཡིན། །སྤྱོད་པ་བཙུན་མོ་བསྡུ་བ་རྣམ་པ་བཞི་པོ་ཁྱིམ་བདག་དམ་པ་འོ། །ཐབས་ལ་ཤིན་ཏུ་མཁས་པ་བློན་པོ་ཡིན་ཏེ་འཁོར་ལོས་བསྒྱུར། །ཞེས་རྒྱལ་སྲས་ཀྱི་ལམ་སྤྱི་ལ་སྦྱར་ཞིང༌། ཇོ་བོའི་ཆོས་ཆུང་བརྒྱ་རྩར་འཕགས་པའི་ནོར་བདུན་ལ་སྦྱར་བ་ཞིག་ཀྱང་འབྱུང་བ་རྣམས་མདོའི་དོན་འགྲེལ་ཚུལ་གྱི་མན་ངག་ཡིན་པས། འདིར་ཡང་དེའི་རུང་མཐུན་སྦྱར་ཏེ་འཕགས་ལམ་ཡན་ལག་བརྒྱད་དང་སྦྱར་བ་ངེས་པ་བསྐྱེད་ལུགས་དང་བག་ཆགས་འཇོག་ཚུལ་གྱི་གནད་མང་པོ་ཡོད་པས་ཤིན་ཏུ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་རོ།། སྨྲས་པ། དགེ་བའི་ས་བོན་ལེགས་སྨོན་རླན་གྱིས་བསྒོས། །རྒྱལ་བ་ཉི་མའི་དྲོད་ཀྱིས་སྨིན་པ་ལས། །བདེ་སྐྱིད་སྙེ་མ་མངོན་པར་མཐོ་བའི་རྩེར། །ངེས་ལེགས་འབྲས་བུ་སྨིན་པའི་སོ་ནམ་རྨད། །གསེར་ལྡན་ཡངས་པའི་ཁོར་ཡུག་མཐའ་ཀླས་ཀྱང༌། །ལེགས་བཤད་གསར་པའི་མེ་ཏོག་རྙེད་མིན་དུས། །རྨད་བྱུང་གཏམ་གྱི་ཨུཏྤལ་བཞད་པ་འདི། །སྙན་གོང་མཛེས་པའི་རྒྱན་དུ་འབྲལ་མེད་མཛོད། །ཆེས་ཕྲའི་ནམ་མཇུག་པདྨའི་བསུང་ཟེར་ཙམ། །ཕོག་ཚེ་དབུགས་མཐར་སོན་པའི་སྦྲང་བུ་ཡང༌། །ཕྱོགས་དེར་དལ་གྱིས་འདབ་མ་སྐྱོང་བྱེད་ན། །སྙིགས་དུས་ལྷག་པར་ཆོས་ལ་


GTD007_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པར་རིགས། །གང་ལས་བརྩམས་ཀྱང་གཞུང་ལུགས་རྒྱ་མཚོའི་དོན། །མི་ཟད་འདོད་པ་འཇོ་བའི་བུམ་པ་བཟང༌། །སྩོལ་མཛད་ཛྙཱ་ནའི་མཚན་དང་ཨ་བྷྱེནྡྲས། །བྱང་ཆུབ་བར་དུ་འབྲལ་མེད་སྐྱོང་གྱུར་ཅིག །དགེ་ཚོགས་ཆུ་འཛིན་ཕུང་པོ་འཁྲིགས་པ་ལས། །དགེ་ལེགས་དབྱར་རྔ་བཞད་པའི་གདངས་དང་བཅས། །དགེ་མཚན་བྱེ་བའི་གྲུ་ཆར་བསྙིལ་བ་ཡིས། །དགེ་ལྡན་བསྟན་པའི་ཆུ་མཚོ་རྒྱས་གྱུར་ཅིག །ཅེས་བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་པར་བཤད་པ་བཀྲ་ཤིས་དགའ་སྟོན་ཞེས་བྱ་བ་འདི་ནི་གཞུང་བརྒྱ་སྨྲ་བ་དམུ་དགེ་དཔོན་སློབ་ཟུང་ཆུའི་ལྷ་རམས་པ་ངག་དབང་རྒྱལ་མཚན་གྱིས་སྔར་ནས་བསྐུལ་བའི་ཐོག །ཉེ་ཆར་མཁྱེན་རབ་ཀྱི་དབང་ཕྱུག་བསྟན་པའི་གསལ་བྱེད་སྤྲུལ་བའི་སྐུ་དཀོན་མཆོག་དམ་ཆོས་ཡར་འཕེལ་ནས་ནན་གྱིས་བསྐུལ་བའི་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་ལ་སུག་བྲིས་སུ་བགྱིས་པ་ལས་ཤོག་བུར་འབེབས་པ་པོ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousབཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་བཤད།next