Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་གའི་ཟུར་འདེབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousརྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་གའི་ཟུར་འདེབས།next

རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་གའི་ཟུར་འདེབས།


GTD007_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་གའི་ཟུར་འདེབས་བདུད་རྩིའི་ཟིལ་མངར་ཞེས་བྱ་བ་བཞུགས་སོ།།


GTD007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨུཥྞཱི་ཥ་བི་ཛ་ཡ་ཡེ། འདིར་གཙུག་ཏོར་རྣམ་པར་རྒྱལ་མའི་སྟོང་མཆོད་བྱེད་ཚུལ་གྱི་ཆོ་གའི་གཞུང་རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་ཀྱིས་མཛད་པ་དེ་ཉིད་ཤིན་ཏུ་གསལ་ཞིང་ཕུན་སུམ་ཚོགས་པར་འདུག་པས། ཅུང་ཟད་ཁ་བསྐངས་ཏེ་ལག་ཏུ་ལེན་ཚུལ་གྱི་ཟུར་འདེབས་མདོ་ཙམ་བརྗོད་པ་ལ། ཉིན་སྔ་མར་རྟེན་དགྲམ་ཞིང་མཆོད་གཏོར་འཕན་གདུགས་དར་གྱི་ལྡ་ལྡི་སོགས་བཀོད་པ་མཛེས་པར་བཤམས། ནངས་པར་ལག་རིས་མཐོང་ཙམ་ལ་སྒྲུབ་པ་པོ་རྣམས་འཚོགས་ཏེ་ཆོས་གོས་གྱོན་ཞིང་གདིང་བའི་སྟེང་ནས་ཕྱག་གསུམ་བཙལ་ཏེ་བཞུགས། དབུ་མཛད་ཀྱིས་མགོ་བསྐུལ་ནས་སངས་རྒྱས་ཆོས་ཚོགས་མས་སྐྱབས་འགྲོ་དང༌། ཚད་མེད་བཞི་བསྒོམ་པ་སྔོན་ཏུ་བཏང་སྟེ་མཎྜལ་དབུལ། བླ་མ་རང་གིས་སྔར་རྟེན་གྱི་དྲུང་དུ་གསོ་སྦྱོང་བླངས་ཡོད་པས་སྒྲུབ་པ་པོ་རྣམས་ལ་ཀུན་སློང་འཆོས་ཚུལ་དང་བཅས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ཕོག །སློབ་མ་ལ་འབོག་ཚེ། ཇི་ལྟར་སྔོན་གྱི་ཞེས་པའི་གོང་དེར། སློབ་དཔོན་བདག་ལ་དགོངས་སུ་གསོལ་ཞེས་པ་དང༌། འབོག་ཆོག་ལན་གསུམ་གྱི་མཇུག་ཏུ་ཐབས་ལེགས་བྱ་དགོས། དེ་ནས་བསླབ་པ་བརྗོད་པའི་ཚིག་ལ་རྗེས་ཟློས་ལན་གཅིག་བྱ། ཚུལ་ཁྲིམས་རྣམ་དག་གི་གཟུངས་ལན་གསུམ་རྗེས་ཟློས་དང་ལྷག་མ་མཉམ་འདོན་བྱས་ཏེ་ཉེར་གཅིག་བཟླ། ཁྲིམས་ཀྱི་ཚུལ་ཁྲིམས་ཞེས་སོགས་ཀྱིས་སྨོན་ལམ་བྱ། དེ་ནས་གྲལ་ལ་འཁོད། ༈ བདག་དང་འགྲོ་བ་ཞེས་སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གཞུང་བཞིན་བྱ། ལོང་སྐབས་དལ་བའི་ཚེ་དཀྱུས་ཀྱི་སྐྱབས་འགྲོའི་གོང་དེར་སྐྱབས་འགྲོ་རྒྱས་པ་དང་སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས། བླ་མའི་ཞབས་བརྟན་སོགས་སྔོན་དུ་གཏོང༌། དེ་ནས། ཁྱབ་བདག་རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །ཨ་བྷ་ཡ་དང་དར་པན་མི་ཏྲ་སོགས། །སྤྱི་ཡི་སྨིན་གྲོལ་གདམས་པའི་བཀའ་བབ་ཀྱི། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མའི་སྐུ་


GTD007_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བརྟན་པ་དང༌། །བསྟན་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་རྣམས། །དཔག་ཡས་ཚེ་དང་ཡེ་ཤེས་མཆོག་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཛེ་ཏཱ་རི་དང་རྡོ་རྗེ་གདན་པ་གཉིས། །བ་རི་པ་དང་ས་ཆེན་ཡབ་སྲས་སོགས། །སྒོས་ཀྱི་སྨིན་གྲོལ་གདམས་པའི་བཀའ་བབ་ཀྱི། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་རྣམས། །དཔག་ཡས་ཚེ་དང་ཡེ་ཤེས་མཆོག་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །བློ་བཟང་རྒྱལ་བའི་དབང་པོ་ཡབ་སྲས་དང༌། །རིགས་ཀུན་ཁྱབ་བདག་འཇིགས་མེད་དབང་པོ་སོགས། །གདམས་པའི་ཆུ་རྒྱུན་གཅིག་ཏུ་འདྲེས་པ་ཡི། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་རྣམས། །དཔག་ཡས་ཚེ་དང་ཡེ་ཤེས་མཆོག་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །གང་གི་མཚན་ཙམ་ཡིད་ལ་དྲན་པས་ཀྱང༌། །མཐར་བྱེད་འཚེ་བའི་གཡུལ་ངོ་ལས་རྒྱལ་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བ། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་རྣམས། །དཔག་ཡས་ཚེ་དང་ཡེ་ཤེས་མཆོག་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །བླ་མ་


GTD007_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ལྷ་ཚོགས་དབྱེར་མེད་པའ། །ཐུགས་རྗེའི་འོད་ཀྱིས་རྒུད་མུན་དྲུངས་ཕྱུང་སྟེ། །ཕན་བདེ་པདྨ་དཀར་པོའི་ཚལ་ཕྱེ་ནས། །ངེས་ལེགས་སྦྲང་རྩིའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་བརྒྱུད་འདེབས་སྔོན་དུ་བཏང་སྟེ་སྐད་ཅིག་དཀྲོང་བསྐྱེད་ནས་བཟུང་བདག་བསྐྱེད་ཆོ་གའི་དཀྱུས་བཞིན་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་འཕྲོར། བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་ཉིད་དམ་ཚིག་པ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་ཅན་དུ་གནས་པར་གྱུར། ཅེས་བརྗོད། དེ་ནས་ཆོ་གའི་གཞུང་ལྟར་ཆུ་གཉིས་ཉེར་སྤྱོད་རོལ་མོ་འཕན་གདུགས་ལྡ་ལྡི་སོགས་བསངས་སྦྱངས་བྱིན་གྱིས་བརླབ། མདུན་བསྐྱེད་བསྒྲུབས་ཏེ་བཟླས་མཚམས་ཀྱི། བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་བརྗོད་པའི་མཐར་སྒྲུབ་པ་པོ་རྣམས་བཞེངས་ཏེ་རྟེན་གྱི་དྲུང་དུ་ཐལ་མོ་སྦྱར་ནས་དབུ་འདུད་པ་དང་བཅས། ཨོཾ་ན་མོ་བྷ་ག་ཝ་ཏེ་ཞེས་སོགས་གཟུངས་རིང་གི་དབུ་བསྐུལ་ཏེ་གཟུངས་རིང་ཚར་རེ་སྐོར་བ་རེ་དང་སྦྲགས་མ་བྱས་པའི་མཇུག་ཏུ་མཆོད་བསྟོད་བསྡུས་པ་རེ་བྱ། དེ་བཞིན་དུ་སྔགས་དང་སྐོར་བ་གསུམ་པའི་མཇུག་ཏུ་ཕྱག་གསུམ་རེ་བཙལ་ཏེ་ཐམས་ཅད་ས་ལ་བཞུགས་ནས་མཆོད་བསྟོད་བསྡུས་པ་བྱ། དེ་ལྟར་སུམ་ཚན་ཇི་ཙམ་རེ་དགོས་པ་གྲུབ་ནས་སྐོར་བ་རྗེས་མའི་མཇུག་ཏུ་ཕྱག་གསུམ་བཙལ་ཏེ་ཐམས་ཅད་གྲལ་ལ་འཁོད་ནས་མཆོད་བསྟོད་བྱ། ཐུན་རྗེས་མ་རྣམས་ཀྱི་ཚེ་ས་བོན་ལས་བསྐྱེད་མི་དགོས་པས། དེ་དག་གི་ཚེ་སྐད་ཅིག་དཀྲོང་བསྐྱེད་དང་སྟོང་སྦྱང་བྱས་ལ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་ས་


GTD007_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྟེང་དུ་ཐེམ་སྐས་དང་བཅས་པའི་ཁྲི་ལ་སྣ་ཚོགས་པདྨ། དེའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་བང་རིམ་ཟླུམ་པོ་གསུམ་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བུམ་རྟེན་དང་བཅས་པའི་བུམ་པ་ཟླུམ་པོ་སྒོ་དང་ལྡན་པ། དེའི་སྟེང་དུ་བྲེ་གདུགས་རིམ་པ་བཅུ་གསུམ་ཆར་ཁེབ་ཏོག་རྣམས་བརྩེགས་ཤིང་མེ་ཏོག་གི་ཕྲེང་བ་དང་དར་གྱི་ལྡ་ལྡིས་མཛེས་པར་བྱས་པ། དེ་ལྟ་བུའི་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཙུག་ཏོར་རྣམ་པར་རྒྱལ་མ། ཞེས་སྦྲེལ་ཞིང་གཞན་རྣམས་དཀྱུས་བཞིན་བྱ། ཐུན་རྗེས་མའི་དབང་བསྐུར་རྒྱས་གདབ་ཀྱི་མཇུག་ཏུ། སྐུ་ཁྲུས་གསོལ་བར་ཞུ། ཞེས་པ་ནས། སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག །ཅེས་པའི་བར་དང༌། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ་མཆོད་འཕྲེང་ཆོ་གའི་དཀྱུས་བཞིན་བྱ། མཇུག་ཏུ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞེས་སོགས་བྱ་ཞིང་མཎྜལ་སོ་བདུན་མ་དབུལ། བསྟོད་པ་མན་ཆད་སྔར་བཞིན་ནོ།། ༈ གཏོར་སྣོད་བཅུའི་ནང་དུ་གཏོར་རིལ་བཅུ་བཅུ་ཆུ་དང་སྦྱར་ནས་བཤམས་ཐེབས་རེ་ལ་བྱིན་རླབས་བྱས་ཏེ། དང་པོའི་ཚེ་གཏོར་མགྲོན་སྤྱན་འདྲེན་དང་ཕྱི་མ་རྣམས་ལ་མགྲོན་སྤྱན་འདྲེན་མི་དགོས། ཕྱག་བྱར་འོས་པ་ཞེས་སོགས་མན་ཆད་དཀྱུས་བཞིན་ལ་བསྔོ་ཚུལ་སྒྲུབ་པ་པོའི་གྲངས་ཀྱིས་ཚར་སྟོང་འགྲོ་ངེས་བྱེད། ཆ་གསུམ་གྱི་སྐབས། ཁྱད་པར་དུའང་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་བགེགས་ཀྱི་ཚོགས་ཐམས་


GTD007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཆོད་སྦྱིན་གཏོར་མའི་མགྲོན་དུ་མཆིས་པར་གྱུར། ཅེས་ཚིག་སྒྱུར། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་པའི་མཚམས་སུ་བཞག་སྟེ་ཡི་དྭགས་གཏོར་མ་མི་དགོས། ལོང་སྐབས་ཤིན་ཏུ་དལ་བའི་ཚེ་ཞོགས་ཀ་བདག་བསྐྱེད་སྐབས་བཟླས་པ་གང་མང་བྱས་ཏེ་བདག་མདུན་གྱི་མཚམས་སུ་གྲོལ་ཆུང་དང༌། ཐུན་དང་པོའི་མདུན་བསྐྱེད་འཕྲོར་ཡང་སྤྱན་འདྲེན་ཁྲུས་གསོལ་རྒྱས་བསྡུས་ཅི་རིགས་དང༌། ཐུན་གང་རིགས་ལ་བསྟོད་པ་རྒྱས་པ་བྱེད་པ་སོགས་ལོང་སྐབས་དང་སྦྱར། གཏང་རག་གི་མཆོད་བསྟོད་འདོད་གསོལ་རྣམས་གྲུབ་རྗེས་སྨོན་ལམ་བྱ་བ་ན།། ༈ བཅོམ་ལྡན་རྣམ་པར་རྒྱལ་མའི་ལྷ་ཚོགས་ལ། །མཆོད་བསྟོད་བཟླས་པ་ཕྱག་དང་བསྐོར་བ་སོགས། །རྒྱུད་དོན་ཇི་བཞིན་བགྱིས་པའི་དགེ་ཚོགས་རྣམས། །འགྲོ་ཀུན་འཕགས་མས་རྗེས་འཛིན་རྒྱུ་རུ་བསྔོ། །སྔོན་ཚེ་ཤིན་ཏུ་བརྟན་པ་ཞེས་བྱའི་ལྷ། །གང་གི་ཐུགས་རྗེས་འཆི་བདག་ལས་གྲོལ་བཞིན། །བདག་ཅག་དཔོན་སློབ་ཡོན་མཆོད་མཐའ་དག་ཀྱང༌། །དུས་མིན་འཆི་བའི་གཡུལ་ལས་རྒྱལ་གྱུར་ཅིང༌། །ནད་རིམས་གདོན་བགེགས་ཉེར་འཚེ་ཀུན་ཞི་ཞིང༌། །ཚེ་དཔལ་བསོད་ནམས་ལེགས་ཚོགས་རྒྱས་པ་དང༌། །དམུ་རྒོད་དབང་དྲག་ཐབས་ཀྱིས་འདུལ་བ་སོགས། །ལས་བཞིའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ཐུབ་པའི་སྤྱན་སྔར་གཡར་དམ་བཅས་པ་བཞིན། །ལྷ་ཡི་དབང་པོ་འཇིག་རྟེན་སྐྱོང་བ་བཞ། །ཁྱད་པར་ལྷ་ཆེན་ཆོས་ཀྱི་རྒྱལ་པོ་ཡིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །མདོར་ན་བླ་མ་ལྷ་ཚོགས་དབྱེར་མེད་པས། །ཐུགས་རྗེའི་ཕྱག་གིས་ནམ་ཡང་མི་གཏོང་ཞིང༌། །མཚན་བཅས་མཚན་མེད་ལམ་བཟང་ཉེར་བགྲོད་ནས། །རྣམ་པར་རྒྱལ་མའི་གོ་འཕང་མྱུར་ཐོབ་ཤོག །ཡིག་བརྒྱས་ལྷག་ཆད་བསྐངས་ཤིང་རྟེན་ལ་བརྟན་བཞུགས་སོགས་


GTD007_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་བཞིན་བྱས་ཏེ་ཤིས་པ་བརྗོད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །ཨ་བྷ་ཡ་དང་དར་པན་མི་ཏྲ་སོགས། །སྤྱི་ཡི་སྨིན་གྲོལ་གདམས་པའི་བཀའ་བབ་ཀྱི། །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཛེ་ཏཱ་རི་དང་རྡོ་རྗེ་གདན་པ་གཉིས། །བ་རི་པ་དང་ས་ཆེན་ཡབ་སྲས་སོགས། །སྒོས་ཀྱི་སྨིན་གྲོལ་གདམས་པའི་བཀའ་བབ་ཀྱི། །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བློ་བཟང་རྒྱལ་བའི་དབང་པོ་ཡབ་སྲས་དང༌། །རིགས་ཀུན་ཁྱབ་བདག་འཇིགས་མེད་དབང་པོ་སོགས། །གདམས་པའི་ཆུ་རྒྱུན་གཅིག་ཏུ་འདྲེས་པ་ཡི། །དྲིན་ཅན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གནས་གཙང་ལྷ་ཡི་བུ་དང་བཅས་པ་ཡི། །རྣམ་རྒྱལ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱུད་འདི་གང་གིས་འཛིན་པར་བྱེད་པ་རྣམས། །སྐྱོང་བར་ཞལ་བཞེས་ལྷ་དབང་རྒྱལ་ཆེན་བཞ། །ཁྱད་པར་ལྷ་ཆེན་ཆོས་ཀྱི་རྒྱལ་པོ་སོགས། །དམ་ཅན་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་རྣམས། །དཔག་ཡས་ཚེ་དང་ཡེ་ཤེས་མཆོག་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །ཞེས་པ་འདི་ནི་ལྷག་བསམ་རྣམ་དཔྱོད་མཆོག་ཏུ་དགེ་བ་ཆོས་རྗེ་


GTD007_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དར་རྒྱས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །། །བཀྲ་ཤིས་ཤོག །


previousརྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་གའི་ཟུར་འདེབས།next