Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་བྱིན་རླབས་དགའ་སྟོན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousསེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་བྱིན་རླབས་དགའ་སྟོན།next

སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་བྱིན་རླབས་དགའ་སྟོན།


GTD007_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་བྱིན་རླབས་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།


GTD007_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་གཤེགས་བྱ་གྲུབ་ཡེ་ཤེས་འཕྲིན་ལས་ཀྱི། །གདུགས་དཀར་འཇིགས་པ་བརྒྱད་སོགས་གདུང་སྐྱོབ་པར། །འཕགས་མ་ཏཱ་རེའི་མཚན་གསོལ་རྒྱལ་བའི་ཡུམ། །བཅོམ་ལྡན་འདས་མ་ཐུགས་རྗེའི་གཏེར་ལ་འདུད། །གང་གི་སྒྲུབ་ཐབས་མཁའ་ལ་འཕུར་འགྲོའི་གྲངས། །མ་ལུས་གཞན་ཕན་དཀར་བའི་འོད་ལྡན་ཡང༌། །དེང་འདིར་ཐུགས་རྗེ་བསྐུལ་བའི་མན་ངག་གནད། །རབ་གསལ་པ་སངས་སྣང་བ་འགོད་ལ་སྤྲོ།། དེ་ཡང་རྗེ་བཙུན་མ་སྒྲོལ་མའི་ལྷ་ཚོགས་ཇི་སྙེད་པ་ཀུན་གྱི་རྩ་བ་ལྟ་བུ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྒོམ་བཟླས་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས། ཡིད་དང་མཐུན་པའི་གནས་སུ་སྒྲོལ་མ་ཉེར་གཅིག་གམ་གཙོ་འཁོར་གསུམ་པའམ་གཙོ་རྐྱང་གི་སྐུ་དང༌། གཞན་ཡང་འོད་དཔག་མེད་སྤྱན་རས་གཟིགས་སོགས་ཀྱི་སྐུ་བྲིས་འབུར་ཅི་རིགས་ཀྱི་མཚོན་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། གཙང་ཞིང་གྱ་ནོམ་པའི་མཆོད་པ་ལེགས་པར་བཤམས་ཏེ། སྤྱོད་ལམ་ཚུལ་དང་མཐུན་པར་འཁོད། སེམས་རྣལ་དུ་ཕབ་ནས་རང་གི་མདུན་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་བསྡུས་པའི་སྐྱབས་ཡུལ་ནམ་མཁའ་གང་བ་དང༌། མཐའ་སྐོར་དུ་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྨུག་ཤིག་གེ་འཁོད་པར་བསམ་ལ། སྐྱབས་འགྲོ་བཞི་སྐོར། མཇུག་ཏུ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྦྱར་བའི་སྐྱབས་འགྲོ་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གྱིས་སེམས་བསྐྱེད། ཁྱད་པར་མ་སེམས་ཅན་ཐམས་ཅད་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་


GTD007_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་འཇིགས་པ་མ་ལུས་པ་ལས་སྐྱོབ་བའི་ཕྱིར་དུ་འཕགས་མ་སྒྲོལ་མའི་གོ་འཕང་མྱུར་བ་མྱུར་བར་མངོན་དུ་བྱ། དེའི་ཕྱིར་དུ་འཕགས་མའི་བསྒོམ་བཟླས་ཉམས་སུ་བླང་བར་བྱའོ་ཞེས་ཁྱད་པར་གྱིས་སེམས་བསྐྱེད་བྱ། སྐྱབས་ཡུལ་མཐའ་དག་རིམ་གྱིས་བསྡུས་ཏེ་བླ་མ་དང་དབྱེར་མེད་པའི་མགོན་པོ་ཚེ་དཔག་མེད་རིགས་ཀྱི་བདག་པོར་བཞུགས་པའི་རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྒྲོལ་མ་ཉེར་གཅིག་གིས་བསྐོར་བའི་ལྷ་ཚོགས་ཀྱི་རྣམ་པ་གསལ་བར་གྱུར། གང་གི་ཞབས་སེན་སྙིང་ལ་འགྲོགས་པ་ཡིས། །འཆི་མེད་ཚེ་དང་མཆོག་གི་དཔལ་སྟེར་བ། །བླ་མ་རྒྱལ་བ་ཚེ་དཔག་མེད་མགོན་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྣང་བ་མཐའ་ཡས་ཐུགས་རྗེའི་གངས་རི་ལས། །ལེགས་འོང་འཕྲིན་ལས་རྣམ་བཞིའི་རླབས་ཕྲེང་གཡོ། །མ་ལུས་འགྲོ་བའི་གདུང་སེལ་བཅོམ་ལྡན་མ། །འཕགས་མ་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ། །སྟོང་གསུམ་ཀུན་ཁྱབ་ཡིད་འོང་མཆོད་པའི་ཚོགས། །མ་ལུས་ཞུམ་མེད་བློ་ཡིས་བླངས་ཏེ་འབུལ། །བཟོད་དཀའ་སྡུག་བསྔལ་བསྐྱེད་པའི་སྡིག་ལྟུང་ཚོགས། །སྙིང་ལ་གནས་ཀུན་འགྱོད་པ་དྲག་པོས་བཤགས། །དམ་པའི་མཛད་པ་ཀུན་ལ་རྗེས་ཡི་རང༌། །ད་དུང་བདག་སོགས་མགོན་དུ་རྟག་བཞུགས་ནས། །ཆོས་འཁོར་རྒྱ་ཆེར་བསྐོར་ཕྱིར་གསོལ་བ་འདེབས། །དགེ་ཚོགས་


GTD007_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བདུན་པ་དང༌། ས་གཞི་སྤོས་བྱུགས་མས་མཎྜལ་དབུལ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཀྱིས་ཚད་མེད་བཞི་བསྒོམ། ཚོགས་ཞིང་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་དང་སྣོད་བཅུད་ཐམས་ཅད་ལ་ཕོག་པས། མ་དག་པའི་ཉེས་པ་སྦྱང༌། འོད་གསལ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ། དེའི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་སྔོན་པོ། དེ་ཡོངས་སུ་གྱུར་པ་ལས་ཨུཏྤལ་ལ་སྔོན་པོ་ལྟེ་བར་ཏཱཾ་ཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པའི་སྡུག་བསྔལ་མཐའ་དག་ལས་སྐྱབས། ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱང་སྟེ་འཕགས་མའི་གོ་འཕང་ལ་བཀོད། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་དང་བྱིན་རླབས་ནུས་མཐུ་མཐའ་དག་བསྡུས་ཏེ་ཕྱག་མཚན་ས་བོན་དང་བཅས་པ་ལ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན་མརྒད་གཞོན་ནུའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། ཞལ་གྱི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་འོད་ཟེར་འཕྲོ་བ། གནག་ལ་སྣུམ་པའི་སྨིན་ཚུགས་རིང་པོ་ཅན། ཨུཏྤལ་མཐིང་གའི་འདབ་མ་ལྟ་བུ་རབ་ཏུ་རྒྱས་པའི་སྤྱན་ཟུང་འཛུམ་པའི་ཉམས་ཀྱིས་གཟིགས་ཤིང༌། མཆུ་སྒྲོས་བིམ་པའི་མདོག་ལྟར་དམར་བ། སྐུའི་ཡན་ལག་ཐམས་


GTD007_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རབ་ཏུ་རྒྱས་ལ་འཇམ་ཞིང་གཞོན་ཤ་ཅན། རྐེད་སྐབས་ཕྲ་ཞིང་ཟག་མེད་ཀྱི་བདེ་བ་སྟེར་བའི་ནུ་འབུར་ཟུང་གིས་མཛེས་པ། ལྕུག་ཕྲག་གསར་པའི་ཡལ་ག་བཞིན་དུ་འགྲིལ་ཞིང་མཉེན་པའི་ཕྱག་གཡས་པུས་མོས་སྟེང་དུ་བརྐྱངས་ཏེ་མཆོག་སྦྱིན་དང། གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་མཛད་དེ། ཕྱག་གཉིས་ཀས་ཨུཏྤལ་སྔོན་པོ་རེ་རེ་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བ། སྐུ་སྟོད་ལ་སྲབ་འཇམ་རེག་ན་བདེ་བའི་ལྷའི་གོས་ཀྱི་སྟོད་གཡོགས་དང༌། སྐུ་སྨད་ལ་འཇའ་ཚོན་ལྟར་བཀྲ་བའི་དར་སྣ་ཚོགས་ཀྱི་སྨད་གཡོགས་ཅན། ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀ་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཡུ་ལོ་བཀོད་པའི་ཞིང་ཁམས་ནས་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་བདུད་རྩིའི་ཆུས་དབང་བསྐུར། ལུས་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་


GTD007_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ལ། རྒྱལ་བ་རྒྱ་མཚོའི་༝གསོལ། ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། ནམ་མཁའི་མཐས་གཏུག་རྒྱལ་བ་ཀུན་གྱི་ཡུམ། །ནམ་མཁའི་མཐས་གཏུག་འགྲོ་བ་ཀུན་གྱི་སྐྱབས། །ནམ་མཁའི་མཐས་གཏུག་འཕྲིན་ལས་རྒྱུན་མི་འཆད། །དཔག་ཡས་ཡོན་ཏན་ཕུང་པོ་ཁྱོད་ལ་འདུད། །དངོས་ཀུན་མངོན་པར་འདུ་བྱེད་མ་དམིགས་པས། །འབད་དང་རྩོལ་བའི་མཚན་མ་དང་བྲལ་ཡང༌། །དཔག་བསམ་ཤིང་བཞིན་འདོད་པ་ཀུན་འཇོ་བ། །རྒྱལ་ཀུན་འཕྲིན་ལས་ལྷ་མོ་ཁྱོད་ལ་འདུད། །རིང་ནས་འགྲོ་ལ་ཕན་དགོངས་བྱ་བའི་ཁུར། །ཡོངས་སུ་གྲུབ་པའི་ཡེ་ཤེས་ངོ་བོ་ཉིད། །བདེ་གཤེགས་དོན་ཡོད་གྲུབ་པའི་རིགས་ཀྱི་ཡུམ། །རྗེ་བཙུན་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ། །འཁོར་འདས་ཀུན་བྱེད་སེམས་རྟ་རླུང་གི་ཁམས། །ཡོངས་དག་བཏང་སྙོམས་ཆེན་པོར་རྣལ་གནས་པས། །ཆགས་སྡང་གཡོ་བའི་སྐྱོན་ལས་རིང་དུ་འདས། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །ཕྲ་རགས་ཉེས་པའི་ཚང་ཚིང་ལས་བརྒལ་ཏེ། །སྐལ་བཟང་སྐྱེ་བོ་སྲིད་ཞིའི་འཇིགས་ལས་བསྒྲལ། །ཕྱི་མའི་མཐར་ཡང་མཁའ་མཉམ་ལུས་ཅན་ཀུན། །སྒྲོལ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །དུག་གསུམ་ཀུན་སྦྱོར་འཆིང་བའི་འཇིགས་པ་དང༌། །མི་དང་མི་མིན་འབྱུང་བའི་འཇིགས་པ་སོགས། །ཕྱི་ནང་ཉེར་འཚེ་ཀུན་ལས་སྐྱོབ་མཛད་པས། །སྐྱབས་ཀྱི་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཚེ་ཡི་མཆོག་སྦྱིན་བླ་མ་འོད་དཔག་མེད། །སྙིང་


GTD007_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས། །འཇིགས་པ་མཐའ་དག་སེལ་མཛད་བཅོམ་ལྡན་མ། །རྣམ་གསུམ་དབྱེར་མེད་ཞབས་ལ་ཕྱག་འཚལ་ལོ། །དུས་མིན་འཆི་བའི་འཇིགས་པ་ཀུན་བསལ་ཏེ། །ཕུལ་བྱུང་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འདི་ནས་འཕོས་ཚེ་བདེ་ལྡན་ཞིང་མཆོག་ཏུ། །འོད་དཔག་མེད་པས་རྗེས་སུ་འཛིན་པར་ཤོག །ཤིན་ཏུ་གདུལ་དཀའ་མི་བསྲུན་གདུག་པའི་སེམས། །ཐུགས་རྗེ་བྱིན་རླབས་ཆུ་ཡིས་བརླན་པར་མཛོད། །ཚེ་རབས་ཕྲེང་བར་མ་ཞུམ་སྙིང་སྟོབས་ཀྱིས། །རྒྱལ་སྲས་སྤྱོད་ལ་ཚུལ་བཞིན་སློབ་པར་ཤོག །དམ་ཆོས་བསྒྲུབ་ལ་བར་དུ་གཅོད་པ་ཡི། །ཕྱི་ནང་ཉེར་འཚེ་ཀུན་ལས་བསྐྱབ་ཏུ་གསོལ། །ནམ་མཁའ་ཇི་སྲིད་ཐབས་མཁས་སྤྱོད་པ་ཡིས། །འགྲོ་བའི་དབུགས་འབྱིན་ཆེན་པོར་བདག་གྱུར་ཅིག །ཅེས་པས་བསྟོད། རིགས་བདག་དང་མདུན་གྱི་ཚེ་དཔག་མེད་གཉིས་ཀའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས། རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ། སྤྱི་བོ་ནས་ཞུགས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། ཚེ་གཟུངས་བཟླ། དེ་ནས་རང་གི་སྙིང་གར་ཟླ་བ་ལ་ཏཱཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཐིམ་པར་བསམ་ཞིང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཡི་གེ་བཅུ་པ་ཅི་འགྲུབ་བཟླ། གཏོར་མ་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ཏེ། མདུན་གྱི་


GTD007_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ལ་དབུལ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་བསྐྱེད་ལ་བསྟིམ། རང་ཐ་མལ་གྱི་རྣམ་པར་གནས་ཤིང༌། མདུན་གྱི་གཙོ་མོའི་ཕྱག་གཡས་མཆོག་སྦྱིན་དུ་གནས་པ་དེ་ཉིད་སྐྱབས་སྦྱིན་དུ་བསྒྱུར་བའི་འོག་ཏུ་ཆུད་པར་བསམ་ལ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ཁྱོད་མིན་སྐྱབས་གཞན་མེད་དོ་བརྩེ་བས་དགོངས། །ནད་རིམས་གདོན་བགེགས་བྱད་ཕུར་ཁ་སྨྲས་དང༌། །དབུལ་ཕོངས་རྨི་ལམ་མཚན་ལྟས་ངན་པ་སོགས། །ཕྱི་དང་ནང་གི་ཉེར་འཚེ་རྒུད་པའི་རིགས། །མ་ལུས་མྱུར་དུ་ཞི་བར་བྱིན་གྱིས་རློབས། །བསླབ་གསུམ་ཉམས་ལེན་རྣམ་དག་ཤེས་རབ་དང༌། །མཚན་ལྡན་བཤེས་གཉེན་དམ་ཆོས་སྒྲུབ་པའི་གྲོགས། །ཚེ་དང་བསོད་ནམས་སྙན་པའི་གྲགས་པ་སོགས། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་འདེབས། སྒྲོལ་མ་ཉེར་གཅིག་པོ་སོ་སོའི་ཞབས་ལ་འཇུས་ཏེ་གསོལ་བ་བཏབ་པས། རང་རང་གི་ཕྱག་གཡས་པའི་མཐིལ་གྱི་བུམ་པ་ལས་བདུད་རྩིའི་རྒྱུན་བབ། དེ་དང་དེའི་ཐུན་མོང་མ་ཡིན་པའི་དངོས་གྲུབ་རྣམས་ཐོབ་པར་བསམ་ལ། སྒྲོལ་བསྟོད་ཅི་འགྲུབ་འདོན། མཇུག་ཏུ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ནས་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་པ་དབུལ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ཞེས་སོགས་ཀྱིས་སླར་ཡང་གསོལ་བ་བཏབ་པས་མདུན་གྱི་རྗེ་བཙུན་མའི་ལྷ་ཚོགས་རང་ལ་ཐིམ་ཞིང་བྱིན་གྱིས་བརླབས་པར་བསམ། བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འཕགས་མའི་ཐུགས་


GTD007_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བ་ཀུ་ལ། །སྒྲུབ་ཐབས་གཟེགས་མའི་འགྲམ་ཆང་གིས། །ཕྱེ་བས་དངོས་གྲུབ་སྦྲང་རྩི་ཡིས། །སྐལ་བཟང་རྐང་དྲུག་ཚིམ་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་རབ་རྒྱས་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བའི་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །། །སརྦ་མངྒ་ལཾ།།


previousསེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་བྱིན་རླབས་དགའ་སྟོན།next