Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
སངས་རྒྱས་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousསངས་རྒྱས་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ།next

སངས་རྒྱས་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ།


GTD007_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སུམ་ཅུ་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ་ཞེས་བྱ་བ་བཞུགས་སོ།།


GTD007_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཐུབ་པའི་དབང་པོ་སངས་རྒྱས་སོ་ལྔའི་ལྷ་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །གདུང་བྱེད་སྡུག་བསྔལ་རྦ་ཀློང་འཁྲུགས་པའི་མཚོར། །འདྲེན་བྱེད་མི་དགེའི་ལས་ཀྱི་ཆུ་བོའི་རྒྱུན། །ཟློག་བྱེད་སྟོབས་བཞིའི་བཤགས་པའི་ཆོ་ག་ཡི། །གསལ་བྱེད་ལག་ལེན་རིམ་པ་འདིར་བཤད་བྱ། །དེའང་རྗེ་བདག་ཉིད་ཆེན་པོས། སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བར་བསྟེན་པ་གཅེས། །ཞེས་གསུངས་པ་ལྟར། རང་ཅག་རྣམས་དགེ་བ་གང་བྱས་ཕ་བོང་གྱེན་དུ་བསྒྲིལ་བ་ལྟར་ཤུགས་ཆུང་ལ། སྡིག་པ་བྱེད་ཚེ་ཆུ་ཀླུང་དྲག་པོ་ཐུར་དུ་བབས་པ་བཞིན་སྟོབས་ཆེ་ཞིང་གྲངས་མང་བ་དང༌། དགེ་བར་རློམ་པ་རྣམས་ཀྱང་དུག་གསུམ་གྱི་རྟོག་པ་འོག་འགྱུའི་དབང་གིས་སྡིག་དང་འདྲེས་པ་ཤིན་ཏུ་མང་སྟེ། མདོར་ན་རང་གི་སྒོ་གསུམ་གྱི་སྤྱོད་པ་མཐའ་དག་རྒྱལ་བའི་བཀའ་དང་བསྡུར་ཚེ་མི་དགེ་བའི་ཕུང་པོ་འབའ་ཞིག་ཏུ་སོང་བ་ཤས་ཆེ་བས། བློ་དང་བརྩོན་པའི་ཤུགས་ཅི་ཡོད་ཀྱིས་དུས་རྒྱུན་དུ་བཤགས་བསྡམས་ལ་འབད་དགོས། བཤགས་པའང་ཕྱོགས་རེ་རེ་ཙམ་གྱིས་མི་ཆོག་པས། སྟོབས་བཞི་ཚང་བ་དགོས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་


GTD007_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པ་དང༌། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་བཞིན། དཔེར་ན་ནད་པ་ཞིག་འཆི་ནད་ཀྱིས་ཐེབས་པའི་ཚེ་རྐྱེན་དེའི་དབང་གིས་རང་ཉིད་འཆི་བར་ཤེས་ན་དེ་ལས་ཐར་པའི་ཐབས་ཚོལ་བ་བཞིན་དང་པོར་ལས་ཀྱི་རྣམ་སྨིན་མཐོང་ནས་སྐྱོན་དུ་ལྟ་དགོས་པས་རྣམ་པར་སུན་འབྱིན་པའི་སྟོབས་དང༌། ནད་དེ་སེལ་བའི་ཐབས་དངོས་གཞི་སྨན་དཔྱད་བྱེད་པ་དང་འདྲ་བར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། ནད་སླར་མི་ལྡང་བའི་ཐབས་དང་སྤྱོད་ལམ་གཟབ་དགོས་པ་བཞིན་ཉེས་པ་ལས་སླར་ལྡོག་པའི་སྟོབས་དང༌། དེ་ཐམས་ཅད་ལ་སྨན་པ་མཁས་པ་ནད་གཡོག་དང་བཅས་མེད་མི་རུང་དུ་ཚོལ་དགོས་པ་ལྟར་རྟེན་གྱི་སྟོབས་གལ་ཆེའོ།། དེས་ན་ལྟུང་བཤགས་ཀྱི་ཆོ་ག་འདིར་ནི་སྟོབས་བཞིའི་གནད་མ་ཚང་བ་མེད་པར་འདུས་པ་ཡིན་ཏེ། དེའང་བདག་གི་སྐྱེ་བ་འདི་དང༌། ཞེས་པ་ནས། མི་སྦེད་དོ་ཞེས་པའི་བར་གྱིས་རྣམ་པར་སུན་འབྱིན་པའི་སྟོབས་དང༌། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ་ཞེས་པས་ཉེས་པ་ལས་སླར་ལྡོག་པའི་སྟོབས་དང༌། དེ་བཞིན་གཤེགས་པ་སོ་ལྔའི་མཚན་བརྗོད་ཅིང་ཕྱག་འཚལ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། ཐོག་མའི་སྐྱབས་འགྲོ་དང་འོག་གི་སེམས་བསྐྱེད་རྣམས་ནི་རྟེན་གྱི་སྟོབས་ཡིན་ལ་དེའང་ཕུང་པོ་གསུམ་པ་ཞེས་བཤད་པས། ཕུང་པོ་གསུམ་དུ་བསྡུ་ཚུལ་ནི། དཔོན་སློབ་བློ་གྲོས་རྒྱ་མཚོའི་ལྟུང་བཤགས་ཀྱི་ཊཱིཀྐ་སོགས་སུ་མི་འདྲ་བ་མང་དུ་གསུངས་ཀྱང༌། གཙོ་བོར་གྱུར་པ་ནི་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་སོགས་ཐབས་མཁས་ཀྱི་སྤྱོད་


GTD007_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚོགས་རྒྱ་ཆེན་པོ་གསོག་པ་དང༌། བསྔོ་བའི་སྒོ་ནས་དགེ་རྩ་རྣམས་གོང་དུ་སྤེལ་བ་གསུམ་ཡིན་ནོ། །བསྔོ་བའང་སྦྱིན་པ་ཐ་ན་ཞེས་སོགས་ཕར་ཕྱིན་དང་པོ། ཚུལ་ཁྲིམས་ཞེས་སོགས་ཕར་ཕྱིན་གཉིས་པ། ཚངས་པར་སྤྱོད་པ་ཞེས་སོགས་ཚངས་པའི་གནས་པ་བྱམས་སོགས་ཚད་མེད་བཞི་ལ་སློབ་པའི་ཕར་ཕྱིན་གསུམ་པ། སེམས་ཅན་ཞེས་སོགས་གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས། བྱང་ཆུབ་མཆོག་ཏུ་ཞེས་སོགས་རྫོགས་བྱང་དུ་སེམས་རྩེ་གཅིག་པའི་བསམ་གཏན། བླ་ན་མེད་པའི་ཞེས་སོགས་ཡེ་ཤེས་ཆོས་ཀྱི་སྐུའི་རྒྱུ་མཐུན་པའི་ཤེས་རབ་ཀྱི་ཕར་ཕྱིན་ཏེ་ཕྱིན་དྲུག་གིས་བསྡུས་པའི་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་སློབ་ཅིང་དེ་ཐམས་ཅད་རྫོགས་བྱང་གི་རྒྱུར་བསྔོ་བ་སྨོན་འཇུག་གི་ཉམས་ལེན་ཆ་ཚང་བའི་གནད་དམ་པ་ཡིན་ནོ། །དེས་ན་ཚུལ་དེ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་ལ། ཐོག་མར་གནས་ཁང་བྱི་དོར་བྱས་ཤིང་སངས་རྒྱས་སོ་ལྔའི་སྐུ་བྲིས་འབུར་ཅི་རིགས་ཀྱིས་གཙོས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་བཀྲམ། དེའི་མདུན་དུ་ཅི་འབྱོར་བའི་མཆོད་པ་གཙང་ཞིང་གྱ་ནོམ་པ་བཤམ། རང་ཉིད་ཐོག་མེད་ནས་འཁོར་བར་འཁྱམས་ཚུལ་དང༌། ད་དུང་ཡང་དབུགས་ཀྱི་འགྱུ་བ་ཕྲ་མོ་འདི་རྐྱེན་གློ་བུར་བ་ཞིག་གིས་ཡུད་ཀྱིས་འགགས་པ་ན། རྣམ་པར་ཤེས་པ་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་དུ་རང་དབང་མེད་པར་འགྲོ་དགོས་ལ། ལྷག་པར་ད་ལྟ་རང་གི་སྤྱོད་པ་བག་མེད་པས་བཅས་རང་གི་ཉེས་ལྟུང་ཆར་བཞིན་དུ་འབབ་པ་འདི་ལ་དཔག་ན་ཕྱི་མར་འགྲོ་ས་ངན་སོང་ལས་མ་འདས་ཤིང༌། དེར་སྐྱེ་ན་སྡུག་བསྔལ་བཟོད་གླགས་མེད་པའི་ཚུལ། དེ་ལས་སྐྱོབ་པའི་ནུས་པ་སྐྱབས་དཀོན་མཆོག་གསུམ་ལ་ཡོད་ཚུལ་དང༌། ཁྱད་པར་དུའང་སངས་རྒྱས་སོ་ལྔའི་མཚན་རེ་རེ་བརྗོད་པ་ཙམ་གྱིས་ཀྱང་མཚམས་མེད་ལྔ་དང་མི་དགེ་བཅུ་ལ་སོགས་པ་བསྐལ་པ་དུ་མར་བསགས་པའི་སྡིག་ལྟུང་སྦྱོང་ཚུལ་མཉམ་མེད་ཇོ་བོ་ཆེན་པོའི་བཞེད་པ་ལྟར་


GTD007_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་ཀྱི་གསུང་ལས་འབྱུང་བ་ལྟར་གྱི་ཕན་ཡོན་ཐུན་མོང་མ་ཡིན་པ་རྣམས་དང༌། རྗེ་བདག་ཉིད་ཆེན་པོས་ཀྱང་འོལ་ཁ་ཆོས་ལུང་དུ་འདི་ཉིད་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པའི་ཚུལ་སོགས་སྒོ་དུ་མ་ནས་བསམས་ཏེ་ཀུན་སློང་ལེགས་པར་བཅོས་ལ། སྐྱབས་སེམས་སྔོན་དུ་བཏང༌། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའ། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་ས་གཞི་བྱིན་གྱིས་བརླབས། དཀོན་མཆོག་གསུམ་གྱི་བདེན་པ་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པའི་སྟོབས་ཀྱིས་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་སྨོན་པའི་མཐུ་ལས་བྱུང་བ། སྐྱབས་ཡུལ་རྣམས་ལ་ཟག་པ་མེད་པའི་དགྱེས་པ་སྐྱེད་པར་བྱེད་པའི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་བདུན་ནམ་ཉེར་གཅིག་སོགས་བརྗོད་དེ་མཆོད་རྫས་བྱིན་གྱིས་བརླབ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ལྷ་གྲངས་དང་མཉམ་པ་དབུས་དང་སྟེང་འོག་ཕྱོགས་མཚམས་སོ་སོར་གནས་པའི་དབུས་མའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང༌། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་


GTD007_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ངུར་སྨྲིག་གི་མདོག་ཅན་གསུམ་མཛེས་པར་གསོལ་བ། མཚན་དཔེས་བརྒྱན་པ། དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དཀྱིལ་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྟེང་དུ་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་སེར་པོ་ཕྱག་གཉིས་ཆོས་འཆད། ཤར་དུ་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་དམར་པོ་ཕྱག་གཉིས་མཉམ་གཞག །ཤར་ལྷོར་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ་ཞལ་དང་མགྲིན་པ་དཀར་ཞིང་ལྷག་མ་སྔོ་བ་ཀླུའི་རྒྱབ་ཡོལ་ཅན་ཕྱག་གཉིས་ཆོས་འཆད། ལྷོར་དེ་བཞིན་གཤེགས་པ་དཔའ་བོའི་སྡེ་སེར་པོ་ཕྱག་གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན་དང༌། གཡོན་ཆོས་འཆད་མཛད་པ། ལྷོ་ནུབ་ཏུ་དེ་བཞིན་གཤེས་པ་དཔལ་དགྱེས་སེར་པོ་ཕྱག་གཉིས་ཆོས་འཆད། ནུབ་ཏུ་དེ་བཞིན་གཤེགས་པ་རིན་ཆེན་མེ་དམར་པོ། ནུབ་བྱང་དུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད་དཀར་པོ། གཉིས་ཀ་ཕྱག་གཡས་ས་གནོན་དང༌། གཡོན་མཉམ་གཞག །བྱང་དུ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ལྗང་གུ་ཕྱག་གཡས་ཐུགས་ཀར་སྐྱབས་སྦྱིན་དང༌། གཡོན་མཉམ་གཞག །བྱང་ཤར་དུ་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། འོག་ཏུ་དེ་བཞིན་གཤེགས་པ་དྲི་མ་མེད་པ་སྔོན་པོ་ཕྱག་གཉིས་མཉམ་གཞག་མཛད་པ། དེ་དག་གི་ཕྱི་རོལ་གྱི་སྟེང་དུ་དེ་བཞིན་གཤེགས་པ་དཔལ་སྦྱིན་སེར་པོ་ཕྱག་གཉིས་ཆོས་འཆད་སྟེང་འོག་ཏུ་མཛད་པ། ཤར་དུ་དེ་བཞིན་གཤེགས་པ་ཚངས་པ་སེར་པོ་ཕྱག་གཡས་ས་གནོན་དང༌། གཡོན་


GTD007_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་མཛད་པ། ཤར་ལྷོར་དེ་བཞིན་གཤེགས་པ་ཚངས་པས་བྱིན་དམར་སེར་ཕྱག་གཉིས་ཆོས་འཆད། ལྷོར་དེ་བཞིན་གཤེགས་པ་ཆུ་ལྷ་དཀར་པོ་ཕྱག་གཉིས་མཉམ་གཞག །ལྷོ་ནུབ་ཏུ་དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ་དཀར་པོ་ཕྱག་གཉིས་ཆོས་འཆད། ནུབ་ཏུ་དེ་བཞིན་གཤེགས་པ་དཔལ་བཟང་སེར་པོ་ཕྱག་གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན་དང༌། གཡོན་ཆོས་འཆད། ནུབ་བྱང་དུ་དེ་བཞིན་གཤེགས་པ་ཙན་དན་དཔལ་སྔོན་པོ་ཕྱག་གཡས་ས་གནོན་དང༌། གཡོན་མཉམ་གཞག །བྱང་དུ་དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་དམར་པོ་ཕྱག་གཉིས་ཆོས་འཆད། བྱང་ཤར་དུ་དེ་བཞིན་གཤེགས་པ་འོད་དཔལ་སྔོན་པོ་ཕྱག་གཡས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། འོག་ཏུ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་སྐུ་མདོག་དམར་སྐྱ་ཕྱག་གཉིས་མཉམ་གཞག་མཛད་པའོ། །དེ་དག་གི་ཕྱི་རོལ་གྱི་སྟེང་དུ་དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་སེར་པོ་ཕྱག་གཉིས་སྟེང་འོག་ཏུ་ཆོས་འཆད་མཛད་པ། ཤར་དུ་དེ་བཞིན་གཤེགས་པ་མེ་ཏོག་དཔལ་སེར་པོ་ཕྱག་གཡས་བརྐྱངས་པའི་མཐེབ་མཛུབ་སྦྱར་བ་དང་གཡོན་ཆོས་འཆད། ཤར་ལྷོར་དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་སྐུ་མདོག་སེར་པོ་དང༌། ལྷོར་དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་སྐུ་མདོག་དམར་པོ། གཉིས་ཀ་ཕྱག་གཡས་ས་གནོན་དང༌། གཡོན་མཉམ་གཞག །ལྷོ་ནུབ་ཏུ་དེ་བཞིན་གཤེགས་པ་ནོར་དཔལ་སྔོན་པོ་དང༌། ནུབ་ཏུ་དེ་བཞིན་


GTD007_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དྲན་པའི་དཔལ་སེར་པོ། གཉིས་ཀ་ཕྱག་གཉིས་མཉམ་གཞག །ནུབ་བྱང་དུ་དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་གྲགས་དཀར་པོ་ཕྱག་གཡས་ཆོས་འཆད། གཡོན་མཉམ་གཞག །བྱང་དུ་དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་སྔོན་པོ་ཕྱག་གཡས་རྒྱལ་མཚན་ཕྲག་པ་གཡོན་པར་བཟུང་ཞིང༌། གཡོན་མཉམ་བཞག །བྱང་ཤར་དུ་དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པ་སྔོན་པོ་ཕྱག་གཡས་རལ་གྲི། གཡོན་མཉམ་གཞག །འོག་ཏུ་དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་སྔོན་པོ་ཁྲབ་འཛིན་པའོ། །དེ་དག་གི་ཕྱི་རོལ་གྱི་ཤར་དུ་དེ་བཞིན་གཤེགས་པ་རྣམ་པར་གནོན་པས་གཤེགས་པའི་དཔལ་སྔོན་པོ་ཕྱག་གཡས་ས་གནོན་དང༌། གཡོན་མཉམ་གཞག །ལྷོར་དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ་དང༌། ནུབ་ཏུ་དེ་བཞིན་གཤེགས་པ་རིན་ཆེན་པདྨས་རྣམ་པར་གནོན་པ། དེ་གཉིས་ཀ་སྐུ་མདོག་དམར་སེར་ཕྱག་གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན་དང༌། གཡོན་ཆོས་འཆད་མཛད་པ། བྱང་དུ་དེ་བཞིན་གཤེགས་པ་རི་དབང་གི་རྒྱལ་པོ་སྐུ་མདོག་སེར་པོ་ཕྱག་གཉིས་ཀྱིས་རི་རབ་འཛིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཚན་དང་དཔེ་བྱད་དང་ལྡན་ཞིང༌། རབ་ཏུ་བྱུང་བ་སྤྲུལ་བའི་སྐུའི་ཆ་ལུགས་ཀྱིས་པདྨ་ཟླ་བ་རིན་པོ་ཆེ་སེང་གེའི་ཁྲི་སྟེང་ན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པ་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དེ་


GTD007_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་སུམ་ཅུ་སོ་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྔྷེ། ནཻ་ཝིངྱ། ཤཔྟ་རྣམས་བཅུག་ལ་མཆོད། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །གང་གི་ཐུགས་རྗེའི་ཉི་འོད་རེག་པ་ཡིས། །ཉེས་ལྟུང་སྡིག་པའི་གྲང་རེག་སེལ་བྱེད་ཅིང༌། །མངོན་མཐོ་ངེས་ལེགས་ལམ་བཟང་གསལ་མཛད་པ། །བདེ་གཤེགས་སོ་ལྔའི་ལྷ་ཚོགས་རྣམས་ལ་བསྟོད། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པས། །ཐོག་མེད་ནས་བསགས་ཉེས་བརྒྱའི་ཕུང་པོ་ཀུན། །ཐུགས་རྗེའི་བདུད་རྩིའི་ཆབ་ཀྱིས་བྱང་གྱུར་ཏེ། །ཡང་དག་ལམ་བཟང་རྟོགས་པར་བྱིན་གྱིས་རློབས། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་མཎྜལ་གྲངས་བསགས་ཏེ་དབུལ། དེ་ནས་རང་གི་གཡས་སུ་ཕ། གཡོན་དུ་མ། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་སའི་


GTD007_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དྲེག་པ་ལྟར་བགྲངས་ཀྱིས་མི་ལང་བས་བསྐོར་ཏེ་གནས་པའི་མོས་པ་དང༌། མདུན་དུ་སྐྱབས་ཡུལ་རྣམས་རང་ཅག་ལ་ཐུགས་བརྩེ་བའི་ཚུལ་གྱིས་བཞུགས་པའི་དམིགས་པ་ལེགས་པར་གསལ་བཏབ་ལ། བདག་དང་མ་སེམས་ཅན་ཐམས་ཅད་གནས་སྐབས་སུའང་སྡུག་བསྔལ་གྱིས་མནར་ཚུལ་དང༌། སླད་ཀྱང་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་བསྒྲུབ་པས་ངན་སོང་གསུམ་གྱི་གཡང་ཁར་ཉེ་བའི་ཚུལ་བསམ་ནས། ཤས་མི་བཟོད་པའི་འཇིགས་སྐྲག་དང༌། དེ་ལས་སྐྱོབ་པའི་ནུས་པ་མདུན་གྱི་སྐྱབས་ཡུལ་རྣམས་ཁོ་ན་ལ་ཡོད་པར་ཡིད་ཆེས་པའི་ངེས་ཤེས་ཤུགས་དྲག་པོ་བསྐྱེད་དེ་བློ་ལིངས་ཀྱིས་བཀལ་བའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བརྗོད་པར་བསམ་ལ། ངག་ཏུའང༌། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའི་བར་ལན་མང་དུ་བརྗོད་དེ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཆུད་པར་བསམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཁྱད་པར་བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་ཐོབ་པར་བྱ། དེའི་ཕྱིར་དུ་སངས་རྒྱས་སུམ་ཅུ་སོ་ལྔའི་སྒྲུབ་པ་ལ་འཇུག་པར་བྱའོ། །སྙམ་དུ་སེམས་བསྐྱེད། སྐྱབས་འགྲོ་སེམས་བསྐྱེད་འདི་རྣམས་འོག་གི་སྟོབས་ལྷག་མ་རྣམས་ལ་ནུས་པ་འདོན་བྱེད་ཀྱི་གཙོ་བོ་ཡིན་པས། གནད་དུ་འགྲོ་ངེས་


GTD007_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པ་གལ་ཆེའོ། །དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏངྱ་ཐཱ། ཨོཾ་རཏྣེ་རཏྣེ་མཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱཧཱ། སྔགས་འདི་བརྗོད་ནས་ཕྱག་ལན་གཅིག་བྱས་པའང་བྱེ་བ་ཕྲག་གཅིག་ཏུ་འགྱུར་བར་གསུངས་པས། ལན་གསུམ་མམ་བདུན་སོགས་ངེས་ཅན་དུ་བརྗོད། དེ་ནས་ལངས་ཏེ་ལུས་ཐམས་ཅད་ས་ལ་ཕབ་པའི་བརྐྱངས་ཕྱག་ཏུ་གྲགས་པའམ། ལག་པའི་མཐིལ་གཉིས། པུས་མོའི་ལྷ་ང་གཉིས། དཔྲལ་བ་སྟེ་ཡན་ལག་ལྔ་ས་ལ་རེག་པའི་ཕྱག་ཚུལ་དང་མཐུན་པར་བཙལ་ལ། པདྨོ་ཁ་འབུས་ལྟ་བུ་ཡི། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་ངག་ཡིད་ཀྱིས། །མཆོད་འོས་ཀུན་ལ་ཕྱག་འདི་བགྱིད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོ་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་མཚན་རེ་རེའང་ལན་གསུམ་གསུམ་གྱི་བར་དུ་བརྗོད་ཅིང༌། དང་པོའི་ཚེ་དེ་བཞིན་གཤེགས་པ་དེའི་སྐུའི་རྣམ་པ་གསལ་བཏབ། གཉིས་པའི་ཚེ་རང་གི་ཐོག་མེད་ནས་བསགས་པའི་


GTD007_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཐམས་ཅད་ལྕེའི་སྟེང་དུ་པཾ་ཡིག་ནག་པོའི་རྣམ་པར་ནག་ཕུང་ངེ་ཡོད་པའི་མོས་པ་དང༌། དེ་བཞིན་གཤེགས་པ་དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་དེ་ཉིད་བཀྲུས་ཏེ་ས་ལ་ཐིམ་པའམ་སངས་ཀྱིས་དག་པའི་དམིགས་པ་བྱ། གསུམ་པའི་ཚེ་ཡར་ལངས་པ་ན་དེ་བཞིན་གཤེགས་པ་དེའི་སྐུ་ལས་རང་འདྲ་གཉིས་པ་ཞིག་ཆད་དེ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། དེ་ནས་ཡང་དེ་བཞིན་གཤེགས་པ་རྗེས་མ་དེའི་མཚན་བརྗོད་ཅིང་སྐུའི་རྣམ་པ་གསལ་འདེབས་པ་སོགས་དལ་བུའི་སྒོ་ནས་རྒྱུད་ཤིན་ཏུ་འཁུལ་ངེས་པ་གནད་ཆེའོ། །རྒྱས་པར་སྤྲོ་ན། མཚན་རྣམས་རྫོགས་པའི་རྗེས་སུ། སངས་རྒྱས་ཀུན་གྱིས་འདུལ་དཀའ་བ། །ཞེས་སོགས་དེ་བཞིན་གཤེགས་པ་སོ་སོའི་ཕྱག་འཚལ་གྱི་ཚིགས་བཅད་ལྷོ་བྲག་བཀའ་འབུམ་སོགས་ལས་འབྱུང་བ་བཞིན་བྱ། དེ་ནས། དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ཞེས་པ་ནས། ཐལ་མོ་སྦྱར་བ་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །ཞེས་པའི་བར་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་རེ་ལྟོས་འཆའ་བའི་ཚིག་དོན་དྲན་བཞིན་པར་གདོན། དེའང་འདི་ཉིད་ལ་ཉམས་ལེན་གྱི་སྙིང་པོ་ཆིག་དྲིལ་དུ་བྱེད་ན་སླར་ཡང་སྐྱབས་འགྲོ་ནས་བརྩམས་ཏེ་སྔར་བཞིན་བྱས་ལ་ལན་བཅུ་གཅིག་གམ། ཉེར་གཅིག་གམ། སོ་ལྔ་ལ་ཐུན་རེ་རེ་བྱས་པའི་ཐུན་གསུམ་མམ། བཞིར་བྱས་ན་ཤིན་ཏུ་ལེགས་སོ། །ཐུན་གྱི་མཐར་དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་འདི་ཉིད་ལན་གཅིག་བརྗོད་ནའང་བསྐལ་པ་འབུམ་ཕྲག་བརྒྱའི་སྡིག་པ་འདག་པར་གསུངས་པས། ན་མཿ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱཧཱ། ཞེས་བརྒྱ་རྩ་རེའམ། མ་མཐའ་ཉེར་གཅིག་བཟླ། མཇུག་ཏུ་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། གཏོར་མ་ཆ་བཞི་བཤམས་ལ། སཾ་བྷ་རའི་སྔགས་ལན་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མ་དང་པོ་སངས་རྒྱས་སོ་ལྔ་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་ལ་


GTD007_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ། བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །བླ་མ་དཀོན་མཆོག་གསུམ་ལ་འབུལ། །བཞེས་ནས་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། །གཉིས་པ་རྒྱལ་ཆེན་སྡེ་བཞི་སོགས་ཆོས་སྐྱོང་རྣམས་ལ་དམིགས་ཏེ། བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། །བཞེས་ནས་ཞི་རྒྱས་དབང་དྲག་གི། འཕྲིན་ལས་མ་ལུས་བསྒྲུབ་ཏུ་གསོལ། །གསུམ་པ། བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །བཞེས་ནས་རུ་ང་མ་མཛད་པར། །སྡོངས་གྲོགས་གནས་པོ་བཟང་པོ་མཛོད། །བཞི་པ། བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །རིགས་དྲུག་སེམས་ཅན་རྣམས་ལ་འབུལ། །བཞེས་ནས་སྡུག་བསྔལ་ལས་གྲོལ་ཏེ། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །བདག་གི་བསམ་པའི་སྟོབས་དང་ན། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། མགོན་པོ་ཐུགས་རྗེ་ཞེས་སོགས་ཀྱིས་གོང་བཞིན་བསྟོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སུམ་ཅུ་སོ་ལྔའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དར་ཞིང༌། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་པ་དང༌། དགེ་འདུན་གྱི་སྡེ་རྣམས་བཤད་སྒྲུབ་


GTD007_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱ་བ་གོང་དུ་འཕེལ་ཞིང༌། འཇིག་རྟེན་མཐའ་དག་ཆོས་འབྱོར་བདེ་སྐྱིད་ཀྱིས་འཚོ་བ་དང༌། བདག་དང་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། སྐྱབས་ཡུལ་རྣམས་འོད་དུ་ཞུ་བ་རང་གི་སྨིན་མཚམས་ནས་ཐིམ་པས་བྱིན་གྱིས་བརླབས་པར་བསམས། མཇུག་ཏུ་བཟང་པོ་སྤྱོད་པ་དང༌། བདེ་བ་ཅན་གྱི་སྨོན་ལམ་སོགས་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་བོ། །དེའང་ཐོག་མེད་ནས་སྡིག་པ་མི་དགེ་བའི་ལས་སྣ་རེ་རེ་ཙམ་མ་ཡིན་པར་སྒོ་མཐའ་དག་ནས་བསགས་པའི་དབང་གིས་གཉེན་པོ་ཡང་ཕྱོགས་རེ་ཙམ་གྱིས་ཆོག་ཤེས་མི་བྱ་བར་ཆ་མཐའ་དག་ནས་འབད་དགོས། དེའང་བསླབ་བཏུས་སུ། ཤེར་མདོ་ལྟ་བུ་བྲི་ཀློག་སོགས་མདོ་སྡེ་ཟབ་མོ་ལ་བརྟེན་པ་དང༌། སྟོང་པ་ཉིད་ལ་མོས་པ་དང༌། རྡོར་སེམས་བསྒོམ་བཟླས་ལྟ་བུ་བཟླས་པ་ལ་བརྟེན་པ་དང༌། བྲིས་འབུར་གྱི་སྐུ་དང་སཙྪ་འདེབས་པ་སོགས་སྐུ་གཟུགས་ལ་བརྟེན་པ་དང༌། མཆོད་པ་ལ་བརྟེན་པ། མཚན་ལ་བརྟེན་པ་སྟེ་དྲུག་གསུངས་པས། ཐ་མ་ནི་འདིའི་དངོས་གཞི་གཙོ་བོ་ཡིན་ལ། གཞན་རྣམས་ཕལ་ཆེར་ཐུན་མཚམས་ཀྱི་སྐབས་སུ་ལག་ལེན་ལ་འདེབས་ཅི་ཐུབ་བྱས་ཏེ། ཤེས་རྒྱུད་ཉེས་ལྟུང་གིས་མ་གོས་པའི་ཉམས་ལེན་རྣམ་པར་དག་པ་ལ་སྐུལ་བྱེད་ཀྱི་གཟུངས་ལས་གསུངས་པའི་སྡིག་པ་དག་པའི་ལྟས་རྣམས་བྱུང་བྱུང་གི་བར་དུ་འབད་དེ་དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱའོ།། སྨྲས་པ། གང་ཞིག་རང་ལ་བརྩེ་བ་མི་དམན་ཞིང༌། །ལེགས་ཉེས་འབྱེད་པའི་བློ་དང་ལྡན་རྣམས་ལ། །དགོས་དོན་ཀུན་གྱི་ནང་ན་གལ་ཆེ་བའི། །འདུན་མའི་རྩ་བ་ཉེས་ལྟུང་སྦྱོང་འདི་ཡིན། །དེ་ཕྱིར་རྙེད་དཀའ་མི་ཡི་ལུས་ཐོབ་ཅིང༌། །དམྱལ་མེ་བཟོད་དཀའི་སྒོ་འཕར་གཅོད་


GTD007_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ཆེ། །དོན་མེད་གཡེང་བ་བོར་ནས་འདི་འདྲ་བའི། །ཉམས་ལེན་སྙིང་པོར་མཛོད་ཅིག་གྲོགས་པོ་དག །འདིས་མཚོན་རང་གཞན་དགེ་ཚོགས་གངྒཱའི་ཀླུང༌། །སྡིག་ལྟུང་དྲི་མ་སྦྱོང་བྱེད་ལྷ་ཡི་ཆུས། །མཁའ་མཉམ་འགྲོ་བའི་ཡིད་ཀྱི་ཉེས་པའི་ཚོགས། །སྦྱངས་ཏེ་འཆི་མེད་ཐར་པའི་གནས་ཐོབ་ཤོག །ཅེས་སངས་རྒྱས་སུམ་ཅུ་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ་ཞེས་བྱ་བ་འདི་ནི་དད་བརྩོན་ལྡན་པ་དཀོན་མཆོག་འབྱུང་གནས་ཀྱིས་བསྐུལ་བའི་ངོར། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་གསུང་ལ་གཞི་བྱས། ཁ་འགེངས་འོས་ཅུང་ཟད་རྣམས་གཞན་ནས་ཀྱང་བསྣན་ཏེ། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་དང་སྐལ་མཉམ་རྣམས་ལ་ཕན་དུ་རེ་བས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་ཀུན་དགའོ།། དངོས་བརྒྱུད་བླ་མ་ཡི་དམ་བསྐལ་བཟང་གི །རྣམ་འདྲེན་རྒྱལ་བ་སྟོང་དང་བདེ་གཤེགས་བརྒྱད། །སངས་རྒྱས་སོ་ལྔ་ཉེ་སྲས་བརྒྱད་ལ་སོགས། །རྒྱལ་བ་སྲས་བཅས་ཐུགས་བསྐྱེད་བདེན་པའི་མཐུས། །བདག་གིས་དུས་གསུམ་དགེ་བ་ཅི་བགྱིས་པ། །མི་མཐུན་རྐྱེན་གྱིས་ནམ་ཡང་མི་གཞོམ་ཞིང༌། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྔགས་པ་ཡི། །འབྲས་བཟང་མཐའ་དག་འགྲུབ་པའི་རྒྱུར་གྱུར་ཅིག །གཡེང་ཞིང་བསམ་སྦྱོར་དམན་པས་བགྱིས་རྣམས་ཀྱང༌། །ཕུལ་བྱུང་དགེ་བའི་དངོས་པོར་བསྒྱུར་བྱས་ཏེ། །དེ་ཡི་མཐུ་ལས་སྔོན་བསགས་སྡིག་ལྟུང་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །འདི་སྣང་འགག་ཚེ་ཉེ་བའི་སྲས་རྣམས་ཀྱིས། །དབུགས་དབྱུང་བདེ་བ་ཅན་དུ་འཁྲིད་པ་དང༌། །དེར་ནི་འོད་དཔག་མེད་པའི་ཞལ་མཐོང་སྟེ། །གསུང་གི་བདུད་རྩིའི་


GTD007_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་མྱོང་བར་ཤོག །སྐྱེ་ཞིང་སྐྱེ་བར་བཤེས་གཉེན་དམ་པ་ཡིས། །འབྲལ་མེད་རྗེས་གཟུང་བཀའ་བཞིན་སྒྲུབ་པ་དང༌། །ཕྱི་ནང་ཉེར་འཚེའི་རྐྱེན་གྱིས་མི་གཡོ་བར། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་འཇིགས་མེད་ཡར་འཕེལ་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousསངས་རྒྱས་སོ་ལྔའི་སྒྲུབ་ཐབས་ཀྱི་ཆོ་ག་ལྟུང་བའི་མུན་སེལ།next