Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཡོན་སྦྱོང་གི་ཆོ་ག་སྒྲིབ་པའི་མུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡོན་སྦྱོང་གི་ཆོ་ག་སྒྲིབ་པའི་མུན་སེལ།next

ཡོན་སྦྱོང་གི་ཆོ་ག་སྒྲིབ་པའི་མུན་སེལ།


GTD007_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་སྦྱོང་གི་ཆོ་ག་སྒྲིབ་པའི་མུན་སེལ་ཞེས་བྱ་བ་བཞུགས་སོ།།


GTD007_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་བྱིན་རླབས་འབར་བའི་མེ་འོད་ཀྱིས། །དཀོར་སྒྲིབ་ཉེས་པའི་ཚང་ཚིང་སྲེག་བྱེད་ཅིང༌། །མངོན་མཐོ་ངེས་ལེགས་ལམ་བཟང་གསལ་མཛད་པ། །བཅོམ་ལྡན་ཐུགས་རྗེའི་གཏེར་ཆེན་དེ་ཡིས་སྐྱོངས། །ལྡན་གྲོལ་ཡོན་ཏན་གདེང་ཚད་མི་ལྡན་པར། །འཇུ་དཀའི་དཀོར་ལ་བག་མེད་སྤྱོད་པ་ཡིས། །གཏན་བདེའི་སྲོག་འཕྲོག་ནད་ཀྱིས་ཟིན་པ་རྣམས། །སྐྱོབ་བྱེད་སྨན་གྱི་སྦྱོར་བ་མདོ་ཙམ་སྤེལ། །དེ་ཡང་གཞན་གྱིས་དད་པས་སྦྱིན་པ་ལོངས་སྤྱོད་པའི་ཚུལ་ལ། བདག་པོའི་ཚུལ་གྱིས་སྤྱོད་པ་དང༌། བྱིན་པའི་ཚུལ་དུ་སྤྱོད་པ། བུ་ལོན་གྱི་ཚུལ་དུ་སྤྱོད་པ། ལྕགས་གོང་མེ་ལྕེ་འབར་བའི་ཚུལ་དུ་སྤྱོད་པ་དང་བཞི་མདོ་སྡེ་ལས་གསུངས་པའི་ཕྱི་མ་ནི། ལྕགས་གོང་མེ་ལྕེ་འབར་འདྲ་བ། །ཟོས་པར་གྱུར་པ་ཆེས་སླ་ཡི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་པ་སྟེ། ད་ལྟ་རང་ཅག་སྡོམ་པ་གསུམ་གྱི་ཁས་ལེན་ཤིན་ཏུ་རྒྱ་ཆེ་ཡང༌། དེའི་བཅས་མཚམས་རྣམ་པར་དག་པ་སྣ་རེ་ཙམ་ཡང་བསྲུང་བ་སེམས་ལ་འཛིན་རྒྱུ་མེད་པར་གསོན་གཤིན་གྱི་དད་ཟས་ལ་བག་མེད་དུ་ལོངས་སྤྱོད་ཅིང༌། ད་དུང་ཡང་ལན་ཚྭའི་ཆུ་བཞིན་ངོམས་པ་མེད་པར་སྲེད་པ་ལྷག་པར་འཕེལ་ཏེ། ཁ་གསག་གཞོག་སློང་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ལོག་པའི་འཚོ་བ་འབའ་ཞིག་བསྒྲུབས་པ་ནི། ཚེ་ཐུང་དགུན་ཉི་ལྟ་བུ་འདི་ཡུད་ཀྱིས་ཟད་དེ། འབད་པས་བསྒྲུབས་པའི་དཀོར་ཟས་ཐམས་ཅད་རྨི་ལམ་གྱི་དགའ་སྟོན་ལྟར་དྲན་པའི་ཡུལ་དུ་བཞག །དེའི་སྒྲིབ་པ་ཐམས་ཅད་སེམས་སྟེང་དུ་ཁུར་ཏེ་དམྱལ་བའི་གཏིང་དུ་ཕྱིན་ནས་ལོ་གྲངས་བྱེ་བ་ཕྲག་ཁྲིག་མང་པོར་ཁྲོ་ཆུ་ཁོལ་མའི་བཏུང་བ་དང༌། ལྕགས་ཀྱི་ཐུ་ལུམ་འབར་བ་ཟས་སུ་


GTD007_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་དགོས་པས། རང་ལ་རང་གཅེས་པར་འཛིན་པ་རྣམས་ཀྱིས་རབ་དཀོར་སྒྲིབ་ཚན་པོ་ཆེས་མ་གོས་པ་དང༌། མ་མཐའ་ཡང་དཀོར་སྒྲིབ་སྦྱོང་བའི་ཐབས་མ་ནོར་བ་རེ་ལ་འབད་པར་བྱེད་དགོས་སོ། །དེ་ཡང་སྤྱིར་སྟོན་པ་ཐུགས་རྗེ་ཅན་གྱིས་དཀོར་སྦྱོང་བའི་རིམ་པ་དུ་མ་ཞིག་གསུངས་ལ། ཁྱད་པར་དུ་བྱ་སླ་ཞིང་དོན་ཆེ་བར་གཟིགས་ཏེ་དེ་བཞིན་གཤེགས་པ་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བའི་མཚན། ན་མཿ ས་མནྟ་པྲ་བྷ་རཱ་ཛཱ་ཡ་ཞེས་སོགས་ཡོན་སྦྱོང་གི་གཟུངས་དང་བཅས་པ་གསུངས་ལ། ན་མོ་བྷ་ག་ཝ་ཏེ། སུ་མེ་རུ་ཀལྤ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏངྱ་ཐཱ། ཨོཾ་ཀལྤེ་ཀལྤེ། མཧཱ་ཀལྤེ། ཀལྤེ་པ་རི་ཤོ་དྷ་ནི་སྭཱཧཱ། ཞེས་གཟུངས་རྐྱང་པ་གཅིག་ཀྱང་གསུངས་སོ། །འགྱུར་ཕལ་ཆེར་དུ་ཀུན་ནས་འོད་ཀྱི་རྒྱལ་པོ་ཞེས་པ་ཙམ་ལས་མི་འབྱུང་ཡང༌། ལྟུང་བཤགས་ཀྱི་ལྷ་སོ་ལྔའི་ནང་གི་རིན་ཆེན་མེ་ཡིན་པར་མངོན་ཏེ། རྒྱལ་ཚབ་རྗེས་ཇོ་བོའི་གསུང་རྒྱུན་ལྟར་མཚན་གྱི་ཕན་ཡོན་བཀོད་པ་ལས། རིན་ཆེན་མེས་དགེ་འདུན་གྱི་དཀོར་ལ་འབག་པའི་སྡིག་པ་འདག་གོ །ཞེས་གསུངས་པ་དང༌། མདོ་འདིའི་ཕན་ཡོན་དུ།ཡོན་མང་པོ་ལ་སྤྱད་པ་ཡང་བྱང་བར་འགྱུར་རོ། །ཡོན་བདག་དེའི་ཡོན་ཡོངས་སུ་འཕེལ་བར་འགྱུར་ཞིང་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པ་གཉིས་དོན་འདྲ་བར་སྣང་ངོ༌། །དེ་ལྟར་ན་ཀུན་ནས་འོད་ཀྱི་རྒྱལ་པོ་ཞེས་པ་ཞིང་གི་སྒོ་ནས་བཏགས་པ་ཡིན་ལ། རིན་ཆེན་མེའམ། མེ་འོད་རབ་ཏུ་གསལ་བ་ཞེས་པ་མཚན་དངོས་ཡིན་ཏེ། མེ་ཏོག་གི་ཚོགས་ཀྱི་མདོ་ལས། བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་ནོར་བུ་སྣང་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་


GTD007_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཞེས་བྱ་བ་བཞུགས་ཏེ། ཞེས་གསུངས་པས། འོད་དང་སྣང་བ་རྣམ་གྲངས་སུ་བྱས་པར་མངོན། སྟོན་ཚུལ་དེ་འདྲ་བ་མང་སྟེ། མདོ་དེར་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པའི་མཇུག་ཐོགས་སུ། རིན་ཆེན་མེ་དང་རིན་ཆེན་ཟླ་འོད་གཉིས་གསུངས་པ་ལྟ་བུ་ལྟུང་བཤགས་ཀྱི་ལྷ་ཚོགས་རགས་རིམ་ཞིག་ཐོར་བུ་ཐོར་བུར་གསུངས་ལ། དང་པོ་ཡང་རྡོ་རྗེའི་སྙིང་པོ་ཅན་ཞེས་པ་ཞིང་དང་། རྡོ་རྗེ་རབ་ཏུ་འཇོམས་པ་ཞེས་པ་མཚན་དངོས་ཡིན་པར་གསུངས་ཀྱང། ཕུང་པོ་གསུམ་པའི་མདོར་རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་ཞེས་བསྡུས་ནས་གསུངས་པ་བཞིན་ནོ། །དེས་ན་མགོན་པོ་འདི་ཉིད་ལ་བརྟེན་ནས་དཀོར་གྱི་སྒྲིབ་པ་སྦྱོང་བའི་ཐབས་ཟབ་མོ་ཉམས་སུ་ལེན་པ་ལ། ཐོག་མར་འདི་ཉིད་ཀྱི་སྐུ་བརྙན་ཟུར་པའམ། ལྟུང་བཤགས་ཀྱི་བྲིས་ཐང་ལྟ་བུའི་མདུན་དུ་མཆོད་པ་ལེགས་པར་བཤམ། སྐྱབས་སེམས་སྔོན་དུ་བཏང་ལ། ༈ རང་གི་མདུན་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་སྐུ་མདོག་དམར་པོ་ཞལ་གཅིག །ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསུམ་མཛེས་པར་གསོལ་བ། མཚན་དཔེས་བརྒྱན་པ་དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དཀྱིལ་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བྱང་ཕྱོགས་ནོར་བུ་སྣང་བ་ཅན་གྱི་ཞིང་ཁམས་ནས་


GTD007_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དཀོར་སྒྲིབ་ཉེས་ལྟུང་ཁུར་གྱིས་ནོན་པ་ཡིས། །སྲིད་མཚོའི་གཏིང་དུ་བྱིང་བའི་ཉམ་ཐག་རྣམས། །བྱིན་རླབས་གྲུ་གཟིངས་མཆོག་གིས་སྒྲོལ་བའི་གཉེན། །བདེ་གཤེགས་རིན་ཆེན་མེ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱི་འོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་


GTD007_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཁྱད་པར་འདོད་ལ་སྲེད་པའི་དབང་གྱུར་ཏེ། །མཆོག་གསུམ་དཀོར་དང་དད་པས་བྱིན་པའི་རྫས། །བག་མེད་སྤྱད་པས་བུ་ལོན་ཆགས་པ་ཀུན། །གདུངས་པས་འགྱོད་པ་དྲག་པོས་མཐོལ་ཞིང་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་


GTD007_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །ལན་གང་མང༌། དེ་ནས། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་གིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་དང༌། ཁྱད་པར་དུ་མཆོད་རྟེན་གྱི་དཀོར་རམ་དགེ་འདུན་གྱི་དཀོར་དང༌། གསོན་གཤིན་གྱི་དད་རྫས་སོགས་ལ་བག་མེད་པར་ལོངས་སྤྱད་པའི་ཉེས་པ་དཔག་ཏུ་མེད་པ་རྣམས། སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །མགོན་པོ་ཁྱོད་ཀྱི་ཐུགས་རྗེ་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་


GTD007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ཐོག་མེད་ནས་བསགས་པའི་དཀོར་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པར་གྱུར་པར་བསམས་ལ། ན་མཿ ས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏངྱ་ཐཱ། ཨོཾ་ནི་རཱ་ལམྦེ་ནི་རཱ་བྷཱ་སེ། ཛ་ཡེ་ཛ་ཡེ་ལབ་དྷེ། མཧཱ་མ་ཏེ་དཀྵེ་དཀྵི་ཎཱཾ་མེ་པ་རི་ཤོདྷཱ་ཡ་སྭཱཧཱ། ཞེས་བཟླས་པ་ཅི་འགྲུབ་བྱ། མཇུག་ཏུ་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། དཀོར་སྒྲིབ་ཉེས་ལྟུང་ཁུར་གྱིས་ནོན་པ་ཡིས། །སྲིད་མཚོའི་གཏིང་དུ་བྱིང་བའི་ཉམ་ཐག་རྣམས། །བྱིན་རླབས་གྲུ་གཟིངས་མཆོག་གིས་སྒྲོལ་བའི་གཉེན། །བདེ་གཤེགས་རིན་ཆེན་མེ་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །འདྲེན་པ་མཆོག་གིས་འབྲལ་མེད་རྗེས་བཟུང་ནས། །ལས་ཉོན་སྒྲིབ་པའི་དྲི་མ་དྲུངས་ཕྱུང་སྟེ། །ཡང་དག་ལམ་བཟང་སྐྱེ་བར་བྱིན་གྱིས་རློབས། །


GTD007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་བ་བཏབ་པས་འོད་ཀྱི་རྣམ་པར་ཞུ་སྟེ་རང་གི་སྨིན་མཚམས་ནས་ཐིམ་པར་གྱུར་པར་བསམས་ལ་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །འདིའི་ཕྱག་མཚན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ལྟུང་བཤགས་ཀྱི་འགྲེལ་པ་ལས། རིན་པོ་ཆེ་དང་མེའི་དཀྱིལ་འཁོར་བསྣམས་པ་ནི་རིན་ཆེན་མེ་སྟེ་ཞེས་འབྱུང་ཡང༌། ཛེ་ཏཱ་རིའི་ལྟུང་བཤགས་ཀྱི་ཊཱིཀྐ་དང༌། ནག་པོ་པའི་ཕུང་པོ་གསུམ་པའི་སྒྲུབ་ཐབས་སོགས་སུ་དེ་དང་སྒོ་བསྟུན་པའི་ཟུར་ཙམ་ཡང་མ་བྱུང་ལ། ས་པཎ་གྱིས་སྡོམ་གསུམ་རབ་དབྱེར་བཀག་ཅིང༌། རྗེ་བླ་མས་ཀྱང་དེ་ལ་ཚད་མར་མ་མཛད་པར་རང་གི་གཟིགས་སྣང་དང་བསྟུན་ནས་བཟང་སྐྱོང་བ་སོགས་ལ་གསུངས་པ་བཞིན། ལྷོ་བྲག་གྲུབ་ཆེན་གྱི་ལྟུང་བཤགས་ཆོ་གར་ཡང་བཀོད་སྣང་བས་སོ། །འགྲེལ་པ་དེ་ནི་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ཀླུ་སྒྲུབ་ལ་ཁ་གཡར་བའི་བོད་གཞུང་ཞིག་ཡིན་པར་གསུངས་པ་ལྟར་འཐད་དེ། འགྲེལ་པ་དེ་ཉིད་དུ། ཤར་ལྷོ་ཀླུ་ཡིས་ཁྱབ་པའི་ཞིང་ན་ཀླུ་དབང་གི་རྒྱལ་པོ་སྟེ་སྔོན་པོ་ཀླུ་ཤིང་དང་སྦྲུལ་སྔོན་པོ་བསྣམས་པའོ། །ཞེས་བཤད་པ་ཀླུ་སྒྲུབ་ཀྱི་གསུང་གཞན་དང་མི་མཐུན་ཞིང༌། ཀླུ་དབང་རྒྱལ་པོའི་ཞིང་ཡང་སྦྲང་རྩི་ཅན་དུ་མེ་ཏོག་གི་ཚོགས་ཀྱི་མདོ་ལས་གསུངས་པ་བཞིན་དམ་པ་གོང་མ་རྣམས་ཀྱང་དགོངས་པ་མཐུན་པས་ཤེས་པར་ནུས་སོ།། ཕྱི་དུས་མུ་མཐའ་ཡས་པའི་བསྐལ་པ་རུ། །བཟོད་དཀའི་རྣམ་སྨིན་ཁུར་ཆེན་འཁྱེར་དཀའ་བས། །དེང་དུས་དལ་འབྱོར་ཚང་བའི་གནས་སྐབས་འདིར། །གཏན་གྱི་བདེ་བ་སྒྲུབ་ལ་འབད་པར་རིགས། །དེ་ཕྱིར་སྒྲིབ་པ་སྦྱོང་བའི་ཐབས་ཀྱི་མཆོག །གཟུངས་མདོའི་ཆོ་ག་ལག་ཏུ་བླང་བའི་ཚུལ། །བཀོད་པའི་དགེ་བས་ངན་སོང་སྒོ་བཀག་སྟེ། །བདེ་ཆེན་ཐར་པའི་ས་ལ་རེག་གྱུར་ཅིག །


GTD007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཡོན་སྦྱོང་གི་ཆོ་ག་སྒྲིབ་པའི་མུན་སེལ་ཞེས་བྱ་བ་འདི་ནི་ཨོར་ཏུ་སུའི་ཤོག་ནས་ལྷག་བསམ་རྣམ་དཔྱོད་མཆོག་ཏུ་ཡངས་པ་སྨན་པ་བླ་ཟུར་བློ་བཟང་ཡོན་ཏན་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའོ།། །།


previousཡོན་སྦྱོང་གི་ཆོ་ག་སྒྲིབ་པའི་མུན་སེལ།next