Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ།next

ཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ།


GTD007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ་བཞུགས་སོ།།


GTD007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཀུན་གྱི་ཐུགས་རྗེའི་ངོ་བོ་ཉིད། །བདེ་ལེགས་རྩ་བ་དྲིན་ཅན་བླ་མ་དང༌། །བདེ་ལྡན་ཞིང་མགོན་སྣང་བ་མཐའ་ཡས་ཀྱིས། །བདེ་ཆེན་བདུད་རྩིའི་འཆི་མེད་མཆོག་སྦྱིན་མཛོད། །དེའང་དཔལ་ལྡན་བླ་མ་རྣམས་དང་བསྟན་འཛིན་གྱི་སྐྱེས་བུ་བསྟན་པའི་སྦྱིན་བདག་སོགས་རང་གཞན་གྱི་དོན་དུ་ཚེ་སྒྲུབ་བྱ་བར་འདོད་པས་རྟེན་དང་མཆོད་གཏོར་བཤམས། སྐྱབས་སེམས་སྔོན་དུ་བཏང་ལ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་ཧྲཱིཿ ཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་བྱིན་རླབས་མཐའ་དག་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་པདྨ་རཱ་གའི་ལྷུན་པོ་བཞིན་དུ་སྐུ་མདོག་དམར་ཞིང་གསལ་བ་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བ། ཤིན་ཏུ་འཛུམ་ཞིང་ཞི་བའི་ཉམས་ཅན། མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་ཡོངས་སུ་གང་བའི་རིན་པོ་ཆེའི་བུམ་པ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བསྣམས་པ། མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་ལྷའི་གོས་ཀྱིས་འཇའ་ཚོན་ཀླུབས་པ་བཞིན་དུ་མངོན་པར་བཀྲ་


GTD007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར། སྤྲུལ་སྐུ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་ནས། ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཨརྒྷཾ། ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། དགྱེས་འཛུམ་འོད་ཀྱིས་ཚེ་དཔལ་པདྨ་འགྱེད། །སྙན་འཇེབས་གསུང་གིས་ཉམ་ཐག་དབུགས་དབྱུང་མཛད། །མཁྱེན་བརྩེའི་ཐུགས་ཀྱིས་འགྲོ་ལ་བུ་བཞིན་དགོངས། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །རང་གི་ཐུགས་ཀར་ཟླ་བ་ལ་ཧྲཱིཿའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འབྱུང་བ་ཆེན་པོ་ལྔའི་ནུས་པ་སོགས་སྲིད་ཞིའི་ཁམས་ཀྱི་ཚེ་བཅུད། གྲུབ་པའི་བཅུད་ལེན་གྱི་རྫས། དྲེགས་ལྡན་ཡོངས་ཀྱི་ཚེ་དཔལ་བསོད་ནམས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་ཡར་བ་ཉམས་པ་ཐམས་ཅད་སོར་ཆུད་དེ། ལུས་ཀྱི་ཟུངས་


GTD007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲོག་གི་རྟེན་དུ་གྱུར་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར་པར་བསམས་ལ། ཨོཾ་ན་མོ་༝སྭཱཧཱ། ཞེས་གཟུངས་རིང་དང༌། ཨོཾ་ན་མོ་བྷྲུཾ་ཨཱ་ཡུརྫྙཱ་ན་ཧྲཱིཿ ཨཱ་རོ་ལིཀ་ཧཱུཾ་ཧྲཱིཿ། ཞེས་དང༌། ཏངྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿ ཧཱུཾ་བྷྲུཾ་སྭཱཧཱ། ཞེས་དང༌། ཨོཾ་ཨ་མ་ར་ཎི་ཛི་ཝཱནྟེ་སྭཱཧཱ། ཞེས་པའི་གཟུངས་ཐུང་རྣམས་ཀྱང་ཅི་འགྲུབ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང་སྟེ། མཆོད་བསྟོད་སྔར་བཞིན་བྱའོ། ༈ །བུམ་ཆུའམ་རིལ་སྒྲུབ་བྱེད་ན། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་ཧྲཱིཿ ཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། ཞེས་སོགས་རང་སྒྲ་དོར་བ་མ་གཏོགས། མཆོད་པ་བྱིན་རླབས་ཀྱི་བར་བདག་བསྐྱེད་བཞིན་བྱ། རབ་འབྱམས་རྒྱ་མཚོའི་ཞིང་ཁམས་མཐའ་ཡས་པ། །ཡིད་འོང་མཆོད་ཡོན་མཐའ་ཡས་ཀྱིས་བཀང་སྟེ། །བཅོམ་ལྡན་མགོན་པོ་སྣང་མཐའ་ཡས་པ་ལ། །འབུལ་ལོ་ཚེ་མཐའ་ཡས་པའི་དངོས་གྲུབ་སྩོལ། །ཞེས་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་སོགས་སྦྱར་ཞིང༌། སོ་སོའི་མཐར་གོང་གི་མཆོད་སྔགས་རྣམས་བཏགས་ལ་དབུལ། བསྟོད་པའི་ཚིགས་བཅད་ཀྱི་འཕྲོར། མཁྱེན་དང་བརྩེ་དང་ནུས་པ་མཐར་སོན་པའ། །མ་ལུས་འགྲོ་བའི་མགོན་དང་སྐྱབས་ཁྱོད་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ན། །བརྩེ་བས་དགོངས་ཏེ་ཚེ་ཡི་མཆོག་སྦྱིན་མཛོད། །ཐུགས་རྗེའི་བྱིན་རླབས་འོད་སྟོང་འབར་བ་ཡིས། །དུས་མིན་འཆི་བ་བརྒྱད་སོགས་རྒུད་པའི་སྨག །བསལ་ནས་འཆི་མེད་རིག་འཛིན་མཆོག་ཐོབ་སྟེ། །ལམ་བཟང་གེགས་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་འདོད་དོན་ལ་གསོལ་བ་


GTD007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འཇིག་རྟེན་ཁམས་ཀྱི་ཚེ་བཅུད་བཀྲག་མདངས་ཕུན་ཚོགས་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ་གོང་གི་སྔགས་རྣམས་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་འོད་དུ་ཞུ་བས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམས་ཏེ་མཚན་སྔགས་པ་ལིཾ་ཏ་བཏགས་པ་གསུམ་སོགས་ཀྱིས་དབུལ་མཆོད་བསྟོད་གོང་བཞིན་བྱ། བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བུམ་ཆུའམ་རིལ་བུའི་རྣམ་པར་གྱུར་པར་བསམས་ལ། བསྔོ་བ་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་དད་བརྩོན་ལྡན་པ་རི་ཁྲོད་པ་དོན་གྲུབ་རྒྱ་མཚོ་དང་དགེ་སློང་འཇིགས་མེད་བློ་གྲོས་གཉིས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་བྲིས་པའོ།། །།


previousཚེ་དཔག་མེད་ལ་བརྟེན་པའི་ཚེ་སྒྲུབ།next