Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
མི་འཁྲུགས་པའི་གོས་སྐུ་བཀྲམ་སྐབས་ཀྱི་འདོན་ཆའི་གོ་རིམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousམི་འཁྲུགས་པའི་གོས་སྐུ་བཀྲམ་སྐབས་ཀྱི་འདོན་ཆའི་གོ་རིམ།next

མི་འཁྲུགས་པའི་གོས་སྐུ་བཀྲམ་སྐབས་ཀྱི་འདོན་ཆའི་གོ་རིམ།


GTD007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པའི་གོས་སྐུ་བཀྲམ་སྐབས་ཀྱི་འདོན་ཆའི་གོ་རིམ་བཞུགས་སོ།།


GTD007_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ནཱ་ཐཱ་ཡ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། སྤྱན་འདྲེན་ཁྲུས་གསོལ། དེ་ནས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་ཀུན་འདུས་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལའང་གུས་ཕྱག་འཚལ། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཤེས་རབ་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་ལའང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་


GTD007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་གཞག་བཞུགས། །ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་མཛེས། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ཨོཾ་ཀཱི་ལི་ཀཱི་ལི་བཛྲ་ཧཱུཾ་ཕཊ། བཛྲ་དྷྲིཀ །ཨོཾ་ཛྭ་ལ་ཛྭ་ལཱ་ཡ་བན་དྷཱ་རི་ཧཱུཾ་ཕཊ། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་པ་རྣམས་ཕུལ་ཏུ་བྱུང་བའི་ལྷ་རྫས་སུ་གྱུར། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །བདག་ནི་ཁྱེད་ལ་གུས་དང་ལྡན། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱཿ མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་ཞབས་བསིལ་བཞེས་ནས་ཀྱང༌། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །བདག་ནི་ཁྱེད་ལ་གུས་དང་ལྡན། །ཨོཾ་པྲ་ཝ་ར་སད་ཀ་རཾ་པཱངྱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ན། །རོལ་མོར་བཅས་པ་དུ་མས་སྐུ་བསིལ་ལོ། །ཨོཾ་སརྦྦ་དེ་ཝ་ཏ་ཨ་ཙནྟི་ཨ་མྲྀ་ཏ་སྭཱཧཱ། སྣ་ཚོགས་


GTD007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་གཞུ་བཞིན་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿ ཧཱུཾ་སྭཱཧཱ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ལཾ་ཀཱ་ར་ཝ་པུ་ཥ་ནི་སྭཱཧཱ། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦྦ་བཱིངྱ་དྷཱ་རི་པཱུ་ཛི་ཏེ་སྭཱཧཱ། གཙང་ཞིང་གཙང་མ་ལས་སྐྱེས་པའ། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦྦ་བཱིངྱ་དྷཱ་རི་པུ་ཛི་ཏེ་སྭཱཧཱ། ནགས་ཚལ་བཅུད་ནི་ཡིད་དུ་འོང༌། །དྲི་ཡི་སྦྱར་བ་ལྷ་ཡི་རྫས། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦྦ་བཱིངྱ་དྷཱ་རི་པཱུ་ཛི་ཏེ་སྭཱཧཱ། སྨན་རྣམས་བཅུད་ནི་ཡིད་དུ་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦྦ་བཱིངྱ་དྷཱ་རི་པཱུ་ཛི་ཏེ་སྭཱཧཱ། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །མར་མེ་འདི་དག་བཞེས་སུ་གསོལ། །


GTD007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བཱིངྱ་དྷཱ་རི་པཱུ་ཛི་ཏེ་སྭཱཧཱ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་མཛད་པའ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱཿ ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། ཨུ་ཧུ་ལགས་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་སོགས་ལན་གསུམ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ཞེས་པ་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ། །ཞིང་ཁམས་འབུལ་བར་ཞུ་ནས། ཞིང་ཁམས་རྣམ་པར་དག་པ་འདི་ཉིད་བླ་མ་རྡོ་རྗེ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། ས་གཞི་སྤོས་ཀྱིས་ཞེས་སོགས། ཀཾ་ཀ་ནི་བཟླ། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རྡོ་རྗེ་མི་འཁྲུགས་པ་ལ་གསོལ་བ་འདེབས་སོ། །བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། བཤེས་གཉེན་ལ་གུས་པ་ནས་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་བདེ་བླག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱི་དང་ནང་གི་བར་གཅོད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། སངས་རྒྱས་ཆོས་དང་ཚོགས་ཀྱི་ཞེས་


GTD007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལན་གསུམ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཡང་དག་ལྟ་བ་རིན་པོ་ཆེ། །མ་སྐྱེས་པ་རྣམས་ཞེས་སོགས། ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པ་དང༌། །བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༌། །མཁའ་མཉམ་འགྲོ་ལ་བདེ་སྐྱིད་འབྱུང་བ་དང༌། །བདག་གཞན་མ་ལུས་ཚོགས་རྫོགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །སྔོན་ཚེ་བདེ་བར་གཤེགས་པ་སྤྱན་ཆེན་པོའ། །སྤྱན་སྔར་ཐུགས་བསྐྱེད་མཛད་པ་ནས་བཟུང་སྟེ། །ཕྱི་ནང་རྐྱེན་གྱིས་ནམ་ཡང་མི་འཁྲུགས་པ། །མི་བསྐྱོད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་ཐུགས་བསྐྱེད་བསླུ་མེད་བདེན་པའི་མཐུས། །འདིས་མཚོན་བདག་གི་དུས་གསུམ་དགེ་ཚོགས་ཀུན། །ཉིད་ཀྱིས་བདག་སོགས་དོན་དུ་གང་བཏབ་པའ། །སྨོན་པའི་གནས་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །ཡིད་སྲུབ་དཔུང་དང་དེ་ཡི་བྱེད་པའི་ལས། །མི་བཟད་དམ་ཚིག་ཉམས་ཆག་ཉེས་ལྟུང་སོགས། །ལས་ཉོན་སྒྲིབ་པས་ནམ་ཡང་མི་བརྫི་བར། །ཡང་དག་ལམ་བཟང་བདེ་བླག་བགྲོད་གྱུར་ཅིག །ཞིང་མཆོག་མངོན་པ་དགའ་བ་དེར་སྐྱེས་ནས། །བསྐལ་བཟང་རྣམ་འདྲེན་ཀུན་གྱི་ཞབས་བསྟེན་ཅིང༌། །སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་གྱུར་ཅིག །རྣམ་དག་ཚུལ་ཁྲིམས་ཐེམ་


GTD007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྐས་ལ་བརྟེན་ནས། །མདོ་སྔགས་ལམ་གྱི་ཁང་བཟང་རྩེར་འཛེགས་ཏེ། །མི་འཇིགས་སྐུ་བཞིའི་ཁྲི་ལ་དབང་བསྒྱུར་ཞིང༌། །མ་ལུས་འགྲོ་བའི་མགོན་དུ་འགྱུར་བར་ཤོག །བླ་མས། བདག་སོགས་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྐུ་གཟུགས་བཞེངས་ཤིང་བསྙེན་སྒྲུབ་ཕྱག་མཆོད་ལ་སོགས་པ་བགྱིས་པ་འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་རིང་པོར་མི་ཐོགས་པར་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ། གང་གི་མཚན་ཙམ་ཐོས་པས་ཀྱང༌། བདུད་ཀྱི་ཉེར་འཚེ་མཐའ་དག་ཞི་ཞིང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་བ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་གོ་འཕང་བདེ་བླག་ཏུ་༸འཐོབ་པར་གྱུར་ཅིག །དེ་ལྟ་བུའི་གོ་འཕང་མཆོག་མ་ཐོབ་པའི་སྐྱེ་བ་ཐམས་ཅད་དུའང་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པ་ལ་ཐོབ་པ་དང་བསམ་པ་དང་སྒོམ་པ་རྣམ་པར་དག་པ་སྒྲུབ་པའི་རྟེན་ཤ་སྟག་༸ཐོབ་པར་གྱུར་ཅིག །རྟེན་དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་རྒྱན་དང་༸མི་འབྲལ་བར་གྱུར་ཅིག །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཡི། །སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང༌། །དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག །དེ་ལྟ་བུའི་གནས་སྐབས་ཐམས་ཅད་དུའང་སྔོན་གྱི་གནས་ཇི་ལྟ་བ་བཞིན་དུ་དྲན་པའི་ཚེ་རབས་དྲན་པ་༸ཐོབ་པར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་སྲིད་པ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་ཞིང་ཐར་པའི་ཡོན་ཏན་གྱིས་ཡིད་འཕྲོགས་པའི་བསམ་


GTD007_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་ནས་བསླང་སྟེ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་༸བྱེད་པར་གྱུར་ཅིག །སྐྱེས་མ་ཐག་ནས་སྲིད་པའི་བདེ་བ་ལ། །ནམ་ཡང་མ་ཆགས་ཐར་པ་ཐོབ་བྱའི་ཕྱིར། །ངེས་འབྱུང་བསམ་པས་ཚངས་སྤྱོད་ཚོལ་བ་ལ། །བརྩོན་འགྲུས་ལྷོད་པ་མེད་པར་འཇུག་པར་ཤོག །བདག་ནི་རབ་ཏུ་འབྱུང་བར་བྱེད་པ་ལ། །འཁོར་དང་ཉེ་དུ་ལོངས་སྤྱོད་གང་གིས་ཀྱང༌། །གེགས་བྱེད་མེད་པར་མཐུན་པའི་རྐྱེན་རྣམས་ཀུན། །ཇི་ལྟར་བསམས་པ་ཇི་བཞིན་འགྲུབ་པར་ཤོག །རབ་ཏུ་བྱུང་བའི་ཚེ་ན་ཡང་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་མཐར་ཕྱིན་པར་མཛད་པའི་སྒོ་ནས་བྱང་ཆུབ་ཆེན་པོ་བརྙེས་པ་དགེ་སློང་མི་འཁྲུགས་པ་༸ལྟ་བུར་གྱུར་ཅིག །རབ་ཏུ་བྱུང་ནས་ཇི་སྲིད་འཚོ་ཡི་བར། །མཁན་སློབ་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ཉེས་པས་ནམ་ཡང་གོས་པར་མ་གྱུར་ཅིག །ཚངས་སྤྱོད་རྟེན་ལ་ཐེག་པ་ཆེན་པོ་ཡི། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ཇི་སྙེད་པ། །མ་རྣམས་དོན་དུ་དཀའ་བ་དུ་མ་ཡིས། །བསྐལ་པ་དཔག་ཏུ་མེད་པར་བསྒྲུབ་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །མི་འཁྲུགས་མགོན་དང་ཐུབ་དབང་འོད་


GTD007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་སླུ་བའི། །བདེན་པས་སྨོན་ལམ་ཇི་བཏབ་མྱུར་འགྲུབ་ཤོག །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །ཅེས་པ་ནས། བསྟན་པ་ཡུན་རིང་འབར་གྱུར་ཅིག །འདི་ནི་དབེན་གནས་ཡིད་དགའ་ཆོས་འཛིན་ནས་ལོ་སྟར་ཆགས་ཀྱི་ལྔ་པའི་གདུང་མཆོད་ལ་བཅུ་གཉིས་སོགས་ཉིན་གསུམ་གྱི་རིང་མི་འཁྲུགས་པའི་དུས་བཟང་གི་ཐོག །བཅུ་གསུམ་ལ་མི་འཁྲུགས་པའི་གོས་སྐུ་ཆེན་མོ་བཟོ་བཀོད་ཁྱད་མཚར་ཅན་བཀྲམ་པའི་སྐབས་ཀྱི་འདོན་པའི་གོ་རིམ་སོགས་ཀྱི་འདོན་སྒྲིག་ལྗགས་བཀོད་གནང་བ་ཇི་ལྟ་བ་བཞིན་བཀོད་པའོ།། །།


previousམི་འཁྲུགས་པའི་གོས་སྐུ་བཀྲམ་སྐབས་ཀྱི་འདོན་ཆའི་གོ་རིམ།next