Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
རི་ཁྲོད་ལྷ་མོའི་སྦྱིན་སྲེག་བྱེད་ཚུལ་ཐོ་ཙམ་དུ་བཀོད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousརི་ཁྲོད་ལྷ་མོའི་སྦྱིན་སྲེག་བྱེད་ཚུལ་ཐོ་ཙམ་དུ་བཀོད་པ།next

རི་ཁྲོད་ལྷ་མོའི་སྦྱིན་སྲེག་བྱེད་ཚུལ་ཐོ་ཙམ་དུ་བཀོད་པ།


GTD007_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་ལྷ་མོའི་སྦྱིན་སྲེག་བྱེད་ཚུལ་ཐོ་ཙམ་དུ་བཀོད་པ་བཞུགས་སོ།། ༈ ན་མོ་རཏྣ་ཏྲ་ཡཱ་ཡ། འདིར་གྲིབ་དང་མི་གཙང་བ་ལ་སོགས་པའི་ཉེས་པ་ཐམས་ཅད་བསྲུང་ཞིང༌། ཁྱད་པར་སྙིགས་མའི་བརླང་སྤྱོད་ཀྱིས་མ་མོ་འཁྲུགས་པའི་ཁ་རླངས་རིམས་ནད་ལ་སོགས་པ་ཞི་བར་བྱེད་པ་ལ་བྱིན་རླབས་ཤིན་ཏུ་མྱུར་བ་རི་ཁྲོད་ལོ་མ་གྱོན་མའི་བསྙེན་པ་སྔོན་དུ་བཏང་སྟེ་སྦྱིན་སྲེག་བྱ་བར་འདོད་པས་ཐབ་ཐིག་སོགས་སྤྱི་ལྟར་ལ། དབུས་སུ་རྡོ་རྗེ་སེར་པོ་རྩེ་ལྔ་པའི་ལྟེ་བར་པཾ་ཡིག་གིས་མཚན་པ་བྲི། མཆོད་གཏོར་རྫས་རྣམས་དཀྱུས་དང་འདྲ། ཨ་མྲྀ་ཏ་ལན་བདུན་གྱིས་བསང་ཆུ་སྒྲུབ། མཆོད་རྫས་བསངས་སྦྱངས་བྱ་རྒྱུད་ལྟར་བྱིན་གྱིས་བརླབས། ཨོཾ་སྭཱཧཱ། ཞེས་སོགས་ཀྱིས་རྫས་ཀྱི་ཉེས་པ་སྦྱངས། ཨོཾ་ཨཱཿ ཧཱུཾ། ཞེས་དཔལ་འབར་སྦར་ཏེ་ལས་སྔགས་ཀྱིས་ལན་གསུམ་བསངས། ཐབ་ཏུ་བཅུག་སྟེ་བཛྲ་ཛྭ་ལས་གཟི་བྱིན་བསྐྱེད་ཅིང་ཧཱུཾ་ཞེས་རླུང་གཡབ་གཡོབ། རི་ཁྲོད་མའི་སྔགས་ལན་བདུན་བརྗོད་དེ་མར་ཁུ་བླུགས་གཟར་བདུན་གྱིས་མེ་གསོ། ཀུ་ཤ་བྱིན་རླབས་ཚིགས་བཅད་བཀྲམ་ཚུལ་སོགས་སྤྱི་དང་འདྲ། ཐབ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་ཐབ་ཁུང་མེ་འབར་བའི་གཞལ་ཡས་ཁང་དུ་གྱུར། དེའི་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ཡིག་དམར་པོ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཨག་ཚོམ་སེར་ལ་འཁྱིལ་བ། གསུས་པ་ཆེ་ལ་འབུར་བ་གཟི་བརྗིད་ཅན། ཕྱག་གཡས་གཉིས་རྡོ་རྗེ་དང་བགྲང་འཕྲེང༌། གཡོན་གཉིས་སྐྱབས་སྦྱིན་དང་གུནྜེ་བསྣམས་པ། ཐུགས་ཀར་མེ་གྲུ་


GTD007_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་ཤར་ལྷོ་ནས་བསྒོམས་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ་ཕྱག་རྒྱ་བཅའ་ཞིང༌། ཨོཾ་ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །ལྷ་ཡི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་ནང་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཨགྣ་ཡེ་མཧཱ་རཱ་ཛ་ག་ཛ་ཧཱུཾ། འབྱུང་བ་ཆེན་པོ་ལྷ་ཡི་ལྷ། །ལྷ་རྒྱལ་དྲང་སྲོང་བདེ་བའི་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜ་ཧོཿ ཞེས་པས་དགུག་གཞུག་བཅིངས་དབང་དུ་བྱ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ཨགྣེ་ས་པ་རི་ཝཱ་ར་པྲོཀྵ་ཎཱཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཞེས་པས་བསང་གཏོར་དང་ཆུ་ལྷག་མ་གསུམ་དབུལ། པུཥྤེ་སོགས་སྦྱར་ཏེ་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། འཇིག་རྟེན་དབང་ཕྱུག་ཅེས་སོགས་ཀྱི་བསྟོད་པ་དང༌། ཨོཾ་བཛྲ་ཨཱ་ན་ལ་ཞེས་སོགས་ཀྱིས་དམ་ཚིག་བསྒྲགས་པ་རྣམས་སྤྱི་དང་འདྲ། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་དགང་བླུགས་ཀྱི་ཁ་ལ་པཾ་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར། མེ་ལྷའི་སྔགས་ཀྱི་མཇུག་ཏུ་བསྙེན་པའི་ཁ་སྐོང་ཡིན་ན། བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང༌། ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་དང༌། རིམ་གྲོ་ལྟ་བུར། བདག་ཅག་དཔོན་སློབ་སྦྱིན་པའི་བདག་


GTD007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཁོར་དང་བཅས་པའི་ཕྱི་ནང་གི་ཉེར་འཚེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་གག་ལྷོག་རྒྱུ་གཟེར་ཡམས་ནད་རིམས་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་ལྟ་བུ་སྐབས་སུ་གང་བབ་སྦྱར་ཏེ་ལན་བདུན་དབུལ། རྫས་ལྷག་མ་རྣམས་ཀྱང་དེའི་རིག་པ་སྦྱར་ཏེ་སྤྱི་ལྟར་བྱ་ལ། ཁྱད་པར་དུ་ཀུ་ཤ་ཡུངས་ཀར་གྲོ་རྣམས་གཙོ་བོར་བྱས་ན་ལེགས་སམ་སྙམ། རྫས་རྣམས་གྲུབ་ནས་ཆུ་གཉིས་དབུལ། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་པཾ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་གསེར་གྱི་མདོག་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་དཀར་པོས་དཀྲིས་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ། གཉིས་པས་དགྲ་སྟ་ འདེགས་པའི་ཚུལ་དུ་མཛད་པ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། གཉིས་པས་ཤིང་ལོ་གསར་པའི་སྦྲང་གཡབ་གཡོབ་པ། གསུམ་པས་གཞུ་བསྣམས་པ། ཞབས་གཡས་ཀྱི་རྟིང་པས་འོག་ཕྱོགས་བརྟེན་ཅིང་པུས་མོ་གདན་དུ་བཙུགས་པ། གཡོན་བཞེངས་སྟབས་སུ་བཞུགས་པ། དར་དཀར་པོའི་སྟོད་གཡོགས་དང་ཤིང་ལོ་གསར་བའི་སྨད་


GTD007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་ཅན། སྦྲུལ་དཀར་པོའི་ཕྲེང་བས་སེ་རལ་ཁ་བྱས་པ། དེའི་ཐུགས་ཀར་སྣ་ཚོགས་པངྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་མ་ནག་མོ། མགྲིན་པར་སྣ་ཚོགས་པངྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་མ་དམར་མོ་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནག་མོ་དང་དམར་མོ་གཉི་གའི་ཕྱག་གི་གྲངས་དང་ཕྱག་མཚན་གཙོ་བོ་ལྟར་བྱེད་པའམ་ཡང་ན་ཕྱག་གཉིས་པ་རྩ་བའི་ཕྱག་མཚན་གཉིས་འཛིན་པ་གང་རུང་བྱེད་པར་གསུངས་ལ། འགྲོ་མགོན་འཕགས་པས་སྔོན་མོ་ཕྱག་བཞི་པ་དང༌། དམར་མོ་ཕྱག་གཉིས་པར་གསུངས་ཤིང་ཕྱག་མཚན་ཡང་ཅུང་མི་འདྲ། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བར་གྱུར། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རི་ཁྲོད་ལོ་མ་གྱོན་མའི་ལྷ་ཚོགས་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཤོ་ལོ་ཀ་གཅིག་དང༌། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ཀྱི་ཐུགས་དཔག་མཛད་དུ་གསོལ། །བདག་ནི་ཁྱེད་ལ་གུས་དང་ལྡན། །ཨོཾ་པརྞྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪས་མཆོད་ཡོན་དང༌། བཛྲ་ཨཾ་ཀུ་ཤ་ཛཿ ཞེས་སོགས་ཀྱིས་དགུག་གཞུག་དབང་བསྐུར་མི་བསྐྱོད་པས་རྒྱས་གདབ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །


GTD007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་གུས་པར་བཤམས་པ་འདི། །རི་ཁྲོད་ལོ་མ་གྱོན་མ་དང༌། །རྒྱལ་བ་འཁོར་དང་བཅས་ལ་འབུལ། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ནད་དང་བགེགས་རྣམས་ཞི་བ་དང༌། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཞེས་སོགས་ཀྱིས་ཆུ་བཞི་ཉེར་སྤྱོད་རོལ་མོ་རྣམས་དབུལ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ཎཱ་ཡ་སྭཱཧཱ། ཞེས་སྙིང་པོའམ། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རི་ཧྲཱིཿ ཧ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཉེ་སྙིང་གང་རུང་གིས་མར་ཁུ་དགང་བླུགས་བདུན་དབུལ། དེ་རྗེས་ཡམ་ཤིང་ནས་བརྩམས་ཏེ་རྫས་རྣམས་སྔར་བཞིན་དབུལ། གཏོར་མ་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ཏེ་མཚན་སྔགས་ལ་བ་ལིཾ་ཏ་བཏགས་པས་དབུལ། སླར་དགང་བླུགས་ལན་གསུམ་དང༌། མཆོད་ཡོན་དང་བསང་གཏོར་ཞལ་བསིལ་གསུམ་ཕུལ། ཨོཾ་བཛྲ་ཝ་ས་སྱ་སྭཱཧཱས་གོས་ཟུང་དང༌། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱས་སོ་རྩི་དབུལ། ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ཅིང༌། བསྟོད་པ་ནི། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡིས། །ཆོ་འཕྲུལ་རྣམ་པར་འཕྲུལ་བ་ལས་བྱུང་བའི། །ལྷ་མོ་གང་གིས་སྒྲུབ་པའི་ནད་གདོན་བགེགས། །ཀུན་ནས་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞིང་དང་ཡུལ་རྣམས་ཀུན་ཏུ་རྣམ་འཕྲུལ་ཞིང༌། །ཁྱད་པར་རི་ཁྲོད་གནས་སུ་རྣམ་གྲོལ་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་ཀུན་སྩོལ་བ། །རི་ཁྲོད་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཞལ་དང་ཕྱག་ཞབས་སྣ་ཚོགས་དང༌། །སྣ་ཚོགས་མདོག་དང་སྣ་ཚོགས་ཆ་ལུགས་དང༌། །སྣ་ཚོགས་རྒྱན་དང་སྣ་ཚོགས་ཕྱག་མཚན་གྱིས། །རྣམ་པར་


GTD007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་པ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱད་པར་གང་གིས་འདུལ་བའི་དུས་མཁྱེན་ནས། །མེ་ཏོག་འབྲས་བུ་དུ་མས་རྣམ་སྤུད་པའ། །ཤིང་ལོ་གསར་བའི་ན་བཟས་རབ་ཀླུབས་པ། །ལོ་མ་གྱོན་མ་ཁྱོད་ལ་ཕྱག་འཚལ་ལོ། །གསུང་གི་རིག་སྔགས་ཞི་བའི་ང་རོ་ཡིས། །འགྲོ་བའི་རིམས་དང་སྡུག་བསྔལ་ཞི་མཛད་ཅིང༌། །དྲག་པོའི་གསང་སྔགས་འབྲུག་ལྟར་ཆེར་བསྒྲགས་པས། །གདུག་པ་འཇོམས་མཛད་དེ་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཞི་བས་འགྲོ་བ་ཞི་མཛད་ཅིང༌། །བརྩེ་བས་རྗེས་ཆགས་དགོས་པ་ཆེན་པོ་ཡིས། །ཚེ་དང་དཔལ་འབྱོར་རྣམ་ཐར་རྒྱས་མཛད་མ། །རྣམ་གྲོལ་ཡངས་པའི་ཐུགས་མངའ་ཁྱོད་ལ་འདུད། །སྒྲུབ་དང་བཟླས་བརྗོད་བརྩོན་པས་ཁྱོད་ཀྱི་ཐུགས། །བསྐུལ་བས་བདག་ལ་བརྩེ་བས་ཉེར་དགོངས་ནས། །བགེགས་དང་ནད་སོགས་སྡུག་བསྔལ་ཞི་བ་དང༌། །ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །སྐྱེ་བ་ཀུན་ཏུ་བདག་གི་མགོན་མཛད་དེ། །ཉམ་ངའི་འཇིགས་པ་ཀུན་ལས་བསྐྱབ་པ་དང༌། །སྲིད་ཞིའི་བདེ་དགའ་རྒྱ་མཚོས་རབ་འབྱོར་ཅིང༌། །རྫོགས་སངས་ཡོན་ཏན་རྒྱ་མཚོར་འགྱུར་བར་མཛོད། །ཅེས་འགྲོ་མགོན་འཕགས་པས་མཛད་པའི་བསྟོད་པ་འདི་ཉིད་ཀྱིས་བསྟོད་ལ། མཇུག་ཏུ། བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་པའི་ལྷ་ཚོགས་འཁོར་དང་བཅས་པ་ལ་སྦྱིན་སྲེག་གི་མཆོད་པ་ཕུལ་བའི་མཐུ་ལ་བརྟེན་ནས་བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་སྟེ་ཚོགས་གཉིས་མྱུར་དུ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཁྱད་པར་དུའང་


GTD007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་ཡོན་གྱི་བདག་པོ་ལ་ནད་ཀྱི་རིགས་སུ་གྱུར་པ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། འདུས་པ་ལས་གྱུར་པ་དང༌། གག་ལྷོག་རྒྱུ་གཟེར་ཡམས་དང་རིམས་ནད་ཐམས་ཅད་ཞི་བར་མཛོད་ཅིག །གདོན་གྱི་རིགས་སུ་གྱུར་པ་གདོན་སྟོང་ཕྲག་བརྒྱད་ཅུ་ལས་ཐར་བར་མཛོད་ཅིག །འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་མེ་ཏོག་འཐོར་བ་དང་བཅས་ལན་གསུམ་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་ཐུགས་ག་ནས་རང་འདྲའི་ལྷ་མོ་བདུད་རྩིས་གང་བའི་བུམ་པ་འཛིན་པ་དང་དཔག་ཏུ་མེད་པ་སྤྲོས་ཏེ་རང་ཉིད་དམ་བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས་སྡིག་སྒྲིབ་ནད་གདོན་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་དག་ནས་ལུས་ཤེལ་ལྟར་གྱུར་པར་བསམས། བདག་ཅག་སྙིགས་མ་ལྔའི་དུས་ཀྱི་སེམས་ཅན་དུ་གྱུར་པས་ཡོ་བྱད་མ་ཚོགས་པ་དང༌། བདག་ཅག་ལས་དང་པོ་པར་གྱུར་པས་སེམས་ལ་དབང་མ་ཐོབ་སྟེ་བྱིང་བ་དང་རྒོད་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང༌། ཆོ་ག་ཉམས་ཏེ་ཆད་ལྷག་ཏུ་གྱུར་པ་ཐམས་ཅད་ལ་བཟོད་པ་ཆེན་པོ་མཛད་དུ་གསོལ། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །གཏན་དུ་གཤེགས་པ་མ་ལགས་པས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿ གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང༌། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར་པར་བསམ་མོ། །སླར་མེ་ལྷ་ལ་ཉེར་སྤྱོད་རོལ་མོ། བསང་གཏོར་ཞལ་བསིལ་རྣམས་ཀྱིས་མཆོད། སོ་རྩི་དང་གོས་ཟུང་ཕུལ། གོང་བཞིན་བསྟོད། བསྲེག་རྫས་ལྷག་མ་སྔར་ལྟར་དུ་དབུལ།


GTD007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཨ་ཀཱ་རོའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་མེ་ལྷའི་སྔགས་ལ་བ་ལིཾ་ཏ་བཏགས་པ་གསུམ་མམ་བདུན་གྱིས་ཕུལ་ལ་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །ཞེས་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་འཕྲིན་ལས་བཅོལ། གང་ཡང་བདག་བློ་སོགས་ཀྱིས་བཟོད་པར་གསོལ། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཅིང༌། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་བཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པར་བསམས་ལ་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །རི་ཁྲོད་ལྷ་མོའི་མཐུ་སྟོབས་ཀྱི། །མེ་དཔུང་གཟི་བྱིན་འབར་བ་ཡིས། །ཉེས་པའི་ཚང་ཚིང་ཀུན་བསྲེགས་ཏེ། །ཕན་བདེའི་དཔལ་ལ་རོལ་གྱུར་ཅིག །ཅེས་རི་ཁྲོད་ལྷ་མོའི་སྦྱིན་སྲེག་བྱེད་ཚུལ་ཐོ་ཙམ་དུ་བཀོད་པ་འདི་ནི་ཨོར་དུ་སུ་ཤོག་ནས་ལྷག་བསམ་རྣམ་དཔྱོད་མཆོག་ཏུ་ཡངས་པ་སྨན་པ་དགེ་སློང་བརྩོན་འགྲུས་དཔལ་ལྡན་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། ༈ ན་མོ་གུ་རུ་མཉྫུ་ཤྲཱི་བཛྲ་བྷཻ་ར་ཝ་ཡ། འདིར་ཆོས་རྒྱལ་གསང་སྒྲུབ་ཀྱི་སྦྱིན་སྲེག་བྱེད་པ་ལ་རྒྱས་པ་ཡོངས་གྲགས་འོད་སྙེའི་དགོངས་པ་ལྟར་རུང་ལ། བསྡུས་པ་འཇིག་རྟེན་པའི་མེ་ལྷ་མ་བསྐྱེད་པར་ཡུལ་དེ་གཅིག་པུ་ལ་ཐབ་དང་རྫས་ཀྱང་གང་འབྱོར་གྱིས་སྦྱིན་སྲེག་འབུལ་ཚུལ་མ་མགོན་སོགས་ལ་མེ་མཆོད་ཅེས་གཞན་དུ་འབྱུང་བ་དང་འདྲ་བར། འདིར་ཡང་འཇམ་དབྱངས་ཆོས་སྐོར་ལས་ས་བོན་ཙམ་གསུངས་པ་གཞིར་བྱས་ཅུང་ཟད་ཁ་བསྐང་སྟེ་འཇུག་པ་


GTD007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཕྱིར་མདོར་བསྡུས་པའི་ཚུལ་གྱིས་འགོད་པ་ལ། སྟེགས་བུ་ཟླ་གམ་ལ་ཐབ་ཀྱང་ཟླ་གམ་དམར་པོ་བཅད་ཁ་རང་ལ་བསྟན་པའི་དབུས་སུ་པདྨ་འདབ་བརྒྱད་ལ་ནོར་བུའམ་ཡཾ་དམར་པོ་བྲིས་པ་དང༌། མ་འབྱོར་ན་མེ་སླང་ངམ་ཐབ་སོགས་སུ་བུད་ཤིང་བརྩེགས་ཏེ་བྱས་ཀྱང་རུང་ངོ༌། །རྫས་ཀྱང་མར་ཁུ་ཡམ་ཤིང་སོ་སོར་བྱ་ལ། གཞན་རྣམས་སོ་སོར་བྱེད་པའམ་མཉམ་དུ་བསྲེས་པ་དང༌། རྒྱུན་འཁྱེར་ལ་རྫས་རྣམས་ཞིབ་བཏགས་རིལ་བུར་བྱས་ནའང་རུང་ངོ༌། །མཆོད་གཏོར་ཡོ་བྱད་སོགས་ལེགས་པར་བསྒྲིགས་ལ་ཡི་དམ་གྱི་བདག་བསྐྱེད་རྒྱས་པའམ་དཀྲོང་བསྐྱེད་སྔོན་དུ་བཏང༌། མཆོད་པ་དང་རྫས་རྣམས་བསངས་སྦྱངས་འཇིགས་བྱེད་ལྟར་བྱིན་གྱིས་བརླབས། དེ་ནས་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་དབང་གི་ཐབ་དམར་པོ་ཟླ་གམ་གྱི་དབྱིབས་ཅན། མདུན་རང་ལ་བསྟན་པའི་མུ་རན་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་གྱུར། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་མེ་སྦར། ཐབ་ཀྱི་མེའི་ཀློང་དུ་པངྨ་དང་ཉི་མའི་སྟེང་དུ་མ་ཧེ་དམར་པོའི་གདན་ལ་ཡཾ་དམར་པོ་ལས་འོད་འཕྲོས། སེམས་ཅན་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་དམ་ཅན་གཤིན་རྗེའི་རྒྱལ་པོ་སྐུ་མདོག་དམར་པོ་མ་ཧེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་གནས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱན་གསུམ་དང་ལྡན་པ། མཆེ་བ་བཞི་གཙིགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པའི་རྒྱན་གྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་


GTD007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཆོས་ཀྱི་རྒྱལ་པོའི་ལྷ་ཚོགས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཟེར་འཕྲོས་པས་གཤིན་རྗེའི་གཤེད་རིགས་ལྔ་འཁོར་བཅས་སྤྱན་དྲངས། འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བུམ་པའི་ཆུས་དབང་བསྐུར། རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ཨོཾ་ཡ་མ་རཱ་ཛ་སརྦ་སིདྡྷི་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བཀའ་སྡོད་མཆོག །མི་བསྲུན་བསྟན་པའི་དགྲ་རྣམས་ཚར་གཅོད་ཅིང༌། །སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབས་པ། །ཆོས་རྒྱལ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ། །ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དམར་པོ་ལ་རཾ་ཡིག་དང༌། དགང་བླུགས་ཀྱི་ཁ་ལ་ཡཾ་ཡིག་གིས་མཚན་པར་གྱུར། ཨོཾ་ཡ་མ་རཱ་ཛ་སརྦ་སིདྡྷི་ཧཱུཾ། ལན་བདུན་གྱི་མཐར། ཨོཾ་ཨགྣེ་ཡེ་སྭཱཧཱ། སྲིད་ཞིའི་དཔལ་འབྱོར་ལེགས་ཚོགས་གང་ལ་དམིགས་པ་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོཿ རྫས་གཞན་གང་ཡོད་ལ་རང་རང་གི་སྔགས་དང་སྦྲགས་ནས་དབུལ། བསྲེས་ནས་འབུལ་ན་དེའི་གྲངས་ཀྱི་ལྷའི་སྔགས་བརྗོད་ལ་དེའི་མཇུག་ཏུ་རྫས་སྔགས་མེད་པར་སྤེལ་ཚིག་གཅིག་པུ་བྱས་པས་འཐུས། གཏོར་མ་འབུལ་ན་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས་མཆོད་སྔགས་ལ་ཨི་དཾ་བ་ལིཾ་ཏ་བཏགས་པ་གསུམ་མམ་བདུན་སོགས་ཀྱིས་དབུལ། མཆོད་བསྟོད་སྔར་བཞིན་བྱ། དམ་ཅན་གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཀྱིས། །ས་གསུམ་དྲེགས་ལྡན་སྐྱེ་དགུ་མ་ལུས་པ། །བློ་བཟང་རྒྱལ་བའི་བསྟན་ལ་གུས་པ་དང༌། །རྣལ་འབྱོར་བདག་གི་དབང་དུ་འདུ་བར་མཛོད། །ཕྱི་ནང་བར་ཆད་བགེགས་
རིགས་ཀུན་ཞི་ཞིང༌། །ཚེ་དཔལ་བསོད་ནམས་འཁོར་འབངས་སྙན་གྲགས་དང༌། །བཤད་སྒྲུབ་བསྟན་པའི་བྱ་བ་མ་ལུས་པ། །ཡར་ངོའི་ཟླ་ལྟར་རྒྱས་པའི་སྡོངས་གྲོགས་མཛོད། །ཅེས་འཕྲིན་ལས་བཅོལ་བས་ཆོས་ཀྱི་རྒྱལ་པོའི་སྐུ་ལས་འོད་ཟེར་ཉི་འོད་ལྟ་བུ་འཕྲོས་པས་སྲིད་ཞིའི་དཔལ་འབྱོར་ཐམས་ཅད་དབང་དུ་བསྡུས། ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་རྒྱས་པར་གྱུར། ཡིག་བརྒྱས་ལྷག་ཆད་བསྐང༌། གང་ཡང་བདག་བློ་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པར་བསམས་ལ་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་བསྟན་པའི་གསལ་བྱེད་ལྷ་ཞིས་སྤྲུལ་བའི་སྐུ་ངག་དབང་འཇམ་དཔལ་བསྟན་འཛིན་གྱིས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།


previousརི་ཁྲོད་ལྷ་མོའི་སྦྱིན་སྲེག་བྱེད་ཚུལ་ཐོ་ཙམ་དུ་བཀོད་པ།next