Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇིགས་བྱེད་དང་ཆོས་རྒྱལ་སྦྲགས་པའི་སྦྱིན་སྲེག་བྱ་ཚུལ་ཐོ་ཙམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousའཇིགས་བྱེད་དང་ཆོས་རྒྱལ་སྦྲགས་པའི་སྦྱིན་སྲེག་བྱ་ཚུལ་ཐོ་ཙམ།next

འཇིགས་བྱེད་དང་ཆོས་རྒྱལ་སྦྲགས་པའི་སྦྱིན་སྲེག་བྱ་ཚུལ་ཐོ་ཙམ།


GTD007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཇིགས་བྱེད་དང་ཆོས་རྒྱལ་སྦྲགས་པའི་སྦྱིན་སྲེག་བྱ་ཚུལ་ཐོ་ཙམ་བཞུགས་སོ།། འཇིགས་བྱེད་དང་ཆོས་རྒྱལ་སྦྲགས་པའི་སྦྱིན་སྲེག་བྱ་ཚུལ་ནི། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་གཞལ་ཡས་ཁང་གྲུ་བཞི། ཞེས་པ་ནས། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་སྣ་ཚོགས་པངྨ་དང་ཟླ་བ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། ཞེས་སོགས། མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། ཞེས་པའི་བར་དང༌། དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ནས། འོད་ཟེར་ལྔ་འཕྲོ་བ། དེའི་གཡོན་དུ་པདྨ་དང་ཉི་མ་དང་དགྲ་བགེགས་རྣམས་


GTD007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནས། རྩེ་གསུམ་དང་ཐོད་པ་འཛིན་པ་ནས། འཁོར་བསྐྱེད་འདོད་ན། ཡབ་ཡུམ་གཉིས་ཀྱི་འཁོར་དུ་གཤིན་རྗེ་ཡ་བ་ཏི་ནས། མོ་རྒྱུད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ལྷ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་ནས། ཧཱུཾ་སྔོན་པོས་མཚན་པར་གྱུར། ཨོཾ་ཧྲཱི་ཧ་བྷོ་ནས་ཀུ་རུ་སྭཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་ཞེས་པ་ནས། བརྟེན་པར་བཅས་པ་དང་བཀའ་སྡོད་ལས་ཀྱི་གཤིན་རྗེ་ཡབ་ཡུམ་མམ། ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས། ཕྱི་འབྲང་གི་བགེགས་བསྐྲད་པ་སོགས་དཀྱུས་ལྟར་ལ། རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང༌། ཆོས་རྒྱལ་འཁོར་དང་བཅས་པ་ལ་རྡོ་རྗེ་འཇིགས་བྱེད་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། མཆོད་ཕྲེང་འཇིགས་བྱེད་ལ་དཀྱུས་ལྟར། ཆོས་རྒྱལ་ལ། གཤིན་རྗེ་རྒྱལ་པོའམ། སྟོང་གསུམ་ཁྱོན་ལྟར་མ་ལྟ་བུ་དང༌། ནང་མཆོད། ཧྲཱིཿ ཥྚྲཱིཿས་འཇིགས་བྱེད་དང༌། ཡ་མནྟ་ཀས་ཆོས་རྒྱལ་འཁོར་བཅས་ལ་འབུལ་བའམ། ཡང་ན། ཧྲཱིཿ ཥྚྲཱི་དང༌། ཀཱ་ལ་རཱུ་པ་ཙ་མུཎྚི་གསུམ་གྱི་མཐར་འབྲུ་གསུམ་བཏགས་པ་དང༌། ཡ་བ་ཏི་ལ་སོགས་པའི་གཤིན་རྗེ་ཕོ་མོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཞེས་སྦྱར། བསྟོད་པ། གཉིས་མེད་མའི་མཇུག་ཏུ་ཕྱི་སྒྲུབ་ཀྱི་བསྟོད་པ་རྒྱས་བསྡུས་ཅི་རིགས་སྦྱར། ལྗགས་བྱིན་རླབས་སོགས་དཀྱུས་ལྟར་དང༌། རྫས་འབུལ་བ་ནི། ཧྲཱིཿཥྚྲཱིཿས་འཇིགས་བྱེད་དང༌། ཆོས་རྒྱལ་ཡབ་ཡུམ་གཉིས་ལ་རང་སྔགས་དང༌། ཆོས་རྒྱལ་གྱི་འཁོར་རྣམས་ལ། ཨོཾ་ཨཱཿཧཱུཾ་


GTD007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འབུལ་བར་གསུངས་སོ། །ཆོས་རྒྱལ་རྐྱང་བའི་སྦྱིན་སྲེག་བྱེད་ན། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་པདྨ་དང་ཉི་མ་དང༌། ཞེས་སོགས་གོང་གི་འཇིགས་སྐོར་རྣམས་དོར་བས་འགྲུབ་བོ། །ཞེས་པ་འདིའང་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་རྒྱུན་གྱི་མན་ངག་ལྟར་བཀོད་པའོ།། ༈ བླ་མ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདིར་འཇིགས་བྱེད་དཔའ་བོ་གཅིག་པ་དང་ཆོས་རྒྱལ་གྱི་བསྙེན་པ་བཏང་སྟེ། དེའི་ཁ་སྐོང་གི་སྦྱིན་སྲེག་སྦྲགས་པར་བྱ་བར་འདོད་པས་ངག་འདོན་གྱི་རིམ་པ་འབྱིན་འཇུག་བྱ་ཚུལ་ཐོ་ཙམ་ནི་གཞན་རྣམས་དཀྱུས་ལྟར་ལ། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། དེའི་མདུན་དུ་པདྨ་ཉི་མ་མ་ཧེའི་སྟེང་དུ་ཡ་ལས་ཐོད་དབྱུག་ཡས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ། ཞེས་པ་ནས། གཡོན་ཐོད་ཁྲག་འཛིན་པ། ལྷའི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བ། ཡབ་ཡུམ་གཉི་གའི་སྤྱི་བོར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཨོཾ་ཧྲཱིཿ ཧ་བྷོཿ མཧཱ་ཀྲོ་དྷ་ཨཱ་གཙྪ་ནས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ཡེ་ཤེས་པའི་དཀྱིལ་འཁོར་ལས་ཀྱི་གཤིན་རྗེ་ཡབ་ཡུམ་དང་བཅས་པ་སྤྱན་དྲངས། ཨོཾ་ཧྲཱིཿ ཥྚྲཱིཿ སོགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་མུངྒ་རཱ་ཛཿ ནས། གཙོ་བོ་ལ་མི་བསྐྱོད་པ། ལས་ཀྱི་གཤིན་རྗེའི་དབུ་ལ་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། མཆོད་ཕྲེང་གཞུང་ལྟར་ལ། ཨོཾ་ཡ་མཱནྟཱ་ཀ་ས་པ་རི་ཝཱ་ར་པྲོཀྵ་ཎཾ་ཞེས་སོགས་སྦྱོར། ནང་མཆོད་ཀྱི་སྐབས། ཨོཾ་ཧྲཱིཿ ཥྚྲཱིཿ ནས། ཨོཾ་ཨཱཿ ཧཱུཾ། ཀཱ་ལ་རཱུ་པའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཙ་མུཎྚིའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ།


GTD007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ། གཉིས་མེད་ཐུན་མོང་ནས། འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འཇམ་དཔལ་བཀའ་ཉན་བསྟན་སྲུང་ན། །ཞེས་པ་ནས། མགོན་པོ་ཁྱོད་ལ་བདག་བསྟོད་དོ། །ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་དགང་བླུགས་ཀྱི་ཁ་ལ་ཧཱུཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར། མར་ཁུ་དང་ཡམ་ཤིང་ནས་ཁྱད་པར་བའི་རྫས་ཀྱི་བར་འདྲ། ཨོཾ་ཧྲཱིཿ ཥྚྲཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ཨོཾ་བོ་དྷི་པྲྀཀྵ་ཡེ་བདག་ཅག་དཔོན་སློབ་ནས། བཀྲ་མི་ཤིས་པ་དང་ཏིང་ངེ་འཛིན་མི་གསལ་ཞིང་ཆོ་ག་དང་སྔགས་ཀྱི་ཆད་ལྷག་གི་ཉེས་པ་ཐམས་ཅད་དང་ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། མང་ཉུང་ཇི་ཙམ་འབུལ་བ་སྐབས་དང་བསྟུན་ལ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ་ཨོཾ་བོ་དྷི་པྲྀཀྵ་ཡེ་བདག་ཅག་ནས། ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཨོཾ་ཙ་མུནྜི་ཧཱུཾ་ཕཊ་ཨོཾ་བོ་དྷི་པྲིཀྵ་ཞེས་སོགས་རང་རང་གྲངས་ཅི་ཙམ་ཕུལ་གྲུབ་པའི་རྗེས་སུ་མར་ཁུའང་དེ་བཞིན་དང་ཏིལ་ནས་ཁྱད་པར་བའི་བར་འདྲ། གཞན་ཐམས་ཅད་གཞུང་བཞིན་ལ། མཆོད་བསྟོད་ནང་མཆོད་གོང་དང་འདྲ། ༈ སེང་གདོང་མའི་བསྙེན་པའི་ཁ་སྐོང་སྦྱིན་སྲེག་གི་སྐབས། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ཞེས་པ་ནས། ལྷའི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བར་གྱུར། ནས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་སྔགས། ཨོཾ་བཛྲ་ཌཱ་ཀཱི་ནི་སིདྷ་མུ་ཁ་ས་པ་རི་ཝཱ་ར་པྲོཀྵ་ཎཾ་ནས། ཤཔྟའི་བར་དང་། ནང་མཆོད་དབུལ། བསྟོད་པ་ནི། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ནས། འགྲོ་བ་སྐྱོབ་ལ་ཕྱག་


GTD007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་དགང་བླུགས་ཀྱི་ཁ་ལ་ཧཱུཾ་ཡིག་སོགས་འདྲ། ཡི་གེ་བཅུ་བཞི་པའི་སྔགས་ཀྱི་མཐར་སྔགས་དང་སྤེལ་ཚིག་སྦྱོར་བ་གཞན་དང་འདྲ། མཆོད་བསྟོད་ཆུ་བཞི་སོ་རྩི་སོགས་གཞུང་བཞིན་ནོ།། ༈ ལྷ་མོའི་བསྙེན་པ་བྱེད་ཚེ་ཐུན་དང་པོར་འཇིགས་བྱེད་ཀྱི་ཆོ་ག་གཏོར་འབུལ་དང་བཅས་པ་གྲུབ་རྗེས། ནང་མཆོད་དང་མཆོད་པ་བྱིན་རླབས། དེ་ནས་རྟེན་བསྐྱེད་བྷྱོཿ རཀྨོ་ཞེས་པ་ནས། སྤྱན་དྲངས། བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏི། །སོགས། རྡོར་འཆང་མཚན་བཏགས་མ། རྒྱ་གར་ཡུལ་བཞུགས་མ། ལྷ་གཙོ་མ་གསུམ་རེས་མོས་བྱས་ཀྱང་ཆོག །ཐུན་རྗེས་མ་གསུམ་ལ་སྐད་ཅིག་དཀྲོང་བསྐྱེད་བྱས་རྗེས། བྷྱོཿ རཀྨོ་སོགས་སྔར་བཞིན། ཐུན་ཐ་མ་ལ་གཏོར་མ་མེད་མི་རུང་དུ་འབུལ་དགོས། བསྟོད་པའི་སྐབས། ས་བཅུ་མ་སོགས་གཙོ་མོའི་བསྟོད་པ་གང་རིགས། འདོད་ཁམས་དབང་ཕྱུག་མ་སོགས་འཁོར་གྱི་བསྟོད་པ་མན་འདྲ། ༈ བསྙེན་པའི་ཁ་སྐོང་སྦྱིན་སྲེག་གི་སྐབས། མེ་ལྷ་མེ་འབར་བའི་རྣམ་པར་གྱུར། ཐབ་ཀྱི་དབུས་སུ་རླུང་ནག་འཚུབ་མའི་གུར་གྱི་ནང་དུ་དྲེའུ་རྐྱང་སེར་ག་པ། ཞེས་པ་ནས། གཡོན་ཐམས་ཅད་ཐོད་པ་གདུག་པའི་ཁྲག་གིས་བཀང་བ་འཛིན་པ། ལྷའི་སྐུ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོ་བ། གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ་ཞེས་པ་ནས། སྤྱན་དྲངས། བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏི། །སོགས་དང་། བྷྱོཿ སྔོན་གྱི་གནས་མཆོག་དམ་པ་ནས། །ཞེས་པ་ནས། དམ་ཉམས་དགྲ་བགེགས་བསྒྲལ་དུ་གསོལ། །ཞེས་པའི་འཕྲོར། བྷྱོཿ མིང་བརྒྱ་མ་ལ་མཚན་སྟོང་མ། །ནས། རྡོ་རྗེ་འཇིགས་བྱེད་ཡུམ་དང་བཅས་པས་དབུ་བརྒྱན་པར་གྱུར། བྷྱོཿ བདག་གི་དངོས་བཤམས་ཡིད་ཀྱིས་སྤྲུལ་བ་


GTD007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཞེས་སོགས་ཆུ་བཞི་ཉེར་སྤྱོད་རོལ་མོ་འདོད་ཡོན་རྣམས་གཞུང་བཞིན་དང་། ནང་མཆོད་སྔགས་ཀྱིས་དབུལ། བསྟོད་པ། སྐུ་གསུམ་ལྷུན་གྲུབ་ཤོ་ལོ་ཀ་གཅིག་པུས་ཀྱང་ཆོག །ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་དགང་བླུགས་ཀྱི་ཁ་ལ་བྷྱོཿ ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར། མར་ཁུ་དང་། ཡམ་ཤིང་ནས། ཁྱད་པར་བའི་རྫས་ཀྱི་བར་ལྷ་མོའི་སྔགས་ལ་སྔགས་དང་སྤེལ་ཚིག་སྦྱར་བ་མ་གཏོགས། ཆོ་ག་གཞན་ཐམས་ཅད་སྦྱིན་སྲེག་གི་གཞུང་སྤྱི་དང་འདྲ། ཞེས་པ་འདི་རྣམས་ཤིས་ཚང་དགེ་སློང་ཁྱ་དགེ་འཇམ་དབྱངས་བསོད་ནམས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཨ་མཆོག་དགོན་ནས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ། །། །སརྦ་མངྒ་ལཾ།།


previousའཇིགས་བྱེད་དང་ཆོས་རྒྱལ་སྦྲགས་པའི་སྦྱིན་སྲེག་བྱ་ཚུལ་ཐོ་ཙམ།next