Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་བུམ་ཆུ་སྒྲུབ་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་བུམ་ཆུ་སྒྲུབ་ཚུལ།next

བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་བུམ་ཆུ་སྒྲུབ་ཚུལ།


GTD007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་བུམ་ཆུ་སྒྲུབ་ཚུལ་གྱི་ཆོ་ག་གདུང་སེལ་ཟླ་བའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།།


GTD007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ནཱ་ག་རཱ་ཛེ་ཤྭ་རཱ་ཡ། གང་གི་ཐུགས་རྗེ་ཟླ་བའི་འཁྲི་ཤིང་བྱིན། །རབ་རྒྱས་ཀཏྤུ་ར་ཡི་འདབ་འཕྲེང་གིས། །ལུས་ཅན་གདུང་བ་བསིལ་བའི་མཆོད་སྦྱིན་མཁན། །ཀླུ་ཡི་དབང་ཕྱུག་རྒྱལ་པོས་དགེ་ལེགས་སྩོལ། །ངེས་གསང་རྒྱུད་སྡེའི་དགོངས་དོན་བ་ཀུ་ལ། །ལེགས་གསུང་བདུད་རྩིའི་རྒྱུན་གྱིས་རབ་ཕྱེ་ནས། །སྩོལ་མཛད་འཇིགས་མེད་དབང་པོའི་ཞབས་པད་ལ། །གུས་པས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །བསྐྱེད་བསྟིམ་མཆོད་བསྟོད་བཟླས་པའི་འགྲོས་ཙམ་ལ། །ཆོག་བསྒྲིགས་མཁན་པོར་རློམ་མིན་མདོ་དང་སྔགས། །དྲང་ངེས་དེ་ཉིད་རིག་པས་ལེགས་བཤད་ཀྱི། །མཆོད་ཡོན་སྦྲེང་ངོ་མཁས་རྣམས་དགྱེས་པར་མཛོད།། དེ་ལ་འདིར་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་བསྒོམ་སྒྲུབ་ཉམས་སུ་ལེན་པར་བྱེད་པ་ལ། མངོན་རྟོགས་རྐྱང་པ་དང་། བུམ་གཏེར་སྒྲུབ་ཚུལ་སོགས་དང་འབྲེལ་བའི་ཡི་གེ་དམ་པ་གོང་མས་མཛད་པ་ཤིན་ཏུ་མང་ནའང་བུམ་ཆུ་སྒྲུབ་ཚུལ་འདི་ཉིད་གསལ་བར་བཤད་པ་ཉུང་ཞིང། འདི་ལ་བརྟེན་ནས་ཁྲུས་དང་བུམ་ཆུའི་རྒྱུན་སོགས་ཀྱི་སྒོ་ནས་གཞན་ལ་ཕན་པའི་འཕྲིན་ལས་ཀྱི་དགོས་པ་ཆེ་བར་སྣང་བས། འདིར་བརྒྱུད་ལྡན་དམ་པའི་མན་ངག་བཞིན་དུ་བུམ་ཆུ་སྒྲུབ་ཚུལ་གྱི་ལྷན་ཐབས་ཅུང་ཟད་ཕྱེ་སྟེ་འགོད་པ་ལ། ཐོག་མར་བཅོམ་ལྡན་འདས་འདི་ཉིད་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་སེལ་བའི་སྐྱབས་མཆོག་ཏུ་གྱུར་པའི་རྒྱུ་མཚན་ནི། སྤྱིར་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་


GTD007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒོ་ནས་མཉམ་པར་གསུངས་ཀྱང་རང་རང་གི་ཐུན་མོང་མ་ཡིན་པའི་སྨོན་ལམ་མི་འདྲ་བའི་ཁྱད་པར་ཡོད་པ་དུ་མ་འབྱུང་ཞིང་། ལྷག་པར་ཡང་མགོན་པོ་འདི་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཀླུའི་སྐྱེ་བ་བཞེས་པའི་སྐབས་ཤིག་ཀླུ་བརྒྱ་སྟོང་མང་པོ་རྣམས་སྡུག་བསྔལ་ལས་བསྐྱབ་པར་མཛད་དེ། དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་གནས་པའམ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུའང་ཀླུ་གང་དང་གང་དག་གིས་ལྕེ་འབབས་པའམ། གནོད་པའི་སེར་བ་འབེབས་པར་འགྱུར་བའམ། འཇིགས་པའམ། ནད་དམ། གནོད་པའམ། ནད་འགོ་བ་གཏོང་བ་དེར་བདག་གི་མིང་བརྗོད་ན་གནོད་པ་དེ་དག་མེད་པར་གྱུར་ཅིག །བདེན་པའི་ཚིག་འདིས་བདེ་བར་གྱུར་ཅིག །ཅེས་སྨོན་ལམ་གནང་བའི་སྟོབས་ཀྱིས་ཡིན་ནོ། །འདི་ལ་སྦྱོར་དངོས་རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་སྟེགས་བུ་ཇི་ལྟར་འཚམ་པའི་ཁར་འབྲུ་དཀར་གྱིས་པདྨ་འདབ་བརྒྱད་བྲིས་པ་ལ་ཀུ་ཤའི་གདན་དགྲམ། དེའི་སྟེང་དུ་བུམ་པ་གས་ཆག་མེད་པ་མགུལ་ཆིངས་ཅན་ཆུ་མིག་གཙང་མ་ལྟ་བུ་ནས་བླངས་པའི་ཆུ་ཕུད་མ་ཉམས་པས་སུམ་གཉིས་གང་བའི་ནང་དུ། གསེར་དངུལ་མུ་ཏིག་བྱུ་རུ་མུ་མེན་ཏེ་རིན་པོ་ཆེ་ལྔ། ནས་འབྲས་གྲོ་སྲན་ཏིལ་ཏེ་འབྲུ་ལྔ། སླེ་ཏྲེས་ཀཎྜ་ཀ་རི་དབང་ལག་རྒྱ་མཚོའི་ལྦུ་བ་ཤུ་དག་སྟེ་སྨན་ལྔ། ཙན་དན་དཀར་དམར་ཛ་ཏི་ག་བུར་གུར་ཀུམ་སྟེ་དྲི་ལྔ་དང་། སྦྲང་ཀ་ར་ཞོ་འོ་མ་མར་ཏེ་ཕྱིའི་བདུད་རྩི་ལྔ་སྦྱར་བའི་བྱ་རྒྱུད་ཀྱི་བུམ་རྫས་ཉེར་ལྔ་བཏབ། འོ་མ་ཅན་གྱི་ཤིང་གིས་ཁ་བརྒྱན་ཅིང་བུམ་པའི་སྟེང་དུ་དུང་ཆོས་དྲི་བཟང་གིས་བཀང་བའི་ཁར་གཟུངས་རྡོར་བཞག །མདུན་དུ་བཅོམ་ལྡན་འདས་ལ་འབུལ་རྒྱུའི་ཟླུམ་


GTD007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གཅིག་དང་ཕྱོགས་སྐྱོང་ལ་འབུལ་རྒྱུའི་གཏོར་མ་གཅིག །ཀླུ་ལ་འབུལ་རྒྱུའི་གཏོར་མ་ཀླུ་སྨན་དང་སྦྱར་བ་གཅིག །གཞན་ཡང་བདག་བསྐྱེད་དང་བུམ་བསྐྱེད་ཀྱི་ལྷ་ལ་འབུལ་རྒྱུའི་མཆོད་པ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་ཚར་གཉིས་ལ་སོགས་པ་བཤམས། མཆོད་པ་ཐམས་ཅད་ལ་ཤ་ཆང་སྒོག་ཙོང་སོགས་ཀྱི་དྲི་ཙམ་ཡང་མ་འདྲེས་པའི་གཙང་སྦྲ་ཐོན་པ་ཤིན་ཏུ་གལ་ཆེའོ། །དངོས་གཞི་ལ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུཾ་ལས་རང་ཉིད་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་ནོར་བུ་རིན་པོ་ཆེ་མི་དཔོག་པའི་མདོག་ལྟ་བུ། ཞལ་དཀྱིལ་ཟླ་བ་ལྟར་དཀར་བ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ། ཆོས་གོས་ངུར་སྨྲིག་གསོལ་བ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་བར་བྱེད་པའི་ཕྱག་རྒྱ་ཅན། བཞིན་འཛུམ་པ་འོད་ཟེར་མཐའ་ཡས་པ་འཕྲོ་བ། སྦྲུལ་མགོ་བདུན་གྱི་གདེངས་ཀའི་རྒྱབ་ཡོལ་ཅན། དེའི་མདུན་དུ་པད་ཟླ་ལ་སྒྲིབ་སེལ་སྐུ་མདོག་དཀར་པོ། གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་བུམ་པ་བསྣམས་པ། གཡས་སུ་པད་ཟླ་ལ་བྱམས་པ་དམར་སེར། གཡས་ཀླུ་ཤིང་གི་མེ་ཏོག་དང་གཡོན་རིལ་བ་སྤྱི་བླུགས་བསྣམས་པ། རྒྱབ་ཏུ་པད་ཟླ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་སེར་པོ། གཡས་རལ་གྲིས་མཚན་པའི་ཨུཏྤ་ལ་དང་གཡོན་གླེགས་བམ་བསྣམས་པ། གཡོན་དུ་པད་ཟླ་ལ་སྤྱན་རས་གཟིགས་དམར་པོ། གཡས་ཤེལ་འཕྲེང་དང་གཡོན་པད་དཀར་འཛིན་པ། བཞི་གའང་བཅོམ་ལྡན་འདས་ལ་བལྟ་བ། གཡས་ཕྱོགས་སུ་བྱང་སེམས་དཔག་མེད། གཡོན་ཕྱོགས་སུ་དགྲ་བཅོམ་པ་དཔག་མེད། འོག་ཕྱོགས་སུ་ཀླུའི་ཚོགས་དཔག་


GTD007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས་རིན་པོ་ཆེ་ཐོགས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་བལྟ་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་དང་སྡུག་བསྔལ་སྦྱངས། ཁྱད་པར་ཀླུ་རྣམས་མཁའ་ལྡིང་དང་བྱེ་ཚན་སོགས་ཀྱི་གནོད་པ་དང་ཀླུའི་སྐྱེ་གནས་ལས་ཐར་བར་བྱས། དེའི་མཐུས་ཀླུའི་གདོན་དང་དུག་ནད་ཀྱིས་ཟིན་པའི་སེམས་ཅན་མཐའ་དག་སྡུག་བསྔལ་དེ་ལས་རྣམ་པར་གྲོལ་ཏེ་བདེ་བ་དང་ལྡན་པར་གྱུར་པར་བསམས་ལ། ཏངྱ་ཐཱ། ཨོཾ་ཏ་ཐཱ་ག་ཏ་བྷ་ག་ཝན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷི་ཥྛཱི་ན་ཨ་དྷི་ཥྛཱི་ཏེ་སྭཱཧཱ། ཞེས་ཅི་འགྲུབ་བཟླས་ལ་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། བདག་བསྐྱེད་ཀྱི་མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་ནུས་པ་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙཎྜ་བཛྲ་པཱ་ཎི་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏངྱ་ཐཱ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྔྷ་བནྔྷ། ཧ་ན་ཧ་ན།


GTD007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ནས། ཤཔྟ་ཨཱཿ ཧཱུཾ། གི་བར་གྱིས་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ན་གེནྡྲ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྒྱས་པར་བྱེད་ན། རྒྱལ་བ་རྒྱ་མཚོ་སོགས་ཀྱི་ཚིགས་བཅད་དང་སྦྱར་ཏེ་འབུལ། གང་གི་མཚན་ཙམ་དྲན་པས་སྲིད་ཞི་ཡི། །མི་བཟད་སྡུག་བསྔལ་མཐའ་དག་སེལ་མཛད་པའ། །ཀླུ་ཡི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་བུམ་པ་སྒྲུབ་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏ་བྷེ་ཏ་བྷེ་མཧཱ་ཏ་བྷེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པ་ཕྱི་བུམ་པའི་རྣམ་པ་ལ་ནང་ལྷའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཡངས་ཤིང་རྒྱ་ཆེ་བའི་ནང་གི་དབུས་སུ་པད་ཟླའི་སྟེང་དུ་ཧཱུཾ་ལས་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ། ཞེས་པ་ནས། གཉིས་སུ་མེད་པར་གྱུར། ཅེས་པའི་བར་བདག་བསྐྱེད་ལྟར་ལ། དེ་ནས་བུམ་ལྷའི་མཆོད་པ་གོང་བཞིན་བྱིན་གྱིས་བརླབས་ཏེ། ཨེ་མ་ཧོ་ཆོས་ཀྱི་དབྱིངས་ཀྱི་རོལ་བ་ལས། །འཇའ་ཚོན་ལྟར་སྣང་ཀུན་བཟང་མཆོད་པའི་སྤྲིན། །ཡིད་འོང་མཆོད་ཡོན་བཀོད་པ་སྣ་ཚོགས་ཀྱིས། །རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ཀུན་བཀང་སྟེ། །བཅོམ་ལྡན་ཀླུ་ཡི་དབང་ཕྱུག་རྒྱལ་པོ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨོཾ་སརྦ་ཏཱ་ཐཱ་ག་ཏ་ནཱ་གེནྡྲ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་བཞིན་


GTD007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐོག་མཐའ་འདྲ་བ་ལ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སྒྲ་སྙན་ཞེས་དང་། ཨརྒྷཾ་གྱི་གནས་སུ་པཱངྱཾ། པུཥྤེ། དྡྷུ་པེ། ཨཱ་ལོ་ཀེ། གནྔྷེ། ནཻ་ཝིངྱ། ཤཔྟ་རྣམས་བཅུག་ལ་བྱ་རྒྱུད་རང་གཞུང་ལྟར་གྱི་ཕྱག་རྒྱ་དང་བཅས་ཏེ་དབུལ། རྒྱལ་བའི་ཞིང་ཁམས་བཅོ་བརྒྱད་འདས་པ་ན། །སྦྲང་རྩི་ཅན་ཞེས་བྱ་བའི་ཞིང་གི་གཙོ། །མ་ལུས་འགྲོ་བའི་གདུང་བ་སེལ་མཛད་པ། །ཀླུ་ཡི་དབང་ཕྱུག་རྒྱལ་པོར་ཕྱག་འཚལ་ལོ། །རྩེ་ན་ཟླ་བའི་དཀྱིལ་འཁོར་རྫོགས་པ་ཡི། །བརྟན་བརྗིད་བཻ་ཌཱུརྻ་ཡི་ལྷུན་པོ་ལ། །མཚམས་སྤྲིན་གསར་པས་འཁྱུད་འདྲ་མཛེས་པའི་སྐུ། །བཅོམ་ལྡན་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །གང་གི་མཚན་ཙམ་ཡིད་ལ་བྱེད་པ་ཡི། །ཉིན་བྱེད་ཟེར་གྱི་སྣང་བ་ཕྲ་མོས་ཀྱང་། །ཀླུ་གཉན་འཚེ་བའི་མུན་པ་མཐར་བྱེད་པ། །བདག་གི་སྐྱབས་གཅིག་བཅོམ་ལྡན་ཁྱོད་ལ་བསྟོད། །གང་གི་སྲས་ཀྱི་ཐུ་བོའི་ཚུལ་འཛིན་པ། །སྒྲིབ་སེལ་བྱམས་མགོན་འཇམ་དབྱངས་སྤྱན་རས་གཟིགས། །གཞན་ཡང་བྱང་སེམས་ཉན་ཐོས་རང་རྒྱལ་དང་། །གདེངས་ཅན་བདག་པོའི་ཚོགས་ལའང་བསྟོད་པར་བགྱི། །བཅོམ་ལྡན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །བདག་ཅག་ལུས་སེམས་གདུང་བ་ཀུན་ཞི་ཞིང་། །འཇིག་རྟེན་བདེ་ཞིང་ལོ་ལེགས་ཆོས་འཕེལ་བའི། །བཀྲ་ཤིས་དགེ་མཚན་དངོས་གྲུབ་ཀུན་སྩོལ་ཞིག །ཅེས་པས་བསྟོད། བྱ་རྒྱུད་ཀྱི་སྐབས་འདིར་ལྷ་བསྐྱེད་ཚུལ་འདི་ལྟར་དམ་ཡེ་སོ་སོར་བྱེད་པ་དང། དེ་ལྟ་མ་ཡིན་པར་གདན་གསལ་བཏབ་ནས་ལྷ་རྣམས་མགྲོན་གྱི་ཚུལ་དུ་སྤྱན་དྲངས་ཏེ་གདན་འབུལ་བའི་ཚུལ་མདོ་ལུགས་དང་ཕྱོགས་མཐུན་པ་གཉིས་ཀ་རུང་བར་གསུངས་


GTD007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། འདིར་ཡོངས་སུ་གྲགས་པའི་འཇུག་པ་བདེ་བ་དང་། མཐར་དམ་ཚིག་པ་བུམ་པའི་ཆུ་ལ་བསྟིམ་པའི་བྱིན་རླབས་ཀྱི་ཁྱད་པར་ཡང་ཡོད་པའི་གནད་ཀྱིས་སྔ་མའི་དབང་དུ་བྱས་སོ། །དེ་ནས་གཟུངས་ཐག་སྙིང་གར་བཟུང་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། རང་གི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བྱིན་རླབས་ནུས་མཐུ་མ་ལུས་པ་འོད་དང་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ་བུམ་པའི་ལྷའི་ཐུགས་ཀའི་སྔགས་འཕྲེང་ལས་བྱུང་བའི་བདུད་རྩིའི་ཆུ་དང་ལྷན་ཅིག་ཏུ་བུམ་པའི་ཆུ་ལ་ཐིམ། སླར་ཡང་མདུན་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་སྦྱངས། ཁྱད་པར་དུ་ཀླུ་རྣམས་མཁའ་ལྡིང་དང་བྱེ་ཚན་སོགས་ཀྱི་གནོད་པ་དང་ཀླུའི་སྐྱེ་གནས་ལས་ཐར་བར་བྱས། དེའི་མཐུས་ཀླུའི་གདོན་དང་དུག་ནད་ཀྱིས་ཟིན་པའི་སེམས་ཅན་མཐའ་དག་སྡུག་བསྔལ་དེ་ལས་རྣམ་པར་གྲོལ་ཏེ་བདེ་བ་དང་ལྡན་པར་བྱས། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་འོད་ཟེར་དང་ལྷན་ཅིག་ཏུ་ཚུར་བསྡུས་ཏེ་བུམ་པའི་ཆུ་ལ་ཐིམ་པར་གྱུར་པར་བསམ། དམིགས་བསལ་དགེ་འདུན་གྱི་སྡེ་ལྟ་བུའི་རིམ་གྲོར་དམིགས་པ་ཡིན་ན། ཉོན་མོངས་པའི་སྡུག་བསྔལ་སྦྱངས་ཞེས་པ་དང་། ཁྱད་པར་ཞེས་པའི་མཚམས་


GTD007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དགེ་འདུན་གྱི་སྡེ་འདིར་དད་ཅིང་གུས་པའི་སྒོ་ནས་སྐལ་ལྡན་གྱི་གདུལ་བྱ་སོགས་མི་ནོར་ཟས་གསུམ་མཁོ་དགུའི་དཔལ་འབྱོར་ཐམས་ཅད་དབང་དུ་འདུ་ཞིང་། ཕ་རོལ་གྱི་བསམ་ངན་སྦྱོར་རྩུབ་མཐའ་དག་ཉེ་བར་ཞི་ཞིང་། མདོ་སྔགས་བཤད་སྒྲུབ་ཀྱི་བྱ་བ་རྣམས་དབྱར་མཚོ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར་ཅེས་པ་འཇུག །སྦྱིན་བདག་གི་ཆེད་ཡིན་ན་དེའི་མཚམས་སུ། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་མི་ནོར་ཕྱུགས་གསུམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་། མཐུན་རྐྱེན་ཚེ་བསོད་སྟོབས་འབྱོར་རིགས་རྒྱུད་མངའ་ཐང་རྣམས་དབྱར་མཚོ་བཞིན་དུ་འཕེལ་ཞིང་རྒྱས་པར་གྱུར། ཅེས་དང་ཆར་ཆུ་སོགས་ཀྱི་ཆེད་ཡིན་ན། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར་སད་སེར་ཐན་པ་སོགས་མི་དང་མི་མ་ཡིན་གྱིས་བསྐྱེད་པའི་བསམ་ངན་སྦྱོར་རྩུབ་ཐམས་ཅད་མྱུར་དུ་ཞི་ནས། ཆར་ཆུ་དུས་སུ་འབེབས་པས་རྩི་བཅུད་དང་ལོ་ཏོག་ལ་སོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་སྐྱེ་འགྲོ་ཀུན་གྱི་རེ་བ་ཚིམ་པར་བྱས། ཞེས་པ་བཅུག་པས་མཚོན་སྐབས་དང་འབྲེལ་བའི་ཁ་བསྒྱུར་ཚུལ་ཤེས་པར་བྱ། བཟླས་པ་ཅི་འགྲུབ་བྱས་པའི་མཐར་ཡིག་བརྒྱས་བརྟན་པར་བྱ། དེའང་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ལས། ཞག་བདུན་དུ་སྙིང་པོ་རྒྱུན་མ་ཆད་པར་བཟླས་ན་དབུལ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་བདུན་ཕྲག་གཅིག་ཏུ་སྒྲུབ་རྒྱུ་བྱུང་ན་ཤིན་ཏུ་ལེགས་པས་ཉིན་དུ་མར་སྦྲེལ་ཏེ་བྱེད་ན་ཐུན་སྔ་མ་རྣམས་ལ་མཚམས་འདིར་མཆོད་བསྟོད་མདོར་བསྡུས་བྱས་ནས་འོད་ཞུ་མི་བྱེད་པར། ཐུན་རྗེས་མ་ལ་འཇུག་པའི་ཚེ་སྔར་ཡོད་གསལ་འདེབས་པའི་ཚུལ་དུ། སྟོང་པའི་ངང་ལས་རིན་


GTD007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་བུམ་པ་དཀར་པོ་ཞེས་པ་ནས་པད་ཟླའི་སྟེང་དུ་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་ཞེས་འདོན་པ་བསྒྱུར། དགུང་ཐུན་ཐ་མ་ལ་གཏོར་མ་ངེས་ཅན་དུ་འབུལ་དགོས་པས་དེའི་ཚུལ་ནི། གཏོར་མ་རྣམས་ཨ་མྲྀ་ཏས་བསངས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿ ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མ་དང་པོ་ལ་དམིགས་ཏེ། བུམ་པའི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱ་གེནྡྲ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་གཏོར་མ་དབུལ། སྙིང་པོ་ཚར་གཅིག་དང་ཧཱུཾ་བདུན་བརྗོད་ལ་དུང་ཆོས་ཀྱི་མཆོད་ཡོན་བུམ་ནང་དུ་དབུལ། ཨ་མྲྀ་ཏའི་སྔགས་བརྗོད་ལ་མེ་ཏོག་དཀར་པོ་གསུམ་བུམ་པར་གཞུག །མཚན་སྔགས་ལ་པུཥྤེ་སོགས་བཏགས་པས་མཆོད་ཅིང། གང་གི་མཚན་ཙམ་ཞེས་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀླུའི་དབང་ཕྱུག་རྒྱལ་པོ་འཁོར་དང་བཅས་པས་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་རྒྱས་ཤིང་། མི་ནད་ཕྱུགས་ནད་སོགས་ཀླུ་དང་ས་བདག་གི་གནོད་འཚེ་ཐམས་ཅད་མྱུར་དུ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། བཛྲ་མུཿ བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ། དེའང་ཀུན་རིག་ཊཱིཀ་ཆེན་ལས། རྣལ་འབྱོར་རྒྱུད་མན་ཆད་ལ་བུམ་ལྷ་མི་བཞུ་བར་བཤད་པ་ནི་སྐབས་གཞན་ལ་དགོངས་པ་ཡིན་གྱི་གཅིག་ཏུ་ངེས་བཟུང་མིན་ཏེ། ཀུན་སྙིང་གིས་ཀུན་རིག་དཀྱིལ་ཆོག་ཏུ་བུམ་ལྷར་ཞུ་


GTD007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད་ཅིང་། སློབ་དཔོན་བྱང་ཆུབ་སྙིང་པོས་འཇམ་དཔལ་གསང་ལྡན་གྱི་དཀྱིལ་ཆོག་ལས་ཀྱང་གཙོ་བོའི་བུམ་པར་སྐད་ཅིག་གིས་ལྷ་ཚང་བར་བསྐྱེད་ལ་དགུག་གཞུག་དང་མཆོད་བསྟོད་དང་བཟླས་པ་བྱའོ། །ཞེས་པ་ནས། རྣམ་པར་རྒྱལ་བའི་བུམ་པ་བཞུ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་གཏོར་མ་གཉིས་པ་བསྔོ་ཞིང་། གྲོལ་བའི་ཐུན་ཐ་མ་མ་ཡིན་པའི་དགུང་ཐུན་གཞན་ལ་བུམ་ལྷའི་གཏོར་མ་ཕུལ་ཟིན་པའི་རྗེས་སུ་མཚན་སྔགས་ལ་ཨརྒྷཾ་སོགས་བཏགས་པའི་མཆོད་པ་དང་བསྟོད་པ་མདོར་བསྡུས་བྱ། གཏོར་མ་གཉིས་པ། མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་ཆ་གསུམ་གྱི་གཞུང་ལྟར་ཕྱོགས་སྐྱོང་ལ་བསྔོས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། གཙྪ། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད། གཏོར་མ་གསུམ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་དང་། ཁྱད་པར་དུ་བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་དང་བཅས་པ་ལ་གནོད་པར་བྱེད་པའི་ཀླུའི་རིགས་ཐམས་ཅད་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་


GTD007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལི་དང་། །ཚི་ལི་ཆེན་པོ་རྣམས་དག་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མཧཱ་ན་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུར་བྷུ་བ་ཕྲུཾ་ཕུ་སྭཱཧཱ། པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྲྀཧྣ་དཾ་ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ། ལན་གསུམ་དང་། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བརྗོད་དེ་ཆོས་ཀྱི་སྦྱིན་པ་བྱ། ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་བཅོལ། ཨོཾ་ནཱ་ག་ཨ་དྷི་པ་ཏ་ཡེ་གཙྪ། ཀླུ་རྣམས་དགྱེས་བཞིན་རང་གནས་སུ་གཤེགས་པར་གྱུར། མ་རུངས་པའི་ཀླུ་ལྷག་མ་རྣམས་ཚམ་རྔམས་ཀྱིས་བསྐྲད་པར་བསམ་ལ། ཨོཾ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་ལན་གཅིག་དང་། བདག་གི་བསམ་པའི་སྟོབས་དང་ན། །ཞེས་སོགས་ཀྱིས་བདེན་སྟོབས་བརྗོད། སྨོན་ལམ་ནི། བཅོམ་ལྡན་ཀླུ་ཡི་དབང་ཕྱུག་ཐུགས་རྗེའི་མཚོར། །བསྒོམ་བསྒྲུབ་བཟླས་པའི་གྲུ་གཟིངས་ལེགས་སྦྱར་ཏེ། །སྨོན་པའི་བ་དན་དཀར་པོས་བསྐྱོད་པ་ཡིས། །བྱིན་རླབས་ནོར་བུའི་དགའ་སྟོན་ཐོབ་པར་ཤོག །རྨོངས་དང་སྡང་བའི་ལྕེ་གཉིས་གཡོ་བ་ཅན། །ལས་ཀྱིས་འཁོན་གྱུར་གདུག་པའི་གདེངས་ཅན་རྣམས། །བཟོད་དཀའི་ལུས་སེམས་གདུང་བ་རབ་ཞི་ནས། །བྱམས་ལྡན་བདེ་བའི་དགའ་སྟོན་མྱོང་བར་ཤོག །སྟོན་པའི་ཞལ་མཐོང་བསྟན་ལ་དགའ་བའི་ཀླུ། །དགའ་བོ་ཉེ་དགའ་ལ་སོགས་འཁོར་དང་བཅས། །དཔལ་འབྱོར་རྒྱས་


GTD007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཆོས་ཀྱི་ལམ་གནས་ཏེ། །འཇིག་རྟེན་མཐའ་དག་ཆོས་བཞིན་སྐྱོང་བར་ཤོག །དེ་ཡི་མཐུ་ལས་ནོར་འཛིན་ཡངས་པའི་ཁྱོན། །སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདི་རྣམས་སུ། །སད་སེར་ཐན་པ་འབྱུང་འཁྲུག་ནད་ཡམས་སོགས། །ཞི་ཞིང་ཆོས་འབྱོར་དགའ་སྟོན་རྒྱས་པར་ཤོག །ནམ་ཞིག་འདི་སྣང་འགགས་ཚེ་མགོན་ཁྱོད་ཀྱི། །ཞིང་མཆོག་སྦྲང་རྩི་ཅན་དུ་པདྨོ་ལས། །རྫུས་ཏེ་སྐྱེས་ནས་བཅོམ་ལྡན་འཁོར་བཅས་ཀྱི། །ཞལ་བཟང་མིག་གི་བདུད་རྩིར་འགྱུར་བར་ཤོག །དེ་ནས་ཁྱོད་གསུང་བདུད་རྩིའི་བཅུད་མྱང་སྟེ། །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ནས། །མཚན་བཅས་མཚན་མེད་ལམ་བཟང་རིམ་བགྲོད་དེ། །རིང་པོར་མི་ཐོགས་བྱང་ཆུབ་མཆོག་ཐོབ་ཤོག །བདག་ནི་མངོན་པར་སངས་རྒྱས་ཞིང་དེར་ཡང། །ཕྱི་ནང་ཉེར་འཚེའི་རིགས་རྣམས་མི་འབྱུང་ཞིང། །བདག་གི་མིང་ཙམ་ཡིད་ལ་བྱས་པས་ཀྱང། །མ་ལུས་འགྲོ་བའི་གདུང་བ་སེལ་གྱུར་ཅིག །ཡིག་བརྒྱས་ལྷག་ཆད་བསྐང། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཨོཾ་ཨཱཿ བཛྲ་མུཿ བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་ཞེས་སོགས་དཀོན་མཆོག་གསུམ་གྱི་ཤིས་བརྗོད་དང་། ཀླུ་རྒྱལ་དགའ་བོ་ཉེ་དགའ་


GTD007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །ཞེས་སོགས་དང་། འཇིག་རྟེན་བདེ་ཞིང་ལོ་ལེགས་ཞེས་སོགས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།། སྨྲས་པ། བསྐུལ་ཚིག་ནོར་རྒྱས་ཀྱིས་བཟུང་བ། །བརྩོན་པའི་རི་བོ་མནྡ་རས། །རྣམ་དཔྱོད་ཆུ་གཏེར་བསྲུབས་པ་ལས། །ལེགས་བཤད་གསར་པའི་ཟླ་བ་ཤར། །མདོ་སྔགས་ཉི་ཟླའི་རྣ་ཆ་དང་། །རིག་གནས་རྒྱུ་སྐར་དོ་ཤལ་ཅན། །སྔོ་བསང་བུ་མོའི་འགྲམ་པ་ལ། །གསར་བཤད་དབང་པོའི་གཞུ་རིས་བཞིན། །རྟོག་གེའི་བློས་བྱས་མ་ཡིན་རྒྱུད་དང་མཐུན། །འོལ་ཚོད་རང་བཟོ་མ་ཡིན་མན་ངག་བཙལ། །ཧ་ཅང་རྒྱས་བསྡུས་མ་ཡིན་འཚམ་པ་ཡི། །སྒྲུབ་ཐབས་འདི་ཀོ་ཀུན་གྱིས་དགའ་སྟོན་མཛོད། །འདིར་འབད་ལས་བྱུང་ལེགས་བྱས་ཀླུང་ཕྲན་ཡང་། །དུས་གསུམ་སྐྱེ་འཕགས་དགེ་བའི་གངྒཱ་དང་། །གཅིག་ཏུ་འདྲེས་ཏེ་ནམ་ཡང་མི་ཟད་པ། །བྱང་ཆུབ་མཆོག་གི་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་པ་འདི་ནི་གསོ་བ་རིག་པའི་གནས་ལ་རྣམ་དཔྱོད་མཆོག་ཏུ་ཡངས་པ་དཀོན་མཆོག་བསྟན་དར་གྱིས་གཙོས་བྲག་ལུང་རི་ཁྲོད་པ་སྤྱི་ཚོགས་ནས་བསྐུལ་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་ཀུན་ནས་འཁྱིལ་བའི་གླིང་གི་འདུ་ཁང་ཆེན་མོའི་ཡང་རྩེར་བྲིས་པ་འདིས་ཀྱང་སྐྱེ་འགྲོ་ལ་ཕན་ཐོགས་པར་གྱུར་ཅིག། །། སརྦ་མངྒ་ལཾ།།


previousབཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་བུམ་ཆུ་སྒྲུབ་ཚུལ།next