Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ།next

བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ།


GTD007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ་ཀླུ་བསང་བཅས་བཞུགས་སོ།།


GTD007_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་སྤྲིན་གྱི་གདེངས་ཀ་ལས། །བྱིན་རླབས་ཆར་གྱི་རྒྱུན་འབེབས་པས། །ཕན་བདེའི་ལོ་ཏོག་རྒྱས་མཛད་པ། །ཀླུ་ཡི་དབང་ཕྱུག་རྒྱལ་པོར་འདུད། །དེ་ཡང་ཀླུ་དང་ས་བདག་གི་ཉེར་འཚེ་ཞི་བའི་ཕྱིར་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་ཡུལ་ཁྲུས་བྱ་བར་འདོད་པའི་གང་ཟག་གིས་ཐོག་མར་བདག་བསྐྱེད་དང། འདིའི་སྒོ་ནས་བུམ་ཆུ་སྒྲུབ་ཚུལ་གྱི་ཆོ་ག་སོགས་ལོགས་སུ་བཀོད་ཡོད་པ་བཞིན་ཚད་དང་ལྡན་པར་བྱས་ལ། གཞི་བདག་གཙོ་ཆེ་བ་རྣམས་ཀྱི་གནས་རི་སོགས་མཐོང་བའི་ཕྱོགས་སུ་ཕྱིན་པའམ། ཡང་ན་དེ་དག་གི་མིང་དང་དབྱིབས་གཟུགས་སོགས་རི་མོར་བྲིས་པ་མེ་ལོང་ལ་འཆར་དུ་བཅུག །དེ་དག་གི་ནམ་མཁར་སྤྲིན་གྱི་ཕུང་པོ་ཁ་དོག་སྣ་ལྔ་པ་འཁྲིགས་པ་ལས། ཀླུའི་དབང་ཕྱུག་རྒྱལ་པོའི་ཐུགས་རྗེ་བྱིན་རླབས་ཀྱི་ངོ་བོ་ཆར་གྱི་རྒྱུན་དཔག་ཏུ་མེད་པ་བབས་པས། སྣོད་བཅུད་མཐའ་དག་གི་ཉེར་འཚེའི་རྒུད་པའི་རིགས་མ་ལུས་པ་ལྷག་མེད་དུ་བཀྲུས་པར་བསམས་ལ། ཐོག་མར་བཅོམ་ལྡན་འདས་ཀྱི་གཟུངས་ལན་མང་དུ་བརྗོད། དེ་ནས། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་ཐུགས་རྗེའི་མཐུ་དང་བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ཡུལ་ཕྱོགས་འདི་ན་གནས་པའི་ལྷ་ཀླུ་གཞི་བདག་ཐམས་ཅད་ཀྱི་ལུས་སེམས་ལ་གནོད་པའི་ཕྱི་ནང་གི་ཉེ་བར་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ས་གཉན་བརྐོས་པ། རི་གཉན་རློག་པ། ཤིང་གཉན་བཅད་པ། ཆུ་གཉན་དཀྲུགས་པ་སོགས་ལ་བརྟེན་ནས་བྱུང་བའི་གནོད་པ་དང་འཁོན་ཐམས་ཅད་ཤཱནྟིཾ་ཀུ་རུ་


GTD007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། མཛེ་གྲིབ་ཡུག་གྲིབ་དམེ་གྲིབ་རོ་གྲིབ་སོགས་གྲིབ་དང་མི་གཙང་བའི་གནོད་པ་ཐམས་ཅད་༝། མཛེ་དང་ཕོལ་མིག །དྲེག་གྲུམ། སྐྱ་རྦབ། གཞོག་སྐམ། ཞྭ་འཐེང་། ཤ་བཀྲ་སོགས་ཤ་རུས་པགས་པར་གནས་པའི་ནད་ཀྱི་རིགས་ཐམས་ཅད་༝། བྱེ་ཚན་དང་མཁའ་ལྡིང་གི་འཇིགས་པ་དྲག་སྔགས་མནན་གཏད་སོགས་ཀྱིས་གདུངས་པ་ཐམས་ཅད་༝། ཡུལ་ལྷ་རྣམས་ལ་གནོད་པའི་རྐྱེན་ལས་བྱུང་བའི་མི་ཕྱུགས་ཀྱི་ནད་ཡམས་མཐའ་དག་ཤཱནྟིཾ་༝། སད་སེར་ཐན་པ་དུས་མ་ཡིན་པའི་རླུང་དང་ཁ་ཆར་ས་གཡོས་སོགས་འབྱུང་བའི་ཁམས་ཀྱི་གནོད་པ་ཐམས་ཅད་༝། གཟའ་དང་རྒྱུ་སྐར་གྱི་གནོད་པ་དང་། རྒྱལ་པོ་དང་ཆོམ་རྐུན་གྱི་གནོད་པ་སོགས་མི་དང་མི་མ་ཡིན་པའི་ཉེ་བར་འཚེ་བ་ཐམས་ཅད་༝། ཕ་རོལ་གྱི་བྱད་ཁ་ཕུར་ཁ་དང་རྨི་ལམ་མཚན་ལྟས་ངན་པ་ཐམས་ཅད་༝། མདོར་ན་ཕྱི་ནང་སྣོད་བཅུད་མཐའ་དག་གི་ཉེ་བར་འཚེ་བ་དང་བཀྲ་མི་ཤིས་པའི་རིགས་ཐམས་ཅད་ཤཱནྟིཾཀུ་རུ་སྭཱཧཱ། ཞེས་ཁྲུས་བྱ། དེ་ནས་སྣོད་གཅིག་ཏུ་ཆུ་ཅུང་ཟད་བླུགས་ལ། རྨ་བྱའི་སྒྲོའི་ཆུན་པོའི་སྟེང་དུ་ཟླ་བ་རྡོ་རྗེ་དང་བཅས་པས་མཚན་པ་ལས་འོད་ཟེར་འཕྲོས། བཀྲུས་པས་མ་དག་པའི་དྲི་མ་ལྷག་མ་རྣམས་བྱབས་ཏེ་མདུན་གྱི་ཆུ་ལ་ཐིམ་པར་བསམས་ཤིང། ཤཱནྟིཾཀུ་རུ་ཞེས་པའི་ཚབ་ཏུ། ཨ་པ་ན་ཡ་ཞེས་པ་སྦྱོར། སངས་རྒྱས་ཀྱི་བདེན་པ་དང། ཆོས་ཀྱི་༝། དགེ་


GTD007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་༝། ཁྱད་པར་དུ་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་ཐུགས་རྗེ་བདེན་པའི་སྟོབས་ཀྱིས་ཡུལ་ཕྱོགས་འདི་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཐམས་ཅད་ཁྲུས་ཆུ་འདིས་ཚིམ་པར་བྱས་ཏེ། གནོད་པ་དང་གདུག་པའི་སེམས་ཞི་ཞིང་། ཕན་པ་དང་ཞི་བའི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོངས་ཤིག །སུམ་བྷ་ནིའི་སྔགས་བརྗོད་ཅིང་ཡུངས་ཀར་གྱིས་བྲབ་སྟེ་ཁྲུས་ཆུ་རྒྱང་རིང་དུ་དོར། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཞེས་པ་ནས། བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པ་དང་བདེན་པ་ཆེན་པོའི་ཚིག་འདི་དག་གིས་ས་ཕྱོགས་ཡུལ་ཁམས་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཐམས་ཅད་ཕྱི་ནང་གི་ཉེར་འཚེའི་གཡུལ་ལས་རྒྱལ་ཏེ། མཐུ་སྟོབས་གཟི་བྱིན་རྒྱས་ཤིང་དེའི་སྟོབས་ཀྱིས་མི་ནོར་ལོངས་སྤྱོད་ཆོས་སྲིད་ཀྱི་དཔལ་འབྱོར་མཐའ་དག་འཕེལ་ཞིང་རྒྱས་ནས་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ་སིདྡྷི་སིདྡྷི། དེ་ནས་གནས་ཐམས་ཅད་དུ་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་རེག་པའི་སྟངས་ཀ་དང་བཅས་གཟུངས་བརྗོད་ཅིང། ཤཱནྟིཾ་ཀུ་རུའི་ཚབ་ཏུ། རཀྵ་རཀྵ་ཞེས་བརྗོད་པས། ཡུལ་ཕྱོགས་མཐའ་དག་སྲུང་བ་རྡོ་རྗེའི་གུར་ཁང་གི་ནང་དུ་ཚུད་པའི་དམིགས་པ་བྱེད། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཀླུ་ཡི་དབང་ཕྱུག་རྒྱལ་པོའི་མཐུ་སྟོབས་ཀྱིས། །ཡུལ་ཕྱོགས་འདི་ལ་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད་ཅིང་། ཆེ་བའི་ཆེ་མཆོག་མ་སོགས་དཀོན་མཆོག་གསུམ་གྱི་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་མིར་གན་ཤོག་ནས་དད་བརྩོན་ལྡན་པ་དགེ་སློང་བློ་བཟང་ལྷུན་གྲུབ་ཀྱིས་བསྐུལ་ངོར།


GTD007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་དགེ་ལེགས་འཕེལ།། །། ༈ མཚན་ཙམ་དྲན་པའི་ག་བུར་གྱིས། །ཀླུ་གདོན་ཚ་བའི་གདུང་སེལ་བ། །ཀླུ་དབང་རྒྱལ་དང་སེང་གེའི་སྒྲར། །བཏུད་ནས་ཀླུ་བསང་ཆོ་ག་བྲ། །དེའང་ཐོག་མ་ཀླུ་སྨན་སྣ་ཚོགས། དུག་རིགས་མ་ཡིན་པའི་ཤིང་སྣ་དུ་མ། དཀར་གསུམ་མངར་གསུམ་སོགས་བསང་དང་གཏོར་མའི་རྫས་གཙང་ཞིང་གྱ་ནོམ་པ་ཤ་ཁྲག་དང་གླ་རྩི་སོགས་ཀྱི་དྲི་མས་མ་སྦགས་པ་ལེགས་པར་བཤམ། སྐྱབས་སེམས་སྔོན་དུ་བཏང་། རང་ཉིད་སྐད་ཅིག་གིས་པད་ཟླ་དང་སེང་གེའི་གདན་གྱི་སྟེང་དུ་འཕགས་མཆོག་སེང་གེའི་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་པ་པུས་མོའི་སྟེང་དུ་བཙུགས་ཤིང་། གཡོན་པ་གདན་ལ་བརྟེན་པས་སྦྲུལ་གྱིས་དཀྲིས་པའི་ཏྲི་ཤུ་ལ་དང་སྨན་གྱིས་བཀང་བའི་ཐོད་པས་མཚན་པའི་པངྨ་བསྣམས་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས་མཆོད་གཏོར་དང་བསང་རྫས་རྣམས་མཆོད་ཡུལ་སྤྱི་དང་ཁྱད་པར་ཀླུ་རིགས་འཁོར་བཅས་དགྱེས་པ་སྐྱེད་པའི་མཐུ་དང་ལྡན་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝ་རྟ་ཡ་ཨཱ་ཝ་རྟ་ཡ། ཧོ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ། ཞེས་པ་ནས། ཨརྠ་སཱ་དྷ་ནེ་སྭཱཧཱ། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་སོགས་བཞིའི་མཚན་བརྗོད། དེ་བཞིན་


GTD007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ཀྱི་ཐུགས་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་བདེན་པའི་སྟོབས་ཀྱིས་ཀླུ་རྣམས་མཆོད་སྤྲིན་རྒྱ་མཚོ་འདིས་ཚིམ་ཞིང་དགྱེས་ནས་ཤ་འཁོན་གནོད་པ་ཐམས་ཅད་ཞི་སྟེ་བྱམས་པའི་སེམས་ཀྱིས་ཆོས་དང་ལྡན་པའི་འཕྲིན་ལས་ཚུལ་བཞིན་དུ་སྒྲུབ་པར་གྱུར་ཅིག །བདག་གི་བསམ་པའི་སྟོབས་དང་ན། །ཞེས་པ་ནས། ཐོགས་པ་མེད་པར་འབྱུང་གྱུར་ཅིག །ལྷུན་པོ་རོལ་མཚོ་བདུན་དང་བཅས་པ་ལ། །གནས་བཅས་ཆུ་ཡི་བདག་པོ་ཝ་རུ་ཎ། །དགའ་བོ་ཉེ་དགའ་ཀླུ་ཆེན་བརྒྱད་ལ་སོགས། །འཇིག་རྟེན་སྐྱོང་བའི་ཀླུ་རིགས་ཐམས་ཅད་དང་། །འཛམ་གླིང་གདེངས་ཅན་བདག་པོ་མ་དྲོས་པ། །བྱེ་བྲག་བོད་ཁམས་འདིར་གནས་ཀླུ་ཡི་ཚོགས། །ཁྱད་པར་བདག་ཅག་གནས་ཀྱི་ཡུལ་ཕྱོགས་འདིའ། །མཚོ་དང་ཆུ་ཀླུང་ཆུ་མིག་ལྟེང་ཀ་དང་། །རི་བྲག་ལྗོན་ཤིང་སོགས་ལ་གནས་པ་ཡི། །རིགས་བཞིར་གཏོགས་པའི་ཀླུ་གཉན་མ་ལུས་པ། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ཤིག །དཀར་གསུམ་མངར་གསུམ་བཟའ་བཅའ་བཏུང་བ་དང་། །རིན་ཆེན་རྣམ་མང་མཁོ་དགུའི་ཡོ་བྱད་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་འདིས། ཀླུ་རྒྱལ་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག །ཁྱད་པར་བཟང་པོའི་སྨན་སྦྱོར་བརྒྱ་ཕྲག་དང་། །དྲི་ཞིམ་བསུང་ཤིང་སྣ་ཚོགས་དུད་པའི་སྤྲིན། །འཆི་མེད་ལམ་ཀུན་ཡོངས་སུ་ཁྱབ་པ་འདིས། །ཀླུ་དང་ས་བདག་གཉན་པོ་མ་ལུས་བསང། །རྐོ་རློག་ཐབ་གཞོབ་ཤིང་བཅད་ཆུ་བོ་དཀྲུགས། །མཁར་ལས་ཞིང་ས་མཚེར་མལ་ཉེས་པ་དང་། །གཞན་གྱི་མནན་གཏད་ཁྲམ་ལ་བཏབ་པ་སོགས། །གནོད་


GTD007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅི་མཆིས་བསང་གིས་དག་གྱུར་ཅིག །དམེ་འཁོན་ཡུག་གྲིབ་དམར་དང་རོ་གྲིབ་ཀྱིས། །བསྐྱེད་པའི་དོན་སྣོད་ཡན་ལག་པགས་པའི་ནད། །གག་ལྷོག་མཛེ་དང་ཕོལ་མིག་དྲེག་གྲུམ་སོགས། །ཀླུ་ཡི་ནད་ཀུན་བསང་གིས་དག་གྱུར་ཅིག །སྔོན་ཆད་འཁྲུལ་བའི་ནོངས་པ་ཅི་མཆིས་པ། །བསང་མཆོད་དམ་པ་འདི་ཡིས་བྱང་གྱུར་ཏེ། །དེང་ནས་ཀོ་ལོང་ཕྲག་དོག་མ་མཛད་པར། །རྣལ་འབྱོར་ཡོན་མཆོད་ཀུན་གྱི་གྲོགས་མཛོད་ཅིག །མི་དང་ཕྱུགས་ཀྱི་ནད་ཡམས་གོད་ཁ་ཆོད། །སད་སེར་ཐན་པ་འགོང་པོའི་གནོད་པ་བསྲུང་། །སྔགས་ནག་གདུག་པས་རྦད་པའི་གཏད་རྒྱ་ཁྲོལ། །མདོར་ན་ཕྱི་ནང་ཉེར་འཚེ་ཀུན་ལས་སྲུངས། །ཉེས་སྤྱོད་ལྔ་སྤོང་གཏན་གྱི་ཁྲིམས་མནོས་ཏེ། །རྩ་བརྒྱུད་བླ་མའི་སྤྱན་སྔར་ཁས་བླངས་ཤིང་། །ཡི་དམ་དཀྱིལ་འཁོར་གཉན་པོར་དམ་བཅས་བཞིན། །ཆོས་ལྡན་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཅིག །མི་ཕྱུགས་ཟས་ནོར་གཡང་གི་མཚོ་བསྐྱིལ་ཏེ། །བདེ་སྐྱིད་དགའ་བའི་པད་ཚལ་བཞད་པའི་དབུས། །ཆོས་འབྱོར་སྦྲང་རྩིས་མྱོས་པའི་རྐང་དྲུག་པ། །གྲགས་སྙན་གླུ་དབྱངས་ལེན་པའི་བཀྲ་ཤིས་སྩོལ། །ཨོཾ་མུཿ ཀླུ་རྣམས་དགྱེས་བཞིན་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ནས་གཏོར་མ་དང་འོ་མའི་ཕུད་སོགས་ཆུ་མིག་གམ་ཆུ་ཀླུང་དུ་དོར་བར་བྱ་ཞིང་། སེང་གེའི་སྒྲའི་གཟུངས་སྒྲོགས་པ་དང་། ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །ཞེས་པ་ནས། གཏན་དུ་བདེ་བ་ཐོབ་པར་ཤོག །ཅེས་སོགས་ཀླུ་རྣམས་དང་རང་གཞན་ལ་ཕན་པའི་དོན་དུ་བསྔོ་སྨོན་གྱིས་རྒྱས་གདབ་


GTD007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །ཞེས་ཀླུ་བསང་གཏོང་ཚུལ་མདོར་བསྡུས་འདི་ནི་དད་བརྩོན་ལྡན་པ་དཀོན་མཆོག་སྙན་གྲགས་ཀྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ།། །།


previousབཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒོ་ནས་ཡུལ་ཁྲུས་བྱ་ཚུལ།next