Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་མཆོག་སེང་གེའི་སྒྲའི་མངོན་རྟོགས་བུམ་སྒྲུབ་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་མཆོག་སེང་གེའི་སྒྲའི་མངོན་རྟོགས་བུམ་སྒྲུབ་དང་བཅས་པ།next

འཕགས་མཆོག་སེང་གེའི་སྒྲའི་མངོན་རྟོགས་བུམ་སྒྲུབ་དང་བཅས་པ།


GTD007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་སེང་གེའི་སྒྲའི་མངོན་རྟོགས་བུམ་སྒྲུབ་དང་བཅས་པ་བཞུགས་སོ།།


GTD007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་དབང་སེང་གེའི་སྒྲས། །ལག་ལྡན་གདུག་པའི་གདེངས་ཅན་ཚོགས། །བཅོམ་ནས་ལུས་ཅན་ཕན་བདེ་ཡི། །གངས་ཀྱི་རི་བོ་སྐྱོང་བར་མཛོད། །འཕགས་མཆོག་སེང་གེའི་སྒྲའི་སྒོ་ནས་བུམ་སྒྲུབ་བྱ་བར་འདོད་པས་རྟེན་དང་མཆོད་གཏོར་བཤམས། སྐྱབས་སེམས་སྔོན་དུ་བཏང་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ལ་གནས་པའི་སེང་གེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿ ཡིག་དཀར་པོ། དེ་ལས་འོད་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སེང་གེའི་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པའི་སོར་མོ་ལྔ་ཕྲལ་ཏེ་པུས་མོ་གཡས་པ་དཀྲོང་ངེ་བའི་སྟེང་ནས་ཁ་སྦུབ་པའི་ཕྱག་གི་ནང་དུ་གཟིགས་ཤིང་། ཕྱག་གཡོན་པ་གདན་ལ་བརྟེན་པའི་མཐེབ་མཛུབ་ཀྱི་ཞགས་མིག་ནས་པདྨའི་ལྕུག་མ་སྐྱེས་ཏེ་གཉིས་སུ་གྱེས་པའི་རིང་བའི་ངོས་ཀྱི་པངྨའི་སྟེང་དུ་རལ་གྲི་དང་། ཉེ་བའི་ངོས་ཀྱི་པདྨའི་སྟེང་ལ་མེ་ཏོག་དྲི་ཞིམ་པོས་བཀང་བའི་ཐོད་པ་དཀར་པོས་མཚན་པ་བསྣམས་པ། གཡས་ལོགས་སུ་ཟླ་གདན་ལ་བཙུགས་པའི་ཏྲི་ཤུ་ལ་སྦྲུལ་དཀར་པོ་ཁ་ནས་ཁྲག་འཛགས་པས་དཀྲིས་པ། རལ་བའི་ཅོད་པན་དང་རས་སྐུད་དམར་པོའི་ཚངས་སྐུད་དང་། པུས་མོ་གཡོན་པ་ཟླ་བ་ལ་ཅུང་ཟད་མ་འབྱར་བའི་བར་ནས་བཟུང། གཡས་པ་དཀྲོང་ངེ་བའི་


GTD007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་སུ་དར་དམར་པོའི་སྐུད་པས་པུས་དཀྲིས་བྱས་པའི་སྣེ་གཉིས་གཡས་ངོས་ནས་འཕྱང་བ། སྐུ་ཤ་སྐེམ་པ། གཞོན་ནུ་དཀའ་ཐུབ་བའི་ཆ་ལུགས་ཅན། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། ཐུགས་ཀར་ཟླ་གདན་ལ་ཧྲཱིཿ ཡིག་གིས་མཚན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ། ཨ་མྲྀ་ཏས་བསང་ཞིང་བྱ་རྒྱུད་ལྟར་བྱིན་གྱིས་བརླབས། ཨོཾ་སིདྷ་ནཱ་ད་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཞེས་སོགས་ཀྱིས་མཆོད། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཐུགས་ཀར་ས་བོན་གྱི་མཐར་སྔགས་ཕྲེང་གིས་མཚན་པར་བསམ་ནས། ཨོཾ་ཨཱཿ ཧྲཱིཿ སིདྷ་ནཱ་ད་ཧཱུཾ་ཕཊ། ཅེས་ཅི་འགྲུབ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང། མཆོད་བསྟོད་སྔར་བཞིན་བྱ། བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ༈ བུམ་པ་ཆུ་གཙང་གིས་སུམ་གཉིས་བཀང་བར་བྱ་རྒྱུད་ཀྱི་བུམ་རྫས་བཏབ་ལ་སྟེགས་ལ་བཀོད་དེ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་


GTD007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་པདྨ་ལ་གནས་པའི་སེང་གེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿ ཡིག་དཀར་པོ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་སེང་གེའི་སྒྲ་སྐུ་མདོག་དཀར་པོ། ཞེས་པ་ནས། མཆོད་པ་བྱིན་རླབས་ཀྱི་བར་གོང་བཞིན་ལ། རྒྱལ་བ་རྒྱ་མཚོ་མ་དང་གོང་གི་མཆོད་སྔགས་སྦྲེལ་ནས་མཆོད་པ་འབུལ། སངས་རྒྱས་ཀུན་གྱིས་༝ཕྱག་འཚལ་ལོ། །སྔོན་དུས་འཇམ་དཔལ་མཆེད་གྱུར་ཚེ། །ཐུགས་བསྐྱེད་སྨོན་ལམ་མཛད་པ་བཞིན། །ནག་ཕྱོགས་ཀླུ་རྣམས་འདུལ་མཛད་པ། །སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། །གདུག་པའི་ཀླུ་དང་ས་བདག་གི །ཉེར་འཚེ་ནད་རིམས་སད་སེར་སོགས། །མི་འདོད་རྒུད་པ་ཀུན་ཞི་ཞིང་། །ཆོས་འབྱོར་བདེ་སྐྱིད་འཕེལ་བར་མཛོད། །ཅེས་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཀླུ་དཀར་ཕྱོགས་པ་རྣམས་ཀྱི་གཟི་བྱིན་ལང་ཚོ་རྒྱས་ཤིང་ནག་པོའི་ཕྱོགས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་བྱས། དེའི་མཐུས་བདག་ཅག་དཔོན་སློབ་བམ། སྦྱིན་པའི་བདག་པོ་རྣམས་ཀྱི་ཕྱི་ནང་གི་ཉེར་འཚེ་ཀླུ་དང་ས་བདག་གི་ནད་རིམས་ལ་སོགས་པ་ཐམས་ཅད་སངས་ཀྱིས་དག །རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མཐའ་དག་བསྡུས་ཏེ་ཐིམ་པ་ལས་བདུད་རྩིའི་


GTD007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམ་ལ་སྔགས་བཟླ་ཞིང་ཡིག་བརྒྱས་ལྷག་ཆད་བསྐང་། གཏོར་མ་བྱིན་གྱིས་བརླབས་ཏེ་མཚན་སྔགས་ལ་བ་ལིང་ཏ་བཏགས་པས་དབུལ། མཆོད་བསྟོད་མདོར་བསྡུས་བྱས་ཏེ། བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར། བཀྲུ་བྱབས་བྱེད་ན་སྔགས་དང་ལྷའི་མཚན་བརྗེ་བ་མ་གཏོགས་རྣམ་འཇོམས་བཞིན་བྱས་པས་འཐུས། མཇུག་ཏུ་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་བརྒྱན་པར་བྱའོ།། ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དགེ་སློང་དཀོན་མཆོག་སྦྱིན་པས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousའཕགས་མཆོག་སེང་གེའི་སྒྲའི་མངོན་རྟོགས་བུམ་སྒྲུབ་དང་བཅས་པ།next