Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་སོགས།next

ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་སོགས།


GTD007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བྱིན་རླབས་དགའ་སྟོན་ཞེས་བྱ་བ་དང་། འཇམ་དཔལ་ནཱ་ག་རཀྴའི་བཀྲུ་བྱབས་སྲུང་བ་བཅས་བཞུགས་སོ།།


GTD007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྔའི་དུག་ལྔ་དག་པའི་ཁ་དོག་ལྔ། །རླུང་ལྔ་རིགས་ལྔར་འཆར་བའི་ཡི་གེ་ལྔ། །འགྲོ་ལྔ་སྐུ་ལྔར་བསྒྱུར་བའི་ཡེ་ཤེས་ལྔ། །ལྔ་ཕྲག་ལྔ་ལྡན་ལྔ་བདོའི་མགོན་དེར་འདུད། །ཐབས་ཤེས་གཤོག་ཡངས་རྡོ་རྗེའི་ཟློས་གར་གྱིས། །གདོན་གསུམ་མཐར་བྱེད་དཔའ་བོ་ག་རུ་ཊ། །བསྙེན་ཅིང་སྒྲུབ་དང་ལས་སྦྱོར་མདོར་བསྡུས་བཅས། །དམ་པའི་མན་ངག་ཇི་བཞིན་འདིར་འགོད་བྱ། །དེ་ཡང་དུས་ཀྱི་འཁོར་ལོའི་རྒྱུད་ལས། མཁའ་ལྡིང་རྐང་པ་ནས་ནི་སྐེད་མཐར་སེར་པོ་ཡིན་ཏེ་དེ་བཞིན་ལྟེ་བའི་མཚམས་སུ་གངས་དང་མཚུངས། མགྲིན་པའི་བར་དུ་དམར་པོའི་མདོག་དང་འཁྲི་ཤིང་ལྟ་བུའི་སྨིན་མའི་བར་ཉིད་སྤྲིན་ནག་དང་མཚུངས་སོ། །དེ་ནི་ངེས་པར་སྣ་ཚོགས་མདོག་སྟེ་གདེངས་ཀའི་རིགས་དང་ལྡན་པ་དེ་ཉིད་ལྔ་ཡིས་རྒྱས་བཏབ་པ། ཕྱག་རྒྱ་དེ་ཉིད་བསྒོམས་པས་གདེངས་ཀའི་དུག་དང་འབྱུང་པོའི་ནད་ལ་སོགས་པ་ངེས་པར་འཇོམས་པར་བྱེད། ཅེས་སོགས་ཀྱིས་ལྷའི་རྣལ་འབྱོར་བསྒོམ་བཟླས་ཕན་ཡོན་དང་བཅས་པ་གསལ་བར་བསྟན་པའི་ཡེ་ཤེས་ཁྱུང་ཁྲ་སྒྲུབ་པར་འདོད་པའི་གང་ཟག་གིས་སྐྱབས་སེམས་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉི་ཟླ་སྒྲ་གཅན་དང་བཅས་པའི་སྟེང་དུ་ཀླུ་རྒྱལ་སོག་མ་མེད་པ་གན་རྒྱལ་དུ་བསྒྱེལ་བའི་གདན་ལ་རང་སེམས་ཡི་གེ་ཁྲོཾ་ལྗང་གུ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་བརྟན་གཡོའི་དུག་གི་གནོད་པ་སྦྱངས་ཏེ་དུས་ཀྱི་འཁོར་


GTD007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་མགྲིན་པ་ནས་པུས་མོའི་བར་མིའི་རྣམ་པ་ལ་རྐང་པ་བྱའི་སྡེར་མོ་ཅན། ཞབས་གཉིས་ཙོག་པུའི་འདུག་སྟངས་ཀྱིས་བཞུགས་པ། བརླ་མན་ཆད་སའི་རང་བཞིན་སེར་པོ་གསེར་བཙོ་མ་ལྟ་བུ། ལྟོ་བ་ཆུའི་རང་བཞིན་གངས་རི་ལྟར་དཀར་བ། སྟོད་མེའི་རང་བཞིན་དམར་པོ། མགོ་བོ་རླུང་གི་རང་བཞིན་སོལ་མདོག་ལྟར་ཤིན་ཏུ་གནག་པ། གཤོག་པ་དང་སྤྱི་བོ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་པ། རྭ་གཉིས་ཀྱི་དབུས་ན་ཀླུའི་རྒྱལ་པོ་ལས་ཕྲོགས་པའི་ཡིད་བཞིན་གྱི་ནོར་བུས་བརྒྱན་པ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཀླུ་དཀར་ཕྱོགས་ལ་དགའ་བ་རྣམས་རྗེས་སུ་འཛིན་ཅིང། གཡོན་ཁྲོ་བོའི་སྡིགས་མཛུབ་ཀྱིས་ནག་ཕྱོགས་ལ་དགའ་བ་རྣམས་ཚར་གཅོད་པ། གནམ་ལྕགས་ཀྱི་མཆུ་སྡེར་ཤིན་ཏུ་རྣོ་ཞིང་མི་བཟད་པའི་ངར་དང་ལྡན་པ། ཕྲག་གོང་གཡས་གཡོན་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འཆར་བ། སྐུ་ལས་སྤྲུལ་བའི་ཁྱུང་དུ་མ་ཕྱོགས་བཅུར་སྤྲོས་པས་ས་བདག་ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་སྔངས་པར་བྱེད་པ། སྤྲིན་སྣ་ཚོགས་ཀྱི་ཕུང་པོ་ལ་རྒྱབ་བརྟེན་པ། དེའི་མགྲིན་པར་པདྨ་འདབ་མ་བཞི་པའི་དབུས་སུ་སངས་རྒྱས་རིགས་ཀྱི་ཁྱུང་དཀར་པོ་གཡས་འཁོར་ལོ། ཤར་དུ་རྡོ་རྗེའི་རིགས་ཀྱི་ཁྱུང་སྔོན་པོ་གཡས་


GTD007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། ལྷོར་རིན་པོ་ཆེའི་རིགས་ཀྱི་ཁྱུང་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་པདྨའི་རིགས་ཀྱི་ཁྱུང་དམར་པོ་གཡས་པདྨ། བྱང་དུ་ལས་ཀྱི་རིགས་ཀྱི་ཁྱུང་ལྗང་གུ་གཡས་རལ་གྲི་འཛིན་ཅིང། གཡོན་ཐམས་ཅད་རང་རང་གི་སྐུ་མདོག་དང་མཚུངས་པའི་གདུག་པའི་སྦྲུལ་དུ་མ་བཟུང་ནས་ཁྱུར་མིད་བྱེད་པ། ཐུགས་ཀར་པདྨ་འདབ་མ་བཞི་པའི་དབུས་སུ་ཨོཾ་དཀར་པོ། ཤར་དུ་བ་སྔོན་པོ། ལྷོར་ཀྵིཾ་སེར་པོ། ནུབ་ཏུ་སྭཱ་དམར་པོ། བྱང་དུ་ཧཱ་ལྗང་གུ། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ། ཨོཾ་བཛྲ་ག་རུ་ཊ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད། བསྟོད་པ་ནི། དཔལ་ལྡན་དང་པོའི་སངས་རྒྱས་སྒྱུ་འཕྲུལ་གར། །བརྟན་གཡོའི་བི་ཥ་མ་ལུས་འཇོམས་མཛད་ཅིང་། །སྒྲུབ་པ་པོ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །རྡོ་རྗེ་མཁའ་ལྡིང་དབང་པོར་ཕྱག་འཚལ་ལོ། །ཞེས་པའམ། ཡང་ན། འབྱུང་བ་ལྔ་ཡི་ཁ་དོག་སྣ་ཚོགས་འབར། །ཉོན་མོངས་དུག་ལྔ་འཇོམས་པའི་སྒྲ་ཆེན་སྒྲོགས། །ཡེ་ཤེས་ལྔ་ལྡན་མཁའ་ལྡིང་དབང་པོ་ལ། །


GTD007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལྔ་ཡིས་བཏུད་དེ་ཕྱག་འཚལ་ལོ། །ཡེ་ཤེས་ཁྱུང་ལྔའི་མཆུ་སྡེར་འཇིགས་རུང་དང་། །ཡི་གེ་ལྔ་ཡི་འོད་ཟེར་སྤྲོ་བསྡུ་ཡིས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་ཡི་དུག་རྣམས་ཞི་བར་མཛོད། །ཅེས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། མགྲིན་པའི་ཁྱུང་ལྔ་ལས་རང་འདྲ་ཁ་བ་བུ་ཡུག་འཚུབ་པ་ལྟ་བུ་དཔག་ཏུ་མེད་པ་དང། སྙིང་གའི་ཡི་གེ་ལྔ་ལས་འོད་ཟེར་སྣ་ལྔའི་ཚོགས་དཔག་ཏུ་མེད་པ་འཕྲོས། རྒྱུ་བ་དང་མི་རྒྱུ་བའི་དུག་ཐམས་ཅད་དང་། ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་བཅོམ། རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ཏེ་ཐིམ་པར་བསམས་ལ། ཨོཾ་པ་ཀྵིཾ་སྭཱཧཱ། ཞེས་དཔའ་བོ་འབྲུ་ལྔའི་བསྙེན་པ་བྱ། ཡིག་བརྒྱས་ལྷག་ཆད་བསྐང། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་བསམ། མཆོད་པས་མཆོད། ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ག་རུ་ཊ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་ཕུལ། གོང་བཞིན་མཆོད་བསྟོད་བྱ། སྐབས་འདིར་གཞི་བདག་ལ་གཏོར་མ་བསྔོ་བར་འདོད་ན། ཨ་ཀཱ་རོས་བསྔོ། རྒྱུན་དུ་ངག་འདོན་བྱས་ཚེ་གཏོར་མ་འབུལ་བ་སོགས་མ་བྱས་ནའང་ཆོག་མོད་ཀྱི། འདི་ནི་བསྙེན་པའི་དབང་དུ་བྱས་སོ། །འདིའི་སྒོ་ནས་


GTD007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་སོགས་བྱེད་ན། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་རིན་པོ་ཆེའི་བུམ་པ། ཞེས་པ་ནས། དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་པད་ཉི་ཟླ་བ་སྒྲ་གཅན་དང་བཅས་པའི་སྟེང་དུ་ཀླུ་རྒྱལ་སོག་མ་མེད་པ་གན་རྒྱལ་དུ་བསྒྱེལ་བའི་གདན་ལ་ཡི་གེ་ཁྲོཾ་ལྗང་གུ། ཞེས་པ་ནས། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཅེས་པའི་བར་རང་སྒྲ་དོར་བ་མ་གཏོགས་གོང་བཞིན་བྱ། བུམ་པའི་མཆོད་པ་བྱིན་གྱིས་བརླབས་ཤིང་འབུལ་ཏེ་བསྟོད་པས་བསྟོད། བུམ་པའི་ལྷའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། བདག་ཅག་དཔོན་སློབ་ཡོན་མཆོད་དང་བཅས་པ་ལ་གནོད་པའི་བརྟན་གཡོའི་དུག་གི་འཚེ་བ་ཐམས་ཅད་དང། དཀར་ཕྱོགས་ལ་དགའ་བའི་ཀླུ་རྣམས་ཀྱི་གདུང་བ་མཐའ་དག་སྦྱངས། ནག་པོའི་ཕྱོགས་སུ་གྱུར་པའི་ཀླུ་རིགས་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མ་ལུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། སྐུའི་ཆ་དང་ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་བཟླས་པ་བྱ། ཡིག་བརྒྱ་བཟླས་ཏེ་མཆོད་བསྟོད་མདོར་བསྡུས་བྱས་ལ། བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར། གཞན་ལ་ཁྲུས་བྱེད་ན། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །སྔགས་ལན་བདུན་བཟླས་ལ། བཅོམ་ལྡན་འདས་ཡེ་ཤེས་ཁྱུང་ཁྲའི་ལྷ་ཚོགས་འཁོར་དང་བཅས་པའི་ཐུགས་རྗེའི་བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རྡོ་རྗེ་


GTD007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། རིམས་ཐམས་ཅད་ཤཱནྟིཾ་༝། གདོན་ཐམས་ཅད་༝། བགེགས་ཐམས་ཅད་༝། གྲིབ་ཐམས་ཅད་༝། བྱད་ཐམས་ཅད་༝། བྱུར་ཐམས་ཅད་༝། སྐལ་བ་ངན་པ་ཐམས་ཅད་༝། ལྟས་ངན་པ་ཐམས་ཅད་༝། རྨི་ལམ་ངན་པ་ཐམས་ཅད་༝། མཚན་མ་ངན་པ་ཐམས་ཅད་༝། བཀྲ་མི་ཤིས་པ་ཐམས་ཅད་༝། བརྟན་པ་དང་གཡོ་བའི་དུག་ཐམས་ཅད་༝། གདུག་པའི་ས་བདག་གི་གནོད་པ་ཐམས་ཅད་༝། མ་རུང་བའི་ཀླུ་གཉན་གྱི་འཚེ་བ་ཐམས་ཅད་༝། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་༝། མདོར་ན་ལུས་ངག་ཡིད་གསུམ་ལ་གནོད་པའི་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་ཁྲུས་བྱེད། ཡང་སྔགས་བཟླས་ལ་ཤཱནྟིཾ་ཀུ་རུའི་ཚབ་ཏུ། ཨ་པ་ན་ཡ་སྭཱཧཱ། ཞེས་པ་བཏགས་ལ་ཀུ་ཤས་བྱབས། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་ཡེ་ཤེས་ཁྱུང་ཁྲའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང། བདེན་པའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཐམས་ཅད་ཁྲུས་ཆུ་འདིས་ཚིམ་པར་གྱིས་ལ། གནོད་པ་དང་གདུག་པའི་སེམས་ཞི་ཞིང་། ཕན་པ་དང་ཞི་བའི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོངས་ཤིག །སུམྦྷ་ནིའི་སྔགས་བརྗོད་ཅིང་ཁྲུས་ཆུ་རྒྱང་དུ་དོར། སངས་རྒྱས་རྣམས་ནི་


GTD007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལས་རྒྱལ། །ཞེས་པ་ནས། སིདྡྷི་སིདྡྷི། གོང་གི་ཤཱནྟིཾ་ཀུ་རུའི་ཚབ་ཏུ། རཀྵ་རཀྵ་བཅུག་པས་སྲུང་བ་བྱ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང། །རྡོ་རྗེ་མཁའ་ལྡིང་དབང་པོའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ཀུན་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད། ༈ ཡང་གག་ལྷོག་རྨ་དང་སྐྲང་བ་སོགས་ལ་སྔགས་ཆུ་གདབ་དགོས་པ་བྱུང་ན། ཐོག་མར་བུམ་པ་ལེགས་པར་བསྒྲུབས་ཏེ། རང་ཁྱུང་དུ་གསལ་བའི་སྡེར་མོས་བྲུས། ལྕགས་ཀྱི་མཆུས་ཏོག་ཏོག་བླངས་ནས་ཟོས་པར་བསྒོམས་ལ། སྔགས་བཏབ་པས་སྐྲང་བ་སོགས་མར་ལ་ཆུ་སྐོལ་བཏབ་པ་བཞིན་བསམས་ལ། ནད་དམིགས་གང་ཡོད་སར་མཆིལ་མ་གདབ་ཅིང། སྔགས་ཆུ་འཐུང་དུ་གཞུག །༈ ཡང་ཐོག་མར་བསྙེན་པ་འབུམ་ཕྲག་ལྔ་ལ་སོགས་པ་སྔོན་དུ་བཏང་སྟེ། ལས་སྦྱོར་གྱི་ཚེ་རང་གི་ལག་པའི་མཐིལ་དུ་བོང་ང་བཞག་ལ། ལག་པ་གཡས་ཀྱི་མཐེ་བོང་ལ་ཨོཾ། མཛུབ་མོ་ལ་པ། གུང་མོལ་ཀྵིཾ། སྲིན་མཛུབ་ལ་སྭཱ། མཐེའུ་ཆུང་ལ་ཧཱ། དེ་རྣམས་ཁ་དོག་དཀར་པོ་ལས་བདུད་རྩི་དཀར་པོ་བྱུང་ནས་བོང་ང་ལ་ཐིམ་པས། བོང་ང་བདུད་རྩིར་གྱུར་པར་བསམ་ཤིང་། སྔགས་སྟོང་ལ་སོགས་པ་བཟླས་ཏེ། ཐོག་མར་ནས་ཙམ་ནས་རིམ་གྱིས་ཇེ་ཆེར་བཏང་སྟེ་རྟག་ཏུ་ཟོས་པས་བཅུད་ལེན་དུ་འགྱུར་ཞིང་། གཞན་ལ་བྱིན་ནའང་གྲང་བ་དང་། སྙིང་རླུང་དང་། ཚད་པ་ལ་སོགས་པའི་ནད་ཞི་བར་འགྱུར་རོ། །གཞན་ཡང་ལྷོག་པ། སྦྲུལ། སྡིག་པ། སྲེ་མོང་ཁྱི་སྨྱོན་ལ་སོགས་པ་དུག་ཅན་རྣམས་ཀྱིས་སོ་


GTD007_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་རྣམས་ཀྱང་དུག་གི་རིགས་ཡིན་ཏེ། དེ་རྣམས་ལ་ཡི་གེ་བཀོད་པའི་ལག་པས་བྱབས་པ་དང། སྔགས་བཟླས་པའི་མཆིལ་མ་གདབ་པ་དང་། སྔགས་ཆུ་བླུད་ན་དེ་དག་གི་དུག་ནད་ཐམས་ཅད་ཞི་བར་འགྱུར་རོ། ༈ །ཡང་བོང་ང་ཆ་གཅིག །གུ་གུལ་ཆ་གཉིས། ཨ་རུ་གསེར་མདོག་ཆ་གསུམ་རྣམས་སྦྱར་བས་རིལ་བུ་ཡུངས་འབྲུ་ཙམ་བྱས་ཏེ། གསུམ། བདུན། བཅུ་གཅིག་རྣམས་བཏང་ན་གཉན་ཚད་ཀྱི་ནད་ལས་གྲོལ་བར་འགྱུར་རོ། ༈ །ཡང་རང་གི་ལག་པའི་སོར་མོ་ལྔ་ལ་ཁྱུང་ལྔ་དང་ཡི་གེ་ལྔ་བསམས་ཏེ། རང་ངམ་གཞན་གྱི་ན་བའི་སར་བྱབས་ནས་ཁྱུང་རྣམས་ཀྱིས་འདྲེ་གདོན་ཐམས་ཅད་ཟོས། སྔགས་ཀྱི་ནུས་པས་ནད་ལ་སོགས་པ་བསྲེགས། ཡིག་འབྲུ་རྣམས་ལས་བདུད་རྩིའི་རྒྱུན་བབས་པས་ནད་པའི་ལུས་བཀྲུས་པར་བསམ་ལ་སྔགས་བཟླས་ཏེ་སྔགས་ཆུ་ཁོང་དུ་བཏང་བར་བྱའོ། ༈ །ཡང་རང་ཉིད་ཁྱུང་དུ་གསལ་བའི་སོར་མོ་ལྔ་ཁྱུང་ལྔར་བསམས་ལ། ཟས་གང་ཡིན་དེར་རེག་པས་བདུད་རྩིར་གྱུར་པར་མོས་ན་ཟས་དུག་སོགས་སུ་མི་འགྱུར་བས་ཕན་ཡོན་ཤིན་ཏུ་ཆེ། ༈ ཡང་སྨན་ཆེན༡། ཨ་རུ༣་ར། ཤུ་དག་ནག༢་པོ། རུ་རྟ། གླ་རྩི་རྣམས་དྲི་ཐོན་ཙམ་ཞིབ་པར་བཏགས། དགེ་སློང་ངམ། བྱིས་པ་ལོ་བརྒྱད་པའམ། ཡང་ན་གུ་གུལ་གྱི་ཆུས་སྦྱར། འདམ་འཐག་ཡུན་རིང་དུ་བྱས་པའི་རིལ་བུ་གང་འགྲུབ་བྱས་ཏེ་ཐོད་པ་ལ་སོགས་པའི་སྣོད་དུ་བཅུག་ན་བཟའ་གསོལ་ཏེ་རང་གི་མདུན་དུ་


GTD007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། རང་དང་སྨན་རྣམས་ཀྵིཾ་ལས་ཁྱུང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་བསྟིམ། པཱུ་ཛས་མཆོད། བསྟོད་པས་བསྟོད། སྔགས་བཟླས་པའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དང་། བརྟན་གཡོའི་བཅུད་ཐམས་ཅད་བསྡུས་ནས་ཡེ་ཤེས་པ་ལ་ཐིམ་པར་བསམ་མོ། །བཟླས་པའི་མཐར་ཁྱུང་འོད་དུ་ཞུ་ནས་རིལ་བུ་ལ་ཐིམ་པས། རིལ་བུ་རྣམས་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར་པར་བསམས། དེ་ལྟ་བུ་ཞག་བདུན་ལ་སོགས་པར་བསྒྲུབས་ནས། རིལ་བུ་སེར་བུས་མ་ཁྱེར་བ་བྱས་ཏེ། ནད་གདོན་སོགས་གང་ལའང་ཕྱོགས་མེད་དུ་བཏང་བས་སྤྱི་འཇོམས་ཀྱི་གཉེན་པོ་མཆོག་ཏུ་འགྱུར་རོ། །རིལ་བུའི་སྦྱོར་སྡེབ་རྒྱས་པར་བྱེད་ན་རྒྱལ་པོ་ཁྱུང་ལྔ། བློན་པོ་གྲོས་བྱེད་ལྔ། འཁོར་གོ་ཆ་ལྔ། འབངས་མཚོན་ཐོགས་ལྔ་རྣམས་མན་ངག་བཞིན་སྦྱར་ཏེ། ན་ཚོད་དང་བསྟུན་པའི་གཏོང་ཚུལ་སོགས་གཞན་དུ་ཤེས་པར་བྱའོ། ༈ །སྲུང་སྐུད་སོགས་འདོགས་ན། སྲུང་སྐུད་ཁ་དོག་སྣ་ལྔ་པ་ལ་མདུད་པ་ལྔ་བྱས། ནང་དུ་ཁྱུང་རིགས་ལྔ་གསལ་བཏབ་སྟེ། སྔགས་བཟླས་ནས་བྱིན་པས་ཕན་ནོ། ༈ །ཡང་སེར་བ་བཟློག་ན། བདག་བསྐྱེད་བཟླས་པ་དང་བཅས་པ་གནད་དུ་འགྲོ་ངེས་བྱས་ཏེ། རང་གི་སྙིང་ག་ནས་ཁྱུང་གི་ཚོགས་ནམ་མཁའ་གང་བ་སྤྲོས། སེར་བ་གཞན་དུ་བདས་ཤིང། ཁྱུང་རྣམས་ལས་མེ་འབར་བས་སེར་བ་ལྷག་མེད་དུ་ཆུར་ཞུ་བར་བསམས་ནས་ཕུས་བཏབ་པས་ཕན་ནོ། ༈ །འདི་དག་ནི་ཉེ་བར་མཁོ་བའི་མན་ངག་ལག་


GTD007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བླངས་བདེ་བ་ཐོར་བུ་ཙམ་བཀོད་པ་ཡིན་གྱི། ལས་སྦྱོར་རྒྱས་པ་བྱ་ཁྱི་གནམ་གསུམ་གྱི་བཅོས་པ་ཞེས། བྱ་མིག་ཏུ་གྲགས་པ་སོགས་བྱིས་པའི་གདོན་བཅོས་པ་དང་། ཁྱི་དུག་གིས་མཚོན་པའི་དུག་ནད་གསོ་བ། སྟེང་གདོན་སྲུང་བ་གསུམ་གྱི་ལག་ལེན་རྒྱ་ཆེ་བ་རྣམས་ནི་སྔགས་འཆང་གཟུངས་ཀྱི་དཔལ་བས་བསྒྲིགས་པ་དང་། དེའི་གསལ་བྱེད་ཕ་ལའི་མིང་ཅན་གྱིས་སྦྱར་བ། ཤར་འབུན་ཅུ་པ་དཔལ་ལྡན་གྲགས་པས་བཀོད་པ་སོགས་ལས་ཤེས་པར་བྱའོ། །སྐུ་མདོག་ཀྱང་སྔོན་གྱི་ཡིག་རྙིང་འགའ་ཞིག་ཏུ། སུམ་མདོ་དམར་པོ། ལྟོ་བ་དཀར་པོ། སྙིང་ག་སེར་པོར་བཤད་པ་དང་། ཡང་ཁ་ཅིག་པུས་མོ་མན་ཆད་སེར་པོ། བརླ་གཉིས་དཀར་པོ། ལྟེ་བ་དམར་པོར་བཤད་ལ། ལ་ལས་མགྲིན་པ་རླུང་གི་རང་བཞིན་ལྗང་གུ །སྤྱི་བོ་ནམ་མཁའི་རང་བཞིན་སྔོན་པོར་བཤད་པ་སོགས་མི་འདྲ་བ་མང་དུ་སྣང་ན་ཡང་། ཀུན་མཁྱེན་བླ་མའི་གསུང་ཉིད་རྒྱུད་དང་མཐུན་པར་སྣང་བས། དེ་ཉིད་གཞིར་བཞག་ཅིང། ལས་ཚོགས་རྣམས་ནི་ཡིག་རྙིང་དུ་མ་ལས་བཏུས་པ་ཡིན་ནོ།། སྨྲས་པ། དཀར་པོའི་ཀླུ་རྣམས་སྐྱོབ་བྱེད་བསིལ་བའི་གདུགས། །ནག་ཕྱོགས་གདེངས་ཅན་གཞོམ་པ་རྡོ་རྗེའི་ཐོག །ཡེ་ཤེས་ལྔ་ལྡན་མཁའ་ལྡིང་དབང་པོ་ཡི། །བསྙེན་སྒྲུབ་མདོར་བསྡུས་བརྗོད་པའི་དགེ་བ་འདིས། །ནམ་མཁའི་མཐས་གཏུགས་འགྲོ་བ་མ་ལུས་པ། །བརྟན་གཡོའི་དུག་གི་གནོད་པ་ལས་གྲོལ་ཏེ། །བདེ་ཆེན་ཡེ་ཤེས་ལྔ་ཡི་
བདག་ཉིད་ཅན། །དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བྱིན་རླབས་དགའ་སྟོན་ཞེས་བྱ་བ་འདི་ནི། ཨ་བ་ག་ཧོ་ཤུའུ་ནས་དད་བརྩོན་ལྡན་པ་དཀའ་བཅུ་དཀོན་མཆོག་བསམ་གཏན་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའ་འོ།།


previousཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་སོགས།next