Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ནཱ་ག་རཀྴའི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ནཱ་ག་རཀྴའི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ།next

འཇམ་དཔལ་ནཱ་ག་རཀྴའི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ།


GTD007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ནཱ་ག་རཀྴའི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ་བཞུགས་སོ།། འཇམ་དཔལ་རྒྱལ་བའི་ཡེ་ཤེས་ཆུ་གཏེར་ལས། །སྙིང་རྗེའི་ན་བུན་འཁྲིགས་པ་ཀླུའི་སྲིན་པོ། །འཇིགས་པའི་སྤྲིན་ནག་ཨིག་ཤའི་སྒྲ་བརྒྱ་པ། །བྱིན་རླབས་གྲུ་ཆར་གཡོ་བ་དེ་ཡིས་སྐྱོངས། །དེ་ཡང་འཇམ་དཔལ་ནཱ་ག་རཀྴའི་སྒོ་ནས་བཀྲུ་བྱབས་བྱ་བར་འདོད་པའི་གང་ཟག་གིས་སྐྱབས་སེམས་སྔོན་དུ་བཏང། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྦྲུལ་མཐའ་ཡས་པའི་ཚོགས་ལས་གྲུབ་པའི་ཕོ་བྲང་ཆེན་པོ་རིན་པོ་ཆེ་སྣ་ཚོགས་གཅལ་དུ་བཀྲམ་པའི་དབུས་སུ་ས་བདག་ཀླུ་གཉན་ཐམས་ཅད་གན་རྒྱལ་དུ་བསྒྱེལ་བའི་གདན་ལ་ཕཻ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ནཱ་ག་རཀྴ་སྐུ་མདོག་ཧ་ལའི་དུག་ལྟར་གནག་པ་ཞལ་དགུ། ཕྱག་བཅུ་དྲུག་པ། རྩ་ཞལ་སྲིན་པོའི་གདོང་ཅན་ཤིན་ཏུ་ཁྲོས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། འཇིགས་སུ་རུང་བའི་སྦྲུལ་མགོ་དགུ་བར་སྣང་ཁམས་སུ་འཕྱོ་བ། སྦྲུལ་མགོ་དབུས་མའི་སྤྱི་བོར་རིན་པོ་ཆེའི་པྲོག་ཞུའི་ནང་དུ་རྒྱལ་བ་མི་བསྐྱོད་པ་བཞུགས་པ། ཕྱག་གཡས་བརྒྱད་ཀྱིས་གྲི་གུག །གཡོན་བརྒྱད་ཀྱིས་སྦྲུལ་ཞགས་འཛིན་པའི་དང་པོ་གཉིས་ཐུགས་ཀར་འཛིངས་སྟབས་སུ་


GTD007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་བ། སྐུ་སྟོད་སྲིན་པོའི་གཟུགས་ཅན། སྐུ་རྒྱབ་རི་རབ་ལ་བརྟེན་པ། སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་འཁྱིལ་བ། ཞལ་ཐམས་ཅད་ནས་ཨིག་ཤའི་སྒྲ་ཆེན་པོ་སྒྲོགས་པས་ས་བདག་ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་སྔངས་པར་བྱེད་པ། སྦྲུལ་ནག་པོ་སྟོང་གི་རལ་བ་བསིགས་པ་ལ་སྡོམ་དང་སྡིག་པའི་ཚ་ཚ་འཕྲོ་བ། ཀླུ་ཆེན་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ། ཀླུ་རིགས་ཐམས་ཅད་ཟས་སུ་ཟ་བ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་དེ་དང་ཕཻ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དང་དབང་ལྷ་འཁོར་བཅས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ནཱ་ག་རཀྴ་ས་པ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མིག་སྨན་ལྷུན་པོ་ལྟ་བུ་བརྗིད་པའི་སྐུ། །གདེངས་ཅན་མཐར་བྱེད་དྲག་སྔགས་བཞད་པའི་གསུང། །མཁྱེན་བརྩེའི་གཏིང་མཐའ་དཔག་པར་དཀའ་བའི་ཐུགས། །འཇམ་དཔལ་ཀླུ་ཡི་སྲིན་པོ་ལ་ཕྱག་འཚལ། །རང་གི་སྙིང་གར་ཕཻ་ཡིག་ནག་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དང་མེའི་ཚ་ཚ་དྲག་པོ་འཕྲོས་པས་གནོད་བྱེད་གདོན་བགེགས་ཐམས་ཅད་ཚར་བཅད་པར་གྱུར་པར་བསམས་ལ། ཨོཾ་ཕཻ་ལཾ་ཧཱུཾ། ཞེས་ཡིག་འབྲུ་བཞི་པ་ཅི་མང་བཟླ་ཞིང་། ནག་པོ་ཏི་པ་ཙ་ནཱ་ག་རཀྴ་ཨོཾ་ཕཻ་ལཾ་ཧཱུཾ། ཞེས་དྲག་སྔགས་ཀྱང་ཅུང་ཟད་བཟླ། མཐར་གོང་བཞིན་མཆོད་བསྟོད་བྱ། དེ་ནས་


GTD007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ། ཞེས་པ་ནས། དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་ས་བདག་ཀླུ་གཉན་ཐམས་ཅད་བསྒྱེལ་བའི་གདན་ལ་ཕཻ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ནཱ་ག་རཀྴ། ཞེས་པ་ནས། སྲིན་པོ་ལ་ཕྱག་འཚལ། །ཞེས་པའི་བར་བདག་བསྐྱེད་བཞིན་ལ། བུམ་པའི་ལྷའི་ཐུགས་ཀར་ཕཻ་ཡིག་ནག་པོའི་མཐར་སྔགས་ཕྲེང་གསལ་བཏབ་སྟེ་བཟླས་པ་བྱ་བ་སོགས་གོང་དང་འདྲ་ལ། མཐར་མཆོད་བསྟོད་བྱས་པའི་མཇུག་ཏུ། བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར་པར་བསམས། ཁྲུས་བྱ་བ་ལ་བསྒྲུབ་བྱ་མདུན་དུ་བཞག་སྟེ། ཇི་ལྟར་བལྟམས་པ་ནས་ཁྲུས་བགྱིའོ། །ཡིག་འབྲུ་བཞི་པ་ལན་བདུན་བཟླས་ལ། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་ཐུགས་རྗེའི་མཐུ་དང་བདེན་པ་ཆེན་པོའི་བྱིན་རླབས་ལ་བརྟེན་ནས་རྡོ་རྗེ་སློབ་མ་འདིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། དམེ་གྲིབ་ཡུག་གྲིབ་སོགས་གྲིབ་དང་མི་གཙང་བའི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། སྟེང་གདོན་གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་༝། བར་གདོན་བཙན་དང་རྒྱལ་པོའི་གནོད་པ་ཐམས་ཅད་༝། འོག་གདོན་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་༝། གག་ལྷོག་ཚད་རིམས་སོགས་ཀྱི་ནད་ཐམས་ཅད་༝། ཕ་རོལ་གྱི་བྱད་ཁ་ཕུར་ཁ་ཐམས་ཅད་༝། རྨི་ལམ་མཚན་ལྟས་ངན་པ་ཐམས་ཅད་༝།


GTD007_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་ཞགས་པ་ཐམས་ཅད་༝། གཤིན་རྗེའི་ཕོ་ཉ་ཐམས་ཅད་༝། བཀྲ་མི་ཤིས་པ་ཐམས་ཅད་༝། མདོར་ན་ལུས་ངག་ཡིད་གསུམ་ལ་གནོད་པའི་ཕྱི་ནང་གི་ཉེ་བར་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། དེ་ནས་བུམ་ཆུ་ཁར་འཛིན་དུ་བཅུག་སྟེ། སྔགས་ལན་བདུན་བརྗོད་ལ། ཤཱནྟིཾ་ཀུ་རུའི་ཚབ་ཏུ། ཨ་པ་ན་ཡེ་སྭཱཧཱ། ཞེས་པ་སྦྱར་ཏེ་རྨ་བྱའི་སྒྲོས་བྱབས། ཁ་ནང་གི་ཆུ་སྣོད་དུ་འདོར་བཅུག་ལ། སངས་རྒྱས་ཀྱི་བདེན་པ་དང། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་ཐུགས་རྗེ་བདེན་པའི་སྟོབས་ཀྱིས་རྡོ་རྗེ་སློབ་མ་འདི་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཐམས་ཅད་ཁྲུས་ཆུ་འདིས་ཚིམ་པར་གྱིས་ལ། གནོད་པ་དང་གདུག་པའི་སེམས་ཞི་ཞིང་། ཕན་པ་དང་ཞི་བའི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོངས་ཤིག །སུམ་བྷ་ནིའི་སྔགས་བརྗོད་ཅིང་། ཡུངས་ཀར་གྱིས་བྲབ་སྟེ་ཁྲུས་ཆུ་རྒྱང་རིང་དུ་དོར། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཞེས་པ་ནས། བདེན་པ་རྒྱལ་གྱུར་རྫུན་མ་གྱུར། །བདེན་པ་དང་བདེན་པ་ཆེན་པོའི་ཚིག་འདི་དག་གིས་རྡོ་རྗེ་སློབ་མ་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། ཕ་ལ་ཕ་ལ་ཧོ། གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་རེག་ལ། ཤཱནྟིཾ་ཀུ་རུའི་ཚབ་ཏུ། རཀྵ་རཀྵ་ཞེས་བརྗོད། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཁྲོ་རྒྱལ་ནཱ་ག་རཀྴའི་མཐུ་སྟོབས་ཀྱིས། །སློབ་མ་འདི་


GTD007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད་ཅིང་། ཆེ་བའི་ཆེ་མཆོག་མ་སོགས་དཀོན་མཆོག་གསུམ་གྱི་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།། ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་རྣམ་རྒྱལ་མཁས་མཆོག་གིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །། །པྲྀཙྪ།།


previousའཇམ་དཔལ་ནཱ་ག་རཀྴའི་སྒོ་ནས་བཀྲུ་བྱབས་སྲུང་གསུམ་བྱ་ཚུལ།next