Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འོད་ཟེར་ཅན་མའི་བསྙེན་སྒྲུབ་ཁ་སྐོང་ལས་ཚོགས་དང་བཅས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousབཅོམ་ལྡན་འདས་འོད་ཟེར་ཅན་མའི་བསྙེན་སྒྲུབ་ཁ་སྐོང་ལས་ཚོགས་དང་བཅས་པ།next

བཅོམ་ལྡན་འདས་འོད་ཟེར་ཅན་མའི་བསྙེན་སྒྲུབ་ཁ་སྐོང་ལས་ཚོགས་དང་བཅས་པ།


GTD007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་འོད་ཟེར་ཅན་མའི་བསྙེན་སྒྲུབ་ཁ་སྐོང་ལས་ཚོགས་དང་བཅས་པ་བཞུགས་སོ།།


GTD007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀུན་རྣམ་པར་སྣང་མཛད་འོད་བརྒྱ་པ། །མི་བཟད་རིམས་ནད་ཉེར་འཚེའི་མུན་འཕྲོག་ཅིང་། །ཆོམ་པོའི་སྲིན་བྱ་ལོང་བར་སྒྲུབ་བྱེད་པའ། །འོད་ཟེར་ཅན་མ་དད་པའི་དབྱིངས་སུ་རོལ། །དམིགས་མེད་ཐུགས་རྗེའི་རོལ་བ་དུས་ཀྱི་ཁམས། །འགོག་མེད་ཞི་ཁྲོ་རབ་འབྱམས་སྤྲུལ་བའི་གར། །སྲིད་པ་ཀུན་ཏུ་རྩེན་མཛད་ལྷག་པའི་ལྷ། །བྱིན་རླབས་མི་ཟད་གཏེར་འདི་བསྒྲུབ་པར་འོས། །དེ་ཕྱིར་བྱིན་རླབས་དབང་གི་བརྒྱུད་ལྡན་ཞིང་། །སྤྱི་དང་བྱེ་བྲག་གདམས་པའི་གནད་མཐོང་སྟེ། །ཉུང་ངུའི་ཚིག་གིས་ལྷ་མཆོག་སྒྲུབ་པའི་ཐབས། །ཚང་ལ་མ་ནོར་དགའ་སྟོན་དེང་འདིར་སྤྲོ།། དེའང་རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་སྒྱུ་མའི་རོལ་བ་ལྷའི་འཁོར་ལོ་སྣ་ཚོགས་སུ་ཤར་བ་ལས། འདིར་ནད་རིམས་གདོན་བགེགས་སོགས་ཀྱི་ཉེར་འཚེ་ཐམས་ཅད་དང་། ཁྱད་པར་དུ་དམག་ཇག་རྐུན་པོ་སོགས་ཀྱི་འཇིགས་པ་མཐའ་དག་སེལ་བ་ལ་བྱིན་རླབས་ཀྱི་ཚན་ཁ་བླ་ལྷག་ཏུ་ཆེ་བ་བཅོམ་ལྡན་འདས་མ་ལྷ་མོ་འོད་ཟེར་ཅན་མའི་བསྒོམ་བཟླས་ཉམས་སུ་ལེན་པར་བྱེད་པ་ལ། འདི་ཉིད་རྒྱུད་སྡེ་གང་གི་ཁོངས་སུ་གཏོགས་པ་ནི། སྤྱིར་རྡོ་རྗེ་དབྱངས་ཅན་མ་ལྟ་བུ་དགྲ་ནག་དང། ཁྱུང་ཁྲ་དུས་འཁོར་གྱི་རྒྱུད་ནས་ཕྱུང་ཡང་བྱ་རྒྱུད་དུ་གཏོགས་པ་སོགས་རྒྱུད་དེ་དང་དེའི་ནང་དུ་ཡོད་པ་ཙམ་གྱིས་དེར་གཏོགས་མི་གཏོགས་པས། འདིའང་རྒྱུད་གཞན་གྱི་ཁོངས་ནས་བསྟན་པ་རེ་གཉིས་ཙམ་འབྱུང་ཡང། འདིའི་རྩ་བའི་རྟོག་པ་སོགས་ནི་འགྲོ་མགོན་འཕགས་པས་རྒྱུད་སྡེའི་ངོས་འཛིན་གྱི་སྐབས་བྱ་རྒྱུད་ལ་ཚན་གསུམ་དུ་


GTD007_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་ནས་རིགས་ཀྱི་ལྷ་མོའི་གྲངས་སུ་གསུངས། རྒྱུད་སྡེ་སྤྱི་རྣམ་ལས་འདི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་དང་མི་རྒོད་རྣམ་པར་འཇོམས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕོ་ཉ་མོར་གསུངས་པ་དེར་ལྷའི་རྣམ་པ་དངོས་སུ་མ་བསྟན་ལ། ཇག་ཆིངས་བྱེད་ལུགས་སོགས་འདི་དང་ཆ་མཚུངས་པས་ཕྱོགས་གཅིག་ཏུ་སྡུད་དགོས་པ་འདྲ་ཞིང་། རྡོར་ཕྲེང་མི་ཏྲ་སོགས་སུའང་འདི་ཉིད་བྱ་བའི་རྒྱུད་དུ་མཛད་དོ། །ལྷ་མཆོག་འདི་ཉིད་ལ་ནང་གསེས་ཀྱི་སྐུའི་རྣམ་པ་དང་སྒྲུབ་ཚུལ་ཐ་དད་པ་མང་དུ་ཡོད་དེ། འོད་ཟེར་ཅན་གྱི་རྟོག་པ་བརྒྱ་ཕྲག་བདུན་པ་ལས། ཡང་ན་བཅོམ་ལྡན་འདས་མ་ནི་ལས་ཀྱི་རྗེས་སུ་འབྲང་བའི་མདོག་ཡིན་ཏེ། ཞེས་སོགས་ཞི་རྒྱས་དབང་དྲག །བསྐྲད་དགུག་དབྱེ་རེངས་སོགས་ལ་ལས་མཐུན་གྱི་ཁ་དོག་སྣ་ཚོགས་དང་། ཕྱག་གཉིས། བཞི། དྲུག །བརྒྱད། བཅུ། བཅུ་གཉིས་མ་སོགས་གོང་འོག་ཏུ་རིགས་སྣ་ཚོགས་པ་ཞིག་འབྱུང། དེ་དག་གི་རྗེས་སུ་འབྲང་སྟེ་སྒྲུབ་ཐབས་བརྒྱ་རྒྱམ་གཉིས་དང་། པ་ཚབ་བརྒྱ་རྩ་རྣམས་སུ་རྗེས་གནང་མི་འདྲ་བའང་དུ་མ་མཛད་དོ། །འོན་ཀྱང་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་མའམ། མྱ་ངན་མེད་པ་ལ་དགའ་བའི་འོད་ཟེར་ཅན་མ་སེར་མོ་ཕྱག་གཉིས་མ་འདི་ནི་དགྲ་བོ་འཆིང་བ་སོགས་ལ་གཙོ་བོར་བསྔགས་ཏེ། སྒྱུ་མའི་འོད་ཟེར་ཅན་འབྱུང་བའི་རྒྱུད་ལས། དེ་ནས་སྦྱོར་བ་གཞན་ནི་འདི་ཡིན་ཏེ། གསེར་མདོག་ཅན་གྱི་ཕག་པ་བསྒོམས་ལ། དེའི་སྟེང་དུ་འོད་ཟེར་ཅན་གོས་དཀར་པོའི་ཤམ་ཐབས་ཅན་བསྒོམ་པར་བྱའོ། །དེའི་སྤྱི་བོར་མཆོད་རྟེན་དང་། གཡོན་པའི་ཕྱག་གིས་མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པའི་ཕྱག་ཅན་ནོ། །འཇིགས་པ་ཆེན་པོའི་


GTD007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་བདག་ཉིད་ཕག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །སྙིང་གར་ཆོས་གོས་ཀྱི་སྣེ་བཟུང་སྟེ་ལན་བདུན་དུ་བསྔགས་མདུད་པ་བྱས་ན་ལམ་དུ་རྐུན་མ་ལ་སོགས་པས་ཆོམ་པར་མི་འགྱུར་རོ། །ཞེས་དང་། རྟོག་པ་བརྒྱ་ཕྲག་བདུན་པ་ལས་ཀྱང་། འདི་ནི་སྦྱོར་བ་གཞན་ཡིན་ཏེ། །ཞེས་སོགས་ཚིག་ཟུར་ཙམ་མ་གཏོགས་དེ་བཞིན་དུ་གསུངས། འོད་ཟེར་ཅན་གྱི་གཟུངས་གདོན་པའི་མན་ངག་པ་ཚབ་ཀྱི་འགྱུར་ལས་ཀྱང། མྱ་ངན་མེད་ཤིང་ལྗོན་པ་ཡི། །ཕྱག་གཡོན་ཡལ་གའི་རྩེ་ནས་འཛིན། །མཆོག་སྦྱིན་ཕྱག་ནི་བསྣམས་གྱུར་པ། །གཡས་པའི་ཕྱག་ནི་བསྐྱོད་པར་མཛད། །ཅེས་མྱ་ངན་མེད་པའི་འོད་ཟེར་ཅན་ཕྱག་གཉིས་མ་འདི་ཉིད་གསུངས་ཏེ། རྗེའི་གསུང་དང་འགྲོ་མགོན་འཕགས་པ་སོགས་ཀྱང་སྦྱིན་སྲེག་ལས་ཚོགས་ཕལ་ཆེར་མྱ་ངན་མེད་པའི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མ་འདི་ལ་སྦྱར་ནས་གསུངས་སོ། །དེ་ལྟར་ཚད་མར་གྱུར་པའི་རྒྱུད་དང་དགོངས་འགྲེལ་རྣམས་ཀྱི་བཞེད་པ་བཞིན་འདིའི་མན་ངག་འགོད་པ་ལ། སྔོན་དུ་བསྙེན་པ་བྱ་ཚུལ། དེའི་ཁ་སྐོང་གི་སྦྱིན་སྲེག །ལས་སྦྱོར་གྱི་རིམ་པ་དང་གསུམ། དང་པོ་ནི། གནས་ཡིད་དུ་འོང་བར་ལྷ་མོའི་སྐུ་དང་། གཟུངས་ཆོག་ལ་སོགས་པའི་རྟེན་དགྲམ། མཆོད་གཏོར་ལེགས་པར་བཤམས། ཁྲུས་དང་གཙང་སྦྲ་བྱས་ཏེ་སྟན་བདེ་བ་ལ་འཁོད་ནས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་རྣམས་སྔོན་དུ་བཏང། འདིར་སྔགས་སྡོམ་འཛིན་པ་རྒྱུད་སྡེའི་སྐབས་དང་མི་འབྲེལ་ལ། ཡིག་ཆ་སྔ་མ་འགའ་ཞིག་ཏུ་བཤད་ཀྱང་ཁུངས་མི་ཐུབ་སྟེ། དཔེར་ན་གདུགས་དཀར་གྱི་དཀྱིལ་ཆོག་རྒྱ་གཞུང་གཉིས་སུ་སྔགས་སྡོམ་འཛིན་པ་བཤད་ཀྱང། རྗེ་ཡབ་སྲས་ཀྱི་གསུང་ལས་བཀག་པ་བཞིན་ནོ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། བདག་དང་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་


GTD007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་གདན་ལ་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་ཅན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས། བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་ཅིང། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་ཅན། མཚན་དཔེས་སྤྲས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་ཀླུབས་པའི་ཐུགས་ཀར་རང་གི་སེམས་ཉིད་མཾ་ལས་མྱ་ངན་མེད་པའི་ཤིང་མཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་རང་ཉིད་ལྷ་མོ་འོད་ཟེར་ཅན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང། དར་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཤིན་ཏུ་མཛེས་ཤིང་སྒེག་པའི་ཉམས་དང་ལྡན་པ། ཕག་བདུན་གྱིས་དྲངས་པའི་གསེར་གྱི་ཤིང་རྟ་ལ་གནས་པའི་པད་ཟླའི་སྟེང་དུ་ཞབས་གཡས་ཅུང་ཟད་བརྐྱངས་པའི་ཚུལ་གྱིས་བཞུགས་ཤིང། སྐུའི་ཆ་ཐམས་ཅད་ནས་ཉི་མ་འབུམ་གྱི་འོད་ཟེར་ལྟ་བུ་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་ཁྱབ་པར་སྤྲོ་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་། དེའི་ནང་ལོགས་སུ་མཾ་ཡིག་སེར་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་འོད་ཟེར་


GTD007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མི་འགྱུར་ཆོས་དབྱིངས་རང་བཞིན་ཕོ་བྲང་ནས། །མེ་ལོང་ཡེ་ཤེས་སྒྱུ་འཕྲུལ་གཟུགས་ཀྱི་སྐུ། །མུ་མཐའ་ཡས་པའི་འཕྲིན་ལས་འོད་ཟེར་ཅན། །མ་ལུས་འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་མཱ་རཱི་ཙྱཻ་ས་མཱ་ཛཿ ཛཿ ཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། འདིའི་སྐོར་གྱི་རྒྱ་གཞུང་རྣམས་སུ་མཆོད་པ་ཡེ་ཤེས་པ་གཞུག་པའི་སྔོན་དང་། རྒྱས་གདབ་ཀྱི་རྗེས་སུ་བྱེད་པ་ཅི་རིགས་ཡོད་ཀྱང་། འཕགས་པས་ཡེ་ཤེས་པ་གཞུག་པའི་སྔོན་དང་། མཇུག་གི་མཆོད་བསྟོད་བཟླས་པ་གྲུབ་སྟེ། དམ་ཚིག་པ་ལས་ཡེ་ཤེས་པ་ལོགས་སུ་ཕྱེ་ནས་འབུལ་བར་གསུངས་པ། བྱ་རྒྱུད་སྤྱི་ལ་སྲོལ་དེ་གཙོ་ཆེ་བ་དང་སྒོ་བསྟུན་པར་སྣང་ལ། ཡོངས་གྲགས་ལྟར་འཇུག་པ་བདེ་བའི་ཆེད་སྐབས་འདིར་བྱས་ཀྱང་འགལ་བ་མེད་པས་མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ནས། ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། ཨོཾ་མཱ་རཱི་ཙྱཻ་


GTD007_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། སྒྲ་སྙན་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྔྷེ། ནཻ་ཝིངྱ། ཤཔྟ་རྣམས་བཅུག་ལ་དབུལ། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་པ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕག་བདུན་གྱིས་དྲངས་རིན་ཆེན་ཤིང་རྟའི་ཁྲིར། །པདྨ་ཟླ་བའི་གདན་ལ་བདེར་བཞུགས་ཤིང་། །ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་པ། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཕྱག་གཡས་གདུལ་བྱ་རྣམས་ལ་མཆོག་སྩོལ་ཞིང་། །གཡོན་པས་མྱ་ངན་མེད་པའི་ཤིང་འཛིན་པ། །སྣ་ཚོགས་རྒྱན་གྱིས་བརྒྱན་ཞིང་དགྱེས་དགུར་སྤྱོད། །བཅོམ་ལྡན་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཡིས། །རྣམ་པར་བརྒྱན་པས་ཆོས་ཚུལ་ཀུན་སྒྲོགས་ཤིང་། །སྔགས་ཚུལ་དུ་མས་དངོས་གྲུབ་ཀུན་སྩོལ་བ། །ཆོས་སྔགས་ཡི་གེར་འཕྲུལ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་སྤྲོས་པ་ཉེར་ཞི་ཡང་། །མཁྱེན་དང་བརྩེ་བས་ཀུན་ནས་རབ་རྩེན་ཞིང་། །གདུལ་བྱའི་ཡིད་ལ་སྣ་ཚོགས་ཀུན་འཇུག་པའ། །ཡེ་ཤེས་ལྔ་ཡི་ཐུགས་ལ་ཕྱག་འཚལ་ལོ། །བདག་གིས་ཁྱོད་སྐུ་དྲན་ཞིང་སྔགས་བཟླས་ཏེ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ཀྱིས། །བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། །སྲིད་ཞིའི་དངོས་གྲུབ་མ་ལུས་


GTD007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དུ་གསོལ། །ཞེས་པའམ། ཡང་ན། རང་བཞིན་རྣམ་དག་ཆོས་དབྱིངས་ནམ་མཁའ་ལ། །ལྷུན་གྲུབ་སྐུ་གསུམ་དཀྱིལ་འཁོར་རབ་རྒྱས་ཤིང་། །གཞན་ཕན་འཕྲིན་ལས་འབུམ་གྱི་འོད་ཟེར་ཅན། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །དམིགས་མེད་ཐུགས་རྗེ་རྟ་མཆོག་བདུན་གྱིས་དྲངས། །གཉིས་མེད་ཡེ་ཤེས་མེ་ཤེལ་ཁམས་ལས་གྲུབ། །མཐའ་ཡས་གཟུགས་སྐུའི་སྣང་བའི་འོད་ཟེར་ཅན། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །མཛད་བཟང་གསེར་གྱི་ཐུར་མ་བརྒྱ་ཕྲག་གིས། །སྐལ་བ་ཇི་བཞིན་ལུས་ཅན་ཕན་བདེ་ཡི། །འདབ་སྟོང་ཅིག་ཅར་འབྱེད་པའི་འོད་ཟེར་ཅན། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་རྨོངས་སྡིག་པའི་འབྲས་བུ་ནད་རིམས་སོགས། །ཆེར་སྙིགས་ཐུན་གསུམ་དུས་ཀྱི་ཉེར་འཚེའི་རིགས། །མ་ལུས་དྲུངས་ནས་འབྱིན་པའི་འོད་ཟེར་ཅན། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །བརླང་སྤྱོད་རི་བོའི་ཟོམ་ལ་གནས་བཅས་ཤིང་། །གདུག་པའི་ཐན་སྐད་སྒྲོགས་པའི་ཆོམ་རྐུན་གྱི། །སྲིན་བྱའི་དགའ་བ་ཕྲོག་པའི་འོད་ཟེར་ཅན། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །མཐའ་ཡས་བསྟན་དང་འགྲོ་བའི་ནོར་འཛིན་གྱི། །ཁོར་ཡུག་ཡངས་པའི་ཁྱོན་ཀུན་ཅིག་ཅར་དུ། །དགེ་ལེགས་སྣང་བའི་ཁྱབ་བྱེད་འོད་ཟེར་ཅན། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཞབས་གུས་པས་བསྟེན་ཅིང་གསོལ་བཏབ་མཐུས། །མི་ཤེས་རྒུད་པའི་མུན་པ་ཉེར་ཞི་ཞིང་། །བྱིན་རླབས་གསེར་ཞུན་འོད་ཀྱིས་འཁྱུད་པ་ཡིས། །དོན་གཉིས་དགེ་བའི་པད་ཚལ་རྒྱས་གྱུར་ཅིག །


GTD007_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པས་བསྟོད། དེ་ནས། རང་གི་སྙིང་གར་ཟླ་བ་ལ་གནས་པའི་མཾ་ཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་ཐིམ་པར་བསམས་ལ། ཨོཾ་མཱ་རཱི་ཙྱཻ་མཾ་སྭཱཧཱ། ཞེས་ཅི་འགྲུབ་བཟླས། རྒྱུད་ལས་ཉིན་མོ་ཉི་མ་དང་མཚན་མོ་ཟླ་བ་ལ་འགོད་པར་གསུངས་པ་ལས་སྦྱོར་གྱི་ཚེ་སྔགས་འཁོར་ལས་ལྷ་མོ་སྤྲུལ་བའི་གདན་ཡིན་གྱི། སྔགས་འཁོར་གྱི་གདན་མིན་ཏེ། འདི་ནི་རྒྱུད་ལས། ཟླ་བའི་དཀྱིལ་འཁོར་དམིགས་བྱས་ལ། །དེ་སྟེང་གནས་པའི་ས་བོན་འདི། །ཞེས་ཟླ་གདན་དུ་གསུངས་སོ། །སྔགས་ཀྱང་རྗེའི་གསུང་གི་མངོན་རྟོགས་སོགས་སུ་ཉེ་སྙིང་མ་གཏོགས་མ་བཀོད་པས་དེ་ཉིད་གཅིག་པུ་བཟླས་པས་ཆོག་ལ། གཞན་རྣམས་བཟླ་འདོད་ཚེ། ས་བོན་གྱི་མཐར་སྔགས་འཕྲེང་བཞི་སྐོར་དུ་གནས་པར་མོས་ཏེ། ཏངྱ་ཐཱ། ཨོཾ་པ་ཏཱ་ཀྲ་མ་སི། པ་ར་ཀྲ་མ་སི། ཨུ་ད་ཡ་མ་སི། ནི་ར་མ་སི། ཨརྐྐ་མ་སི། མརྐྐ་མ་སི། ཨུ་ར་མ་མ་སི། པ་ན་མ་སི། གུ་ལ་མ་མ་སི། ཙི་བ་ར་མ་སི། མཧཱ་ཙཱི་བ་ར་མ་སི། ཨནྟ་ར་དྷ་ན་མ་སི་སྭཱཧཱ། ཞེས་རྩ་སྔགས་དང་། ཏངྱ་ཐཱ། ཨོཾ་བ་དཱ་ལི། བ་ཏཱ་ལི། པར་ལེ། བ་ར་ཧ་མུ་ཁི། སརྦ་དུཥྚཱ། པྲ་དུཥྚཱ་ནཾ། ཙཀྵུ་ར་མུ་ཁཾ་བྷན་དྷ་བྷན་དྷ། བྷན་དྷ། མུ་ཁི། ཛམྦྷཱ་ཡ་སྟམྦྷཱ་ཡ། མོ་ཧ་ཡ་སྭཱཧཱ། ཨོཾ་མ་རཱི་ཙྱཻ་སྭཱཧཱ། ཨོཾ་པ་ར་ལེ། བ་དཱ་ལེ། བ་ཏྟཱ་ལེ། པ་ར་ཧ་མུ་ཁི། སརྦ་དུཥྚཱ་ནཾ། པྲ་དུཥྚཱ་ནཾ། ཙཀྵུར་མུ་ཁཾ་བན་དྷ་བན་དྷ་སྭཱཧཱ། ཞེས་སྙིང་པོ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཏངྱ་ཐཱ། ཨོཾ་ཨཱ་ལོ། ཏ་ལོ་ཀ་སིད་ཙྪེ་ལོ་ཀ་ས་མ་ཡ་མུར་དྷ་ཊི་རཀྵ་རཀྵ་མཾ། བདག་དང་སེམས་ཅན་ཐམས་ཅད་ལ་འཚེ་བ་དང་འཇིགས་པ་དང་། ནད་ཐམས་ཅད་ལས་སྲུངས་ཤིག་སྭཱཧཱ།


GTD007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལས་སྔགས་རྣམས་བཟླས་ཏེ། དེ་ནས་གཙོ་བོར་ཉེ་སྙིང་ལ་འབད། བསྙེན་པའི་གྲངས་འབྲུ་འབུམ་དགོསཔར་འདིའི་རྒྱུད་ལས་གསུངས་ཤིང། ལྷག་པར་ལས་སྦྱོར་བྱེད་པ་ལ་འབུམ་ཕྲག་བདུན་ཅུ་དགོས་པར་འགྲོ་མགོན་འཕགས་པས་གསུངས་སོ། །དེ་ནས་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ལ། མཆོད་བསྟོད་གོང་བཞིན་བྱ། གཏོར་མ་འབུལ་བར་འདོད་ན་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཅོམ་ལྡན་འདས་མ་འཁོར་བཅས་སྤྱན་དྲངས། ཨོཾ་མཱ་རཱི་ཙྱཻ་ས་པ་རི་ཝཱ་ར་ཨི་དམ་བ་ལིདྒྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་སྭཱཧཱ། ཞེས་ལན་བདུན་གྱིས་གཏོར་མ་དབུལ། མཆོད་བསྟོད་གོང་བཞིན་བྱས་ལ། ཨོཾ་བཛྲ་མུཿས་བདག་བསྐྱེད་ཀྱི་ཡེ་ཤེས་པ་དང་གཏོར་མགྲོན་རང་གནས་སུ་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །བསྙེན་པའི་ཚེ་བདག་བསྐྱེད་རྐྱང་པས་ཆོག་ཅིང་། བུམ་པའམ་ཚོམ་བུ་སོགས་སྒྲུབ་གཞི་ལ་བརྟེན་ནས་མདུན་བསྐྱེད་བྱ་བར་འདོད་ན་བདག་སྒྲ་དོར་ཏེ་ཚིག་ཕྲད་ཙམ་བསྒྱུར་བ་མ་གཏོགས་འདྲའོ། །གཉིས་པ་སྦྱིན་སྲེག་བྱ་བ་ལ། ཐབ་ཀྱི་རྒྱ་དཔངས་ཁ་ཁྱེར་སོགས་ཀྱི་ཚད་དཀྱུས་དང་འདྲ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་བྱ་ཞིང་། དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་རྡོ་རྗེ་བྲི་བར་འདིའི་རྒྱུད་ལས་གསུངས་ཀྱང་། སྐབས་འདིར་མྱ་ངན་མེད་པའི་ཤིང་བྲི་བར་འཕགས་པས་གསུངས་པ་ནི་རྒྱུད་དོན་མན་ངག་གིས་འགྲེལ་ཚུལ་ཞིག་ཡིན་པར་མངོན། རྫས་དང་ཡོ་བྱད་བཤམ་ཚུལ་སོགས་དཀྱུས་བཞིན་བྱས། ཨ་མྲྀ་ཏ་ལན་བདུན་བཟླས་པས་བསང་ཆུ་སྒྲུབ། མཆོད་པ་ལ་ཞལ་བསིལ་དང་བསང་གཏོར་དེའི་སྔགས་གཉིས་བཅས་བསྣན་ནས་གོང་ལྟར་བྱིན་


GTD007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས། ལག་པ་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད་དེ་བསྲེག་རྫས་རྣམས་ལ་བསྟན་ཅིང། ཨོཾ་སྭཱཧཱ། ཨོཾ་ཨཱཿ སྭཱཧཱ། ཨོཾ་ཤྲཱི་སྭཱཧཱ། ཨོཾ་ཛྲིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། དེ་དག་ལས་གཞན་པའི་རྫས་རྣམས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་བཅུད་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པར་གྱུར། ཨོཾ་ཨཱཿ ཧཱུཾ་བརྗོད་བཞིན་པའི་ངང་ནས་དཔལ་འབར་ལག་པ་གཡས་པས་བླངས་ཤིང་། གཡོན་པས་བསངས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་བརྗོད་པས་ཐབ་ནང་དུ་བཅུག་ལ་ཧཱུཾ་ཞེས་བརྗོད་དེ་རླུང་གཡབ་ཀྱིས་མེ་སྦར། འཁྱིལ་པའི་སྔགས་ལན་བདུན་བརྗོད་ལ་མར་ཁུ་བླུགས་གཟར་བདུན་གྱིས་མེ་གསོ། དེ་ནས་ཁ་ཁྱེར་ལ་འགོད་རྒྱུའི་ཀུ་ཤ་བླངས་ལ། བཛྲ་སཏྭ་ཨཱཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པའི་ལྷ་རྣམས་དག་བྱེད་ཅིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ན། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཨོཾ་བཛྲ་སཏྭ་ཨཱཿ ཞེས་བརྗོད་ཅིང་ཀུ་ཤ་ཕྱག་ལེན་ལྟར་དགྲམ། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གི་བགེགས་ཐམས་ཅད་ཞི་བ་དང་བཀྲ་ཤིས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་ཐབ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་དཀར་པོ་ཞུ་བ་ལས་བྱུང་བའི་ཞི་བའི་ཐབ་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། རྒྱར་ཁྲུ་གང་བ། ཟབས་སུ་ཁྲུ་ཕྱེད་པ། མུ་རན་ཁ་ཁྱེར་དང་བཅས་པའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར། ཐབ་ཀྱི་ནང་གི་དབུས་སུ་སྣ་ཚོགས་པདྨའི་ལྟེ་


GTD007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བར་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་འཛིན་བྱེད་སྐུ་མདོག་དམར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་། ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། རྣམ་སྣང་གི་དབུ་རྒྱན་ཅན། སྨིན་མ་དང་རལ་པའི་ཐོད་དང་སྨ་ར་འབར་ཞིང་འཁྲིགས་པ། གསུས་ཁྱིམ་ཆེ་ཞིང་གཟི་བརྗིད་དང་ལྡན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་ཐུགས་ཀར་མེ་གྲུ་གསུམ་པ་རཾ་གྱིས་མཚན་པ། རང་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་ཁྲོ་བོ་འདོད་རྒྱལ་གྱིས་ཤར་ལྷོ་ནས་བསྒོམས་པ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དེའང་འགྲོ་མགོན་འཕགས་པས་མཛད་པའི་འདིའི་སྦྱིན་སྲེག་ཏུ། གཡས་དབྱུ་གུ་གསུམ་པ་དང་གཡོན་བགྲང་ཕྲེང་འཛིན་པར་བཤད། འོད་ཟེར་ཅན་འབྱུང་བའི་རྒྱུད་ལས། ཟླ་གདན་ལ་མེ་ལྷ་དཀར་པོ་ཕྱག་བཞི་པ། དབྱུ་གུ། རིལ་བ་སྤྱི་བླུགས། ཕྲེང་བ། མཆོད་སྦྱིན་འཆང་བར་གསུངས། རྟོག་པ་བརྒྱ་ཕྲག་བདུན་པ་ལས། ཉི་གདན་ལ་བཞུགས་པ། ཕྱག་བཞིས་མཆོག་སྦྱིན་དང་རིལ་བ། པདྨའི་ཕྲེང་བ། དབྱུག་པ། བགྲང་ཕྲེང་རྣམས་འཛིན་པར་གསུངས་པ་སོགས་མི་འདྲ་བ་མང་ཡང་། འདིར་སྤྱི་འགྲོ་དང་བསྟུན་པ་ཡིན་ནོ། །དེ་ནས་སྤོས་འཛིན་ཅིང་མི་འཇིགས་པའི་ཕྱག་རྒྱས་མཐེ་བོང་གཡབ་པ་དང་བཅས་ཏེ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཊཀྐི་ཧཱུཾ་ཛཿ ཐབ་ཀྱི་མེ་མཚམས་ཀྱི་ཁ་


GTD007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་གྱི་ཀུ་ཤའི་གདན་ལ་བཞུགས་པར་གྱུར། ལས་སྔགས་བརྗོད་ཅིང་བསང་ཆུ་གཏོར་ནས་ཕྱི་འབྲང་གི་བགེགས་བསྐྲད། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿ ཧྲཱིཿ པྲ་ཝ་ར་སད་ཀ་རཾ་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བསང་གཏོར་དང་། པྲོཀྵ་ཎཾ་གྱི་གནས་སུ། ཨཉྩ་མ་ཎཾ། ཨརྒྷཾ། པཱངྱཾ་རྣམས་སྦྱར་ཏེ་ཆུ་བཞི་ཕྱག་ལེན་ལྟར་དབུལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྟ་རྣམས་སྦྱར་བས་མཆོད། དྲིལ་སྟབས་དང་བཅས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་བ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་བའི་ཐེག་པ་བཅིབས། །རིག་སྔགས་གསུང་ཞིང་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུཎྜེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་ཡོངས་རྫོགས་སམ། ཚིགས་བཅད་དང་པོ་གང་རིགས་ཀྱིས་བསྟོད། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛྭ་ལ་ཛྭ་ལ་ཡ་


GTD007_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་བྷསྨི་ཀུ་རུ་སརྦ་དུཥྞན་ཧཱུཾ་ཕཊ། ཏྲི་ཤྱ་ཛཿ ཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཞེས་པ་ལན་གསུམ་གྱིས་དམ་ཚིག་བསྒྲགས། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་དང་། དགང་བླུགས་ཀྱི་ཁ་ལ་མཾ་ཡིག་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར། བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་བླུགས་བཟུང་སྟེ། ཨོཾ་ཨགྣེ་ཡེ་ཨཱ་དི་བྱཱ་ཨཱ་དི་བྱཱ་ཨཱ་བི་ཤཱ་ཨཱ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ན་ཡ། བསྙེན་པའི་ཁ་སྐོང་ལྟ་བུ་ཡིན་ན། བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་ལྷག་ཆད་ཀྱི་ཉེས་པ་སོགས་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་དང་། བར་ཆད་སོགས་ཞི་བའི་ཆེད་དུ་ཡིན་ན། བདག་ཅག་གམ་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་ཕྱི་ནང་གི་ནད་གདོན་འགལ་རྐྱེན་བར་ཆད་ནད་རིམས་དགྲ་རྐུན་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་སྦྱར་རོ། །འདི་ལ་དཔག་སྟེ་ལས་སོ་སོ་བའི་སྐབས་ཀྱི་སྤེལ་ཚིག་སྦྱོར་ཚུལ་ཤེས་དགོས། དགང་བླུགས་མར་གྱིས་བཀང་བ་གཡས་སུ་བསྐོར་ཏེ་ལན་གསུམ་མམ། བདུན་གྱིས་ཞོ་ཟན་དབུལ་ཞིང་། དགང་བླུགས་ཀྱི་ཡུ་བ་པུས་མོའི་ལྷ་ང་ལས་མ་འདས་པར་བྱའོ། །དེ་ནས་ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐེབ་སྲིན་གྱིས་ཡམ་ཤིང་གཉིས་གཉིས་རྩེ་མོ་ལྷ་ལ་བསྟན་ནས་འབུལ། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་ཨཱ་དི་བྱཱ་ཨཱ་བི་ཤ་ཨཱ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ན་ཡ། ཨོཾ་བོ་དྷི་པྲིཀྵཱ་ཡ། བདག་ཅག་ཅེས་པ་ནས། ཐམས་ཅད་དང་ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། མར་ཁུ་ལ། ཨོཾ་ཨགྣ་ཡེ་


GTD007_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཱ་ཧཱ་ན་ཡེའི་མཐར། ཨོཾ་ཨགྣ་ཡེ། བདག་ཅག་སོགས་ཀྱི་མཐར། འབྱོར་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་བཞིན་དུ་ཏིལ་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། བདག་ཅག་ཅེས་པ་ནས། སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དུར་བ་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་བཛྲ་ཨ་ཡུ་ཥེ། བདག་ཅག་ཅེས་པ་ནས། ཚེ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། འབྲས་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་བཛྲ་པུཥྚ་ཡ། བདག་ཅག་ཅེས་པ་ནས། བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞོ་ཟན་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་སརྦ་སཾ་བཱ་དེ། བདག་ཅག་ཅེས་པ་ནས། བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཀུ་ཤ་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ། བདག་ཅག་ཅེས་པ་ནས། གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཡུངས་ཀར་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་སརྦ་ཨརྠ་སིདྡྷ་ཡེ། བདག་ཅག་ཅེས་པ་ནས། བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། སོ་བ་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་བཛྲ་བི་ཛ་ཡ། བདག་ཅག་ཅེས་པ་ནས། ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ནས་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་མཧཱ་བེ་ག་ཡ། བདག་ཅག་ཅེས་པ་ནས། མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། སྲན་མ་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་མཧཱ་བཱ་ལ་ཡ། བདག་ཅག་ཅེས་པ་ནས། སྟོབས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། གྲོ་ལ། ཨོཾ་ཨགྣ་ཡེ་ནས། ཨོཾ་བཛྲ་གྷསྨ་རི།


GTD007_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་ཅེས་པ་ནས། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཁྱད་པར་གྱི་རྫས་ལ། ཨོཾ་ཨགྣ་ཡེ་ནས། བཱ་ཧཱ་ན་ཡ། བདག་ཅག་ཅེས་པ་ནས། མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་ལྟར་བསྲེག་རྫས་རྣམས་ཕུལ་ནས། ཞལ་བསིལ་དང་བསང་གཏོར་སྔགས་དང་ཕྱག་རྒྱས་དབུལ་ལོ། །མར་ཁུ་བླུགས་གཟར་གང་ཐབ་ཏུ་ཕུལ། ཨོཾ་བཛྲ་ཛྭ་ལ་རཾ། མེ་ལྷ་མེ་འབར་བའི་རྣམ་པར་གྱུར། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི་འཁྱིལ་བའི་སྔགས་ཀྱིས་མེ་ལ་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཐབ་ཀྱི་དབུས་སུ་པད་ཟླའི་གདན་ལ་བྷྲུཾ་ལས། ཞེས་པ་ནས། རྒྱན་གྱིས་ཀླུབས་པའི་ཐུགས་ཀར་མཾ་ལས་མྱ་ངན་མེད་པའི་ཤིང་། ཞེས་སོགས་རང་སྒྲ་དོར་བ་མ་གཏོགས་བདག་བསྐྱེད་ལྟར་དབང་བསྐུར་རྒྱས་གདབ་བར་དུ་བྱ། དག་ཅིང་དྲི་མེད་མས་ཆུ་བཞི། ལྷ་ཡི་མེ་ཏོག་མ་སོགས་ཀྱིས་ཉེར་སྤྱོད་རོལ་མོ་རྣམས་དབུལ། གང་གི་མཚན་ཙམ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། ལྷའི་ལྗགས་མཾ་ཡིག་ལས་སྐྱེས་པའི་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ཨོཾ་མཱ་རཱི་ཙྱཻ་མ་སྭཱཧཱ། བདག་ཅག་ཅེས་སོགས་སྤེལ་ཚིག་གོང་བཞིན་སྦྱར་བའི་མར་ཁུ་དགང་བླུགས་བདུན་དབུལ། ཡམ་ཤིང་སོགས་ལ་རང་རང་གི་སྔགས་དང་སྤེལ་ཚིག་རྣམས་གོང་གི་མེ་ལྷའི་སྐབས་བཞིན་སྦྱར་ཏེ་བརྒྱ་དང་ཁྲི་འབུམ་ལ་སོགས་པ་ཇི་ལྟར་རིགས་པ་འབུལ། རྗེ་བཙུན་མའི་ཐུགས་ཀ་ནས་རང་འདྲས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ལ་ཁྲུས་བྱས་པས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས་ནས་ལུས་ཤེལ་ལྟར་དག་པར་གྱུར། ཅེས་བརྗོད། ཨོཾ་མཱ་རཱི་


GTD007_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཙྱཻ་མཾ་སྭཱཧཱ། ཞེས་པས་མར་ཁུ་དགང་བླུགས་བདུན་ཕུལ། མཆོད་ཡོན། བསང་གཏོར། ཞལ་བསིལ་རྣམས་སྔར་གྱི་སྔགས་དང་ཕྱག་རྒྱས་དབུལ། དེ་ནས་དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ། སྲབ་འཇམ་ཡངས་པ་ལྷ་ཡི་གོས། །འོད་ཟེར་ཅན་མའི་ལྷ་ཚོགས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝ་ས་སྱ་སྭཱཧཱ། ཞེས་པས་གོས་ཟུང་ཕུལ། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱཧཱས་སོ་རྩི་དབུལ། དེ་ནས་ཉེར་སྤྱོད་འདོད་ཡོན་ལྔ་ལ་སོགས་པ་སྔགས་ཙམ་མམ་ཚིགས་བཅད་ཅི་རིགས་ཀྱིས་དབུལ། དེ་ནས་གཏོར་མ་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿ ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས། ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ཨོཾ་མཱ་རཱི་ཙྱཻ་ས་པ་རི་ཝཱ་ར་ཨི་དཾ་བ་ལིདྒྲིཧྞ་པ་ཡ་གྲྀཧྞ་པ་ཡ་སྭཱཧཱ། ལན་གསུམ་གྱིས་གཏོར་མ་དབུལ། རང་བཞིན་རྣམ་དག །ཅེས་སོགས་སམ། ཡིག་རྙིང་གི་བསྟོད་པས་བསྟོད། ཨོཾ་ཨཱཿ ཧྲཱིཿ པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་མཆོད་ཡོན་ཕུལ། མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །འཕགས་མས་དེ་ཀུན་བཟོད་པར་མཛོད། །ཅེས་བརྗོད་ཅིང་བཟོད་པར་གསོལ་ནས་འདོད་དོན་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་འཕགས་མ་འོད་ཟེར་ཅན་མའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་


GTD007_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། ཁྱད་པར་དུ་བདག་ཅག་གམ་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱི་འགལ་རྐྱེན་བར་ཆད་ནད་གདོན་བགེགས་རིགས། དུས་མ་ཡིན་པའི་འཆི་བ། ཕ་ཪོལ་གྱི་བསམ་སྦྱོར་ངན་པ་དགྲ་ཇག་ཆོམ་རྐུན་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད། ཡིག་བརྒྱ་བཟླས་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་གི་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང་། དམ་ཚིག་པ་རང་ལ་དབྱེར་མེད་དུ་ཐིམ་པར་གྱུར། ཅེས་བརྗོད། དེ་ནས་ཛྭ་ལའི་སྔགས་ཀྱིས་ཐབ་ཏུ་མར་ཁུ་དགང་བླུགས་གསུམ་ཕུལ་བས། ཐབ་ཀྱི་མེ་འབར་བའི་རྣམ་པ་དེ་ཉིད་སླར་ཡང་འཇིག་རྟེན་པའི་མེ་ལྷའི་སྐུར་བཞེངས་པར་གྱུར། ཞེས་བརྗོད་དེ། ཐབ་ཀྱི་མེ་ལྷ་ལ། ཨོཾ་ཨགྣ་ཡེ། ཞེས་པ་ནས། བཱ་ཧཱ་ན་ཡ་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་དང་། སྔར་བཞིན་བསང་གཏོར་དང་ཞལ་བསིལ་དབུལ། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱཧཱ། ཞེས་པས་སོ་རྩི་དང་། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱངས་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝ་ས་སྱ་སྭཱཧཱ། ཞེས་པས་གོས་ཟུང་ཕུལ། དེ་ནས་བསྲེག་


GTD007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལྷག་མ་རྣམས་འཇིག་རྟེན་པའི་མེ་ལྷ་ལ་སྔར་བཞིན་འབུལ། དེ་ནས་དྲིལ་སྟབས་དང་བཅས་ཏེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །ཞེས་སོགས་ཀྱིས་བསྟོད། ཞལ་བསིལ་དང་། བསང་གཏོར་སྔར་བཞིན་འབུལ། གཏོར་མ་བསངས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨགྣ་ཡེ། ཞེས་པ་ནས། བཱ་ཧཱ་ན་ཡ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨངྱ་ནུཏྤནྣ་ཏྭད་ཨོཾ་ཨཱཿ ཧཱུཾ། གསུམ་གྱིས་འབུལ། མེ་ལྷའི་སྔགས་ཀྱི་མཐར་པུཥྤེ་སོགས་བཏགས་ལ་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་


GTD007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཨོཾ་ཨཱཿ ཧྲཱིཿ པྲ་ཝཱ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ཁྱེད་ཀྱིས་ཕན་བདེའི་འབྱུང་གནས། ཞེས་སོགས་སྔར་ལྟར་གསོལ་བ་གདབ། ཨོཾ་བཛྲ་སཏྭ་ཨཿ ཨོཾ་རང་གི་དོན་དང་གཞན་གྱི་དོན། །སྒྲུབ་མཛད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་སླར་སྤྱོན་ཞིང་། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨཱཿ བཛྲ་མུཿ མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། དེ་ནས་བསྔོ་བ་ཤིས་བརྗོད་སོགས་རྒྱས་པར་བྱའོ། །མེ་མ་ཤི་བར་དུ་འཇོག་པའི་ལོང་མེད་ན་གཞིལ་བའི་ཐབས་དང་། ལས་ཀྱི་རྗེས་མི་མངོན་པར་བྱ་བ་སོགས་སློབ་དཔོན་མཁས་པའི་ཕྱག་ལེན་ལྟར་ཉམས་སུ་བླང་ངོ་།། ༈ གསུམ་པ་ལས་སྦྱོར་ནི། སྦྱིན་སྲེག་ལའང་རྫས་ཀྱི་བྱེ་བྲག་གིས་ནད་སེལ་བ། རྒྱལ་པོ་དང་གནོད་སྦྱིན་མོ་སོགས་དབང་དུ་བྱེད་པ། དུག་ནད་སེལ་བ། དགྲ་བོ་འཆི་བ་སོགས་དང། རྫས་སོགས་སོ་སོ་ལ་བརྟེན་ནས་ཆར་འབེབས་པ། བསད་བསྐྲད་དབྱེ་རེངས་ཀྱི་ལས་ཚོགས་དུ་མ་དང་། འཁོར་ལོའི་སྒོ་ནས་དགྲའི་དཔུང་ལས་རྒྱལ་བར་བྱེད་པ་དང་། མཚོན་བསྲུང་བ་སོགས་ལས་རབ་འབྱམས་ཤིག་རྒྱུད་སྡེ་ནས་གསུངས་ཀྱང་། ད་ལྟ་ཕྱག་ལེན་རིམ་པར་བརྒྱུད་པའི་མྱོང་ཁྲིད་དང་ཡིག་ཆ་སོགས་མི་སྣང་བས་བྲི་བར་མ་སྤོབས་ཀྱང་། ཐོག་མར་དབང་དང་རྗེས་གནང་ཐོབ། བསྙེན་པ་ཚད་དུ་འཁྱོལ་ན་ལས་སྦྱོར་རྒྱུད་ཀྱི་དངོས་ཟིན་ཙམ་དང་བསྟུན་ཏེ་བྱས་ཀྱང་ཕན་ཡོན་འབྱུང་བར་གདོན་མི་ཟའོ། །ཆོམ་རྐུན་བསྲུང་བ་འདིའི་སྒོས་ཆོས་


GTD007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་བརྒྱ་རྒྱམ་སོགས་ཀྱི་རྒྱ་གཞུང་དང་། རྗེའི་གསུང་དུའང་འབྱུང་བས། དེའི་ཚུལ་ནི་ཐོག་མར་སྐྱབས་སེམས་ནས་བཟུང་དབང་བསྐུར་རྒྱས་གདབ་མཆོད་བསྟོད་དང་བཅས་པའི་བར་བདག་བསྐྱེད་ཀྱི་གཞུང་བཞིན་བྱས་ལ། བསྟོད་པའི་མཇུག་ཏུ། བདག་དང་བདག་གི་བཤེས་གཉེན་ཀུན། །ལམ་དང་དེ་བཞིན་ལམ་ལོག་དང། །སྐྱེ་བོའི་འཇིགས་དང་རྒྱལ་རིགས་ཀྱི། །འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །དེ་བཞིན་གླང་ཆེན་ཆོམ་རྐུན་དང་། །སེང་གེ་སྟག་དང་མེ་དང་ཆུ། །སྦྲུལ་དང་དུག་དང་ཕྱིར་རྒོལ་དང་། །དགྲ་ཡི་འཇིགས་པ་ཀུན་ལས་སྐྱོབ། །བདག་ནི་གནས་སྐབས་ཐམས་ཅད་དུ། །ཇི་ལྟའི་ཚུལ་གྱིས་གནས་ཀྱང་རུང་། །གདོན་རིམས་འཁྲུགས་པ་ཐམས་ཅད་ལས། །ཀུན་ནས་ཡོངས་སུ་བསྲུང་དུ་གསོལ། །ཞེས་འདོད་དོན་ལ་གསོལ་བ་འདེབས། བཟླས་པའི་དམིགས་པ་སྔ་མའི་མཇུག་ཏུ། སླར་ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་སྣེ་མོར་སྣང་བྱེད་ཀྱི་དཀྱིལ་འཁོར་ལ་གནས་པའི་ལྷ་མོ་འོད་ཟེར་ཅན་ཞལ་གཅིག་ཕྱག་གཉིས་ཁབ་སྐུད་ཐོགས་པ་དཔག་ཏུ་མེད་པ་འཕྲོས། གནོད་བྱེད་ཀྱི་ཁ་མིག་ཐམས་ཅད་བཙེམ། ལུས་རེངས་ཤིང་དྲན་པ་ཉམས་པར་བྱས་ཏེ་འོད་ཀྱི་དྲ་བས་བཅིངས་པར་གྱུར་པར་བསམས་ལ། སྔགས་བཟླ། སྣང་བྱེད་ཀྱི་དཀྱིལ་འཁོར་ནི། ཉིན་དུས་ཡིན་ན་ཉི་མའི་དཀྱིལ་འཁོར་དང་། མཚན་དུས་ཟླ་དཀྱིལ་དུ་གསལ་འདེབས་པར་གསུངས་སོ། །ཕྱོགས་སུ་འགྲོ་བའི་ནང་དུས་ཉི་མ་ཤར་བ་ན་ལྷ་མོ་འོད་ཟེར་ཅན་བྱོན་བྱུང་སྙམ་པ་བྱས་ལ། ཤར་རོ་ཤར་རོ་དཔལ་ཤར་རོ། །ལྷ་ཤར་རོ། །དཔལ་གྱི་འོད་ཟེར་ཤར་རོ། །ལྷ་མོ་འོད་ཟེར་ཅན་མ་ཤར་རོ། །བདག་དེ་རིང་གི་དུས་སུ་དགྲ་ཇག་ཆོམ་རྐུན་གཅན་


GTD007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་འབྱུང་བ་སོགས་ཀྱི་འཇིགས་པ་ལས་སྲུངས་ཤིག །ཅི་འདོད་པའི་དོན་ཐམས་ཅད་འགྲུབ་པའི་དངོས་གྲུབ་སྩོལ་ཅིག །ཅེས་བརྗོད་ལ་སྔགས་ཉེར་གཅིག་བཟླ། ལམ་དུའང་སྔགས་བགྲང་བཞིན་པར་སོང་ན་བསྲུང་བའི་མཆོག་ཏུ་འགྱུར་བར་གསུངས། ཡང་བདག་བསྐྱེད་དཀྱུས་ལྟར་བྱས་ལ་ཆོམ་རྐུན་རྣམས་ཀྱི་དབང་པོ་དང་ཡན་ལག་ཐམས་ཅད་བཅིངས་པར་མོས་ཏེ་གོས་ཀྱི་སྣེ་མོ་མདུད་པ་བྱས་པ་ལ་བར་བར་དུ་སྔགས་འདེབ་ཅིང་སོང་སྟེ་གནས་སུ་ཕྱིན་པ་ན་བཅིངས་པ་ལས་གྲོལ་བའི་དམིགས་པ་བྱས་ཏེ་མདུད་པ་བཤིག་པར་གསུངས། གཞན་ལ་སྲུང་བ་བྱེད་ནའང། དམིགས་པ་དེ་ཉིད་ཀྱིས་སྐུད་པ་ལ་མདུད་པ་བདུན་བྱས་ཏེ་སྔགས་བཏབ་ནས་སྦྱིན་པར་བཤད། རིམས་ནད་བསྲུང་བ་ལ། གདན་གྱི་ཕག་རྣམས་དྲག་ཏུ་གཟིར་བས། དེ་དག་ལས་རང་འདྲ་དཔག་ཏུ་མེད་པ་སྤྲོས། ནད་བདག་རྣམས་ཀྱི་ཤ་ཁྲག་ཟོས་ཤིང་རུས་པ་མུར་ཏེ། ལྷག་མ་རྣམས་རྨིག་པས་བརྫིས་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་བརྡས་པའི་དམིགས་པ་བྱ། ཡང་འོད་ཟེར་ཅན་མ་མདུན་དུ་སྐད་ཅིག་གིས་བྱོན་པར་བསམ་ལ། གང་གི་མཚན་ཙམ། ཞེས་སོགས་ཚིགས་བཅད་གཅིག་གིས་བསྟོད། དེའི་ཞབས་ལ་འཇུས་ཏེ་ཐུགས་རྗེ་བསྐུལ་བའི་མོས་གུས་དང་བཅས་ཏེ་འོད་ཟེར་ཅན་གྱི་གཟུངས་ཆོག་ཚར་གསུམ་བཀླགས་ཏེ་ཕྱོགས་གང་དུ་སོང་ཡང་ཉེར་འཚེའི་རིགས་ཀྱིས་མི་ཚུགས་པར་གསུངས་སོ།། སྨྲས་པ། རིས་མེད་འཇིག་རྟེན་ཁྱོན་ལ་སྲིད་ཞི་ཡི། །གདུང་སེལ་བསིལ་བའི་གྲིབ་མ་རྟག་འབབ་ཅིང་། །འདོད་དགུའི་མཆོག་སྦྱིན་དུས་ལས་མི་ཡོལ་བ། །སྔོན་མེད་ཡོངས་འདུའི་དབང་པོ་བཅོམ་ལྡན་མའ། །བསྙེན་སྒྲུབ་རྣམ་པར་རྒྱལ་བའི་ཁང་བཟང་མཆོག །ཁ་སྐོང་བྱེད་པའི་ཁ་པད་མངོན་མཐོ་ཞིང་། །ལས་ཚོགས་གསེར་སྦྱངས་ལས་གྲུབ་རྒྱལ་མཚན་གྱིས། །རབ་


GTD007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་སྐལ་བཟང་ལྷ་བརྒྱའི་འཇུག་ངོགས་འདི། །བསྐྲུན་པ་ལས་འོངས་རྣམ་དཀར་དགེ་བའི་མཐུས། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་འགྲོ་བ་ཀུན། །མི་བཟད་རྒུད་པའི་ཆུ་བོ་ལས་བསྒྲལ་ཏེ། །དངོས་གྲུབ་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག །ཅེས་བཅོམ་ལྡན་འདས་མ་འོད་ཟེར་ཅན་མའི་བསྙེན་སྒྲུབ་ཁ་སྐོང་ལས་ཚོགས་དང་བཅས་པ་འདི་ནི། དད་བརྩོན་མཆོག་ཏུ་དགེ་ཞིང་ལྷ་མཆོག་འདི་ལ་ལྷག་པར་མོས་པ་ཁ་ཀྱའི་རབ་འབྱམས་པ་ངག་དབང་ཆོས་འཛིན་གྱིས་བསྐུལ་བའི་ངོར་འདིའི་དབང་རྡོར་ཕྲེང་དུ་བཞུགས་པ་དང་། བརྒྱ་རྒྱམ་གྱི་རྗེས་གནང་སོགས་སྨིན་བྱེད་རྣམས་ལེགས་པར་ཐོབ་པའི་ ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འདི་ཉིད་ཀྱི་རྒྱུད་དང་། འཕགས་བོད་ཀྱི་གཞུང་རྣམས་ལ་ཞིབ་པར་དཔྱད་དེ་བཀོད་པའི་ཡི་གེ་པ་ནི་བློ་དང་ལྡན་པ་དཀོན་མཆོག་ཀུན་དགའོ།། །།


previousབཅོམ་ལྡན་འདས་འོད་ཟེར་ཅན་མའི་བསྙེན་སྒྲུབ་ཁ་སྐོང་ལས་ཚོགས་དང་བཅས་པ།next