Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousམདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས།next

མདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས།


GTD007_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས་མདོ་ཉིད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བཀོད་པ་བཞུགས་སོ།།


GTD007_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། ཐུགས་བསྐྱེད་རྨད་བྱུང་སྟོན་པ་རྫོགས་སངས་རྒྱས། །ཐུགས་བཅུད་གདམས་པའི་ཉིང་ཁུ་དམ་པའི་ཆོས། །ཐུགས་དམ་མཛད་པ་འཕགས་པའི་དགེ་འདུན་བཅས། །ཐུགས་རྗེ་བདེན་པས་བྱང་ཆུབ་བར་དུ་སྐྱོངས། །ཐུབ་པའི་དབང་པོའི་མགུར་ནས་གསུང་བ་ཡི། །ཐེག་པ་ཆེན་པོའི་ཆོས་ཀྱི་སྙིང་པོ་མཆོག །ཐར་པ་ཆེན་པོའི་མདོ་སྡེ་ཀློག་པ་ཡི། །ཐབས་མཁས་ཆེན་པོས་གཏན་འདུན་སྒྲུབ་པར་རིགས། །མཚན་གཅིག་བརྗོད་ཀྱང་ཕན་པ་མཐའ་ཡས་ན། །ཆོ་ག་ཇི་བཞིན་རྒྱ་ཆེར་བཀླག་པ་ཡིས། །མི་བཟད་སྡིག་ལྟུང་ལྷག་མེད་བྱང་བ་སོགས། །ཕན་ཡོན་བསམ་ལས་འདས་ཕྱིར་འདིར་ཞུགས་ཤིག །དེའང་ཐར་པ་ཆེན་པོའི་མདོ་སྡེ་འདི་ཉིད་གདོན་པ་ལ། མདོ་སྡེ་ཉིད་ལས། ཚིགས་བཅད་གཅིག་འཆང་ངམ་ཀློག་ན་བསོད་ནམས་འདི་ལྟ་བུ་དང་ལྡན་པར་འགྱུར་རོ། །འདི་ལྟ་སྟེ། གང་གིས་མདོ་སྡེ་འདི་འཛིན་ཡང་། །སྡུག་བསྔལ་ཀུན་དང་ཡོངས་འབྲལ་ལོ། །ནམ་དུའང་ངན་འགྲོར་མི་ལྟུང་སྟེ། །བདེ་བའི་གནས་སུ་ཕྱིན་པར་འགྱུར། །ཞེས་མདོ་ཆ་ཚང་ཀློག་པ་ལྟ་ཞོག །ནང་གི་ཚིགས་བཅད་རེ་རེ་དང་མཚན་རེ་རེ་བཀླག་པ་ཙམ་ལའང་ཕན་ཡོན་ཚད་མེད་པས། ཉིན་གྲངས་དང་གདོན་ཐབས་ཀྱི་ལག་ལེན་རྒྱས་བསྡུས་གང་བྱས་ཀྱང་རུང་ངོ་། །འོན་ཀྱང་འདིར་མདོ་རང་ལས་འབྱུང་བའི་ཆོ་གའི་ཡན་ལག་ཐམས་ཅད་ཚང་བར་བྱས་ཏེ་ལག་ལེན་རྒྱས་པའི་དབང་དུ་བྱས་ནས་འགོད་པ་ལ། མདོར། དབེན་པའི་གནས་ཁང་པ་གཅིག་


GTD007_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནང་དུ་དཀྱིལ་འཁོར་བྱས་ལ། དྲིའི་ཆུས་ཆག་ཆག་གདབ། འཕན་གདུགས་བཟང་པོས་བརྒྱན་ཅིང་སྤོས་ཞིམ་པོ་བསྲེགས་ཞེས་དང་། ཁང་པ་དབེན་པ་གཙང་མའི་ནང་བ་དན་དང་རྒྱལ་མཚན་དང་གདུགས་ཀྱིས་བརྒྱན་ནས། ཞེས་པ་ལྟར་ཉིན་སྔ་མ་ནས་གནས་བྱི་དོར་བྱས་ལ་མཆོད་རྫས་དུ་མ་བཀོད་པ་མཛེས་པར་བསྟར། རིགས་ལྔ་དུས་གསུམ་སངས་རྒྱས་སོགས་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་བྲིས་འབུར་གང་མང། སྨན་མདོ་བརྒྱད་བརྒྱ་པ་སོགས་བཀའི་གླེགས་བམ། ས་ཚྭ་ཡན་ཆོད་ཐུགས་རྟེན་ཅི་འབྱོར་པ་རྣམས་ལེགས་པར་དགྲམ་པ་སོགས་ཚགས་སུ་ཚུད་པར་བྱས་ལ། དངོས་གཞིའི་ཉིན་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ལེན་པ་གལ་ཆེ་སྟེ། མདོར། ཤ་དང་ཆང་མི་འཚལ་བར་སྡོམ་པ་ལ་གནས་ཤིང། བདག་ཉིད་རྩེད་འཇོ་ལ་སོགས་པ་སྤངས་ཏེ། ཞེས་དང། ཆོ་ག་ཉིན་ཞག་བདུན་གྱི་བར་དུ་ཉིན་གཅིག་བཟའ་གཅིག་ཏུ་བྱས་ལ། ཞེས་ཆང་དང་རྒྱན་གླུ་གར་དུས་མ་ཡིན་པའི་ཁ་ཟས་སོགས་སྤངས་ཏེ་དཀར་ཆོག་སྟན་གཅིག་ཏུ་བྱ་བའི་ཚུལ་གྱིས་ཡན་ལག་བཞི་དངོས་སུ་བསྟན་པས་རྩ་བ་བཞི་དོན་གྱིས་འགྲུབ་བོ། །དེ་ལྟར་ན་ཞག་གྲངས་ཀྱང་མཐའ་གཅིག་ཏུ་ངེས་གཟུང་མིན་ཡང་ཞག་བདུན་དུ་བྱས་ན་ཤིན་ཏུ་ལེགས་ཏེ། མདོར། ཉིན་ཞག་བདུན་གྱི་བར་དུ་ཉིན་རེ་རེ་ཞིང་མདོ་སྡེ་འདི་བཀླག་སྟེ། ཞེས་དང། གདུགས་བདུན་གྱི་བར་དུ་མདོ་སྡེ་གཞན་མི་བསམ་པར། ཞེས་སོགས་གདུགས་བདུན་བྱ་བར་ཡང་ཡང་གསུངས་སོ། །སྡོམ་པ་བཟུང་བའི་ཐོག་མར་ཡང་འཁོར་བ་མི་རྟག་པའི་ངང་ཚུལ་བསམ་ནས་འཇིགས་པས་སྐྱབས་སུ་འགྲོ་བ་དང་། བྱམས་


GTD007_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་དམིགས་རྣམ་གསལ་བཏབ་སྟེ་སེམས་བསྐྱེད་ཚད་མེད་བཞི་དང་བཅས་པ་བསྒོམ་དགོས་པའང། མདོར། མི་རྟག་པ་ལ་རྣམ་པར་རྟོག་པར་བྱ་ན་ཉོན་མོངས་པ་རྣམ་པར་སྤངས་ཏེ། ཡང་དག་པའི་དྲན་པ་མངོན་དུ་བཞག་ལ་བྱམས་པ་དང་སྙིང་རྗེ་ཐོག་མར་འགྲོ་བར་བྱ་སྟེ། ཞེས་སོ། །དེར་མ་ཟད་ཐེག་པ་ཆེན་པོའི་ལམ་ཐབས་ཤེས་ཟུང་དུ་འཇུག་པ་མེད་མི་རུང་ཡིན་པས། སྟོང་ཉིད་ཀྱི་ལྟ་བས་རྒྱས་འདེབས་པའང་གལ་ཆེ་སྟེ། མདོར། ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་བསྒོམས་ལ། ཆོས་ཀྱི་མཚན་ཉིད་ལ་བདག་དང་། གང་ཟག་དང་། སེམས་ཅན་ལ་སོགས་པའི་ལྟ་བ་མེད་པར་མངོན་པར་བྱ་སྟེ། ཞེས་གསུངས་སོ། །ཚུལ་དེ་ལྟར་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་བླངས་ན་རྒྱ་མཚོ་དང་རྨིག་རྗེས་བཞིན་དམན་པའི་དགེ་ཚོགས་མཐའ་དག་ཟིལ་གྱིས་གནོན་པ་ལ་དགོངས་ནས། འོག་ཏུ། ཐེག་ཆེན་དཔེ་ཚད་རྒྱ་མཚོ་བཞིན། །ཐེག་པ་ཆུང་ངུ་བ་རྗེས་ཆུ། །ཐེག་ཆེན་དཔེ་ཚད་རི་རབ་ལྷུན། །ཐེག་པ་ཆུང་ངུ་གྲོག་མའི་མཁར། །ཞེས་སོགས་གསུངས་པ་ཡིན་ནོ། །དེས་ན་ཐོ་རངས་ལག་རིས་མཐོང་བའི་ཚོད་ཙམ་ལ་ཕྱག་བཙལ་ཅིང་སྐྱབས་སེམས་སྔོན་དུ་བཏང་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་


GTD007_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕན་པར་བྱ་བའི་ཕྱིར་དང། གྲོལ་བར་བྱ་བའི་ཕྱིར་དང། མུ་གེ་མེད་པར་བྱ་བའི་ཕྱིར་དང། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང། ཕན་པར་བྱ་བའི་ཕྱིར་དང། གྲོལ་བར་བྱ་བའི་ཕྱིར་དང། མུ་གེ་མེད་པར་བྱ་བའི་ཕྱིར་དང། ནད་མེད་པར་བྱ་བའི་ཕྱིར་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་། ཐབས་ལེགས་བྱས་ལ། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱོད་ཅིང། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའ། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ན། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །


GTD007_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མང་འཁྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ལན་གཅིག་རྗེས་ཟློས་བྱས་ནས་བསླབ་པ་བསྲུང་བར་དམ་བཅའ། རྟེན་གྱི་དྲུང་ཡིན་ན། སློབ་དཔོན་དགོངས་སུ་གསོལ་ཞེས་པ་དང་ཐབས་ལེགས་མི་དགོས། གཞན་རྣམས་རང་གིས་བརྗོད། མཇུག་ཏུ། ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ་པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་བརྗོད། ཁྲིམས་ཀྱི་ཚུལ་ཁྲིམས་ཞེས་སོགས་ཀྱིས་སྨོན་ལམ་གདབ་བོ།། དངོས་གཞི་ལ་རྒྱུད་ཆགས་གསུམ་གྱི་ཐོག་མ་ཕྱག་འཚལ་དགོས་པར་འདུལ་བ་སོགས་ནས་གསུང་བར་མ་ཟད་མདོ་འདིར། དུས་གསུམ་ཕྱོགས་བཅུའི་སངས་རྒྱས་དང་། ཆོས་གསུང་རབ་ཡན་ལག་བཅུ་གཉིས། བྱང་སེམས་དུ་མ་དང་བཅས་པར་ཕྱག་འཚལ་བའི་ཚུལ་ནན་ཏན་དུ་གསུངས་པས། འགྲེང་སྟེ་དད་པ་ཤུགས་དྲག་པོ་དང་བཅས་ཡན་ལག་ལྔས་ཕྱག་ཚུལ་དང་མཐུན་པར་བཙལ་ལ། སངས་རྒྱས་རིན་ཆེན་གཙུག་ཏོར་འོད་མི་འགྱུར། །ཉི་ཟླ་མར་མེ་གསལ་བ་ཉི་ཁྲི་སོགས། །འདས་པའི་སངས་རྒྱས་གཅིག་བཅུ་བརྒྱ་སྟོང་ཁྲ། །སོགས་ཀྱིས་མཚོན་ཏེ་གངྒཱའི་བྱེ་མའི་རྡུལ། །བྱེ་བ་བརྒྱ་སྟོང་སྙེད་ལས་འདས་པ་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །ཕྱོགས་བཅུའི་ཞིང་ན་འཚོ་གཞེས་རྒྱལ་རྣམས་དང། །ཤཱཀ་ཐུབ་གསལ་རྒྱལ་འབུམ་ཕྲག་བཅུ་ལ་སོགས། །ད་ལྟའི་སངས་རྒྱས་གཅིག་བཅུ་བརྒྱ་སྟོང་ཁྲ། །སོགས་ཀྱིས་མཚོན་ཏེ་གངྒཱའི་བྱེ་མའི་རྡུལ། །བྱེ་བ་བརྒྱ་སྟོང་སྙེད་ལས་འདས་པ་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །ཕྱི་མའི་དུས་སུ་འབྱོན་པར་འགྱུར་བ་ཡི། །རྒྱལ་བ་བྱམས་མགོན་རྣམ་དག་སྐུ་ལ་སོགས། །མ་


GTD007_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་སངས་རྒྱས་གཅིག་བཅུ་བརྒྱ་སྟོང་ཁྲ། །སོགས་ཀྱིས་མཚོན་ཏེ་གངྒཱའི་བྱེ་མའི་རྡུལ། །བྱེ་བ་བརྒྱ་སྟོང་སྙེད་ལས་འདས་པ་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན་པ་སོགས། །ཡན་ལག་བཅུ་གཉིས་ལུང་རྟོགས་དམ་པའི་ཆོས། །ཕྱོགས་བཅུའི་ཞིང་ཁམས་གཅིག་བཅུ་བརྒྱ་སྟོང་ཁྲ། །སོགས་ཀྱིས་མཚོན་ཏེ་གངྒཱའི་བྱེ་མའི་རྡུལ། །བྱེ་བ་བརྒྱ་སྟོང་སྙེད་དུ་བཞུགས་པ་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །འཇམ་དབྱངས་སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ། །བརྩོན་འགྲུས་རྟག་དང་རྒྱུན་མི་གཏོང་བ་སོགས། །སེམས་དཔའ་ཆེན་པོ་གཅིག་བཅུ་བརྒྱ་སྟོང་ཁྲ། །སོགས་ཀྱིས་མཚོན་ཏེ་གངྒཱའི་བྱེ་མའི་རྡུལ། །བྱེ་བ་བརྒྱ་སྟོང་སྙེད་ལས་འདས་པ་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ནས། ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་ཕྱག་དང་སྦྲགས་ཏེ་བྱ། ཐོག་མའི་ཕྱག་འདི་ནི་ཤིན་ཏུ་གལ་ཆེ་བས། མདོར། དད་སྐྱེས་བརྩོན་འགྲུས་ཕྱག་འཚལ་ན། །ཚད་མེད་སངས་རྒྱས་མཐོང་བར་འགྱུར། །དེ་བས་རྩེ་གཅིག་ཕྱག་ཚོལ་ཅིག །ཅེས་གསུངས་སོ། །སངས་རྒྱས་བྱང་སེམས་གྲངས་མེད་པ་དེ་སྙེད་ཡིད་ཡུལ་དུ་བྱས་ནས་ཕྱག་འཚལ་བ་ལྟ་ཞོག །དེའི་ནང་གི་བྱང་སེམས་རེ་རེའི་མཚན་འཛིན་པའང་དོན་ཤིན་ཏུ་ཆེ་བ་ནི། མདོར། ཆོས་ཀྱི་རྣམ་གྲངས་འདིའི་ནང་གི་སངས་རྒྱས་ཀྱི་མཚན་གཅིག་གམ། བྱང་ཆུབ་སེམས་དཔའི་མཚན་གཅིག་བརྗོད་ན་གང་ཟག་དེ་ཚེ་འདི་ཉིད་ལ་བདེ་བ་ཐོབ་སྟེ་སྡིག་པ་རྣམས་མི་མཐོང་ཞིང་། ཚེ་ཟད་དེ་འཆི་འཕོས་ནའང་བྱང་ཆུབ་སེམས་དཔའ་བདག་ཅག་རྣམས་ཀྱིས་སྔོན་དུ་ལམ་དྲངས་ཏེ། བདག་ཅག་གིས་འཇིག་རྟེན་གྱི་ཁམས་རྣམ་པར་དག་


GTD007_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་གཅིག་ཏུ་སྐྱེ་བར་བགྱིའོ། །ཞེས་འདི་ཕྱི་གཉི་གར་དོན་ཤིན་ཏུ་ཆེ་ཚུལ་གསལ་བར་བསྟན་པ་བཞིན་ནོ། །སངས་རྒྱས་རྣམས་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་ཞིང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཀུན་ཏུ་ཁྱབ་པས་མདུན་ན་མངོན་སུམ་དུ་བཞུགས་ཡོད་པར་དམིགས་ཤིང། དེ་ལྟར་བློ་ཐག་ཆོད་པ་བྱུང་ན་ས་ཆོད་ཤིན་ཏུ་ཆེ་བས། མདོར། སངས་རྒྱས་གྲངས་མེད་པའི་འདུ་ཤེས་བསྐྱེད་དེ་མཐོང་བ་དང་འདྲ་བར་དམིགས་ལ། ཞེས་སོ། །ཕྱག་གྲུབ་ནས་སྟན་ལ་འཁོད་དེ། རྒྱལ་བ་རྒྱ་མཚོ་ཞེས་སོགས་མཆོད་འཕྲེང་རྒྱས་པའམ། བསྡུ་ན། མེ་ཏོག་དམ་པ་ནས་ཕྱག་འཚལ་མཆོད་པར་བགྱི། །ཞེས་མཆོད་པ་དབུལ། བསླབ་བཏུས་སུ་སྡིག་པ་སྦྱོང་བའི་ཐབས་དྲུག་གསུངས་པ་ལས། འདིར་མདོ་སྡེ་ཟབ་མོ་ལ་བརྟེན་པ་གཙོ་བོ་ཡིན་ཞིང་། མཚན་ལ་བརྟེན་པ་དང། བཟླས་པ་ལ་བརྟེན་པ་གཉིས་ཀྱང་ནང་དུ་གསལ་ལ། འོག་ཏུ། ཤེས་རབ་སྟོང་པ་ཉིད་ཀྱི་ཕྱིར་སྡིག་པའི་རང་བཞིན་སྟོང་པ་ཉིད་དོ། །ཞེས་སྟོང་པ་ཉིད་ལ་བརྟེན་པར་གསུངས་པ་སོགས་དོན་གྱི་གནད་ཐམས་ཅད་ཚང་ངོ་། །དེས་ན་དངོས་གཞིའི་གཙོ་བོ་འགྱོད་ཚང་གིས་སྡིག་པ་སྦྱོང་བ་ཡིན་པས་བཤགས་པའི་མཚམས་འདིར་མདོ་སྡེ་བཀླག་པར་བྱའོ། །ཀློག་པའི་ཚེ་འགའ་ཞིག་གིས་ཆོས་ལ་དབང་བ་པོ་ལྟ་བུར་བྱས་ཏེ་གུས་པ་མེད་པར་གར་བབ་ཏུ་འཇོག་པ་དང་ལག་པ་སྣུམ་དང་དྲི་མས་སྦགས་པས་བཟུང་སྟེ་ནོག་པོར་བྱེད་པ་དང། སེམས་གཡེང་བས་ཆད་ལྷག་དང་སྒྲ་ལོག་ཏུ་འདོན་པ་སོགས་ནི་ཕན་ཡོན་ལས་ཉེས་དམིགས་ཆེ་བས་ཤིན་ཏུ་མི་རུང་སྟེ། མདོར། སུག་པ་མི་གཙང་བས་མདོ་སྡེ་འདི་བཟུང་ངམ། མ་གུས་པར་བཀླགས་སམ། ཁ་ཏོན་དུ་བགྱིས་ན། བདག་ཅག་གིས་གང་ཟག་དེ་འགྲོ་སྡོད་འདུག་ཉལ་གྱི་སྤྱོད་ལམ་རྣམ་བཞིར་ལུས་དང་སེམས་མི་བདེ་བར་བགྱིའོ། །ཞེས་མ་གུས་པར་བྱས་ན་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་གནོད་པ་བྱེད་ཚུལ་དང་། ལག་པ་གཙང་མས་བླངས་ཤིང་འཆང་ངམ། ཁྲུས་བགྱིས་ཏེ་བདུག་སྤོས་ཀྱིས་བདུག་ཅིང་བླང་ངམ། ཞེས་སོགས་ནས།


GTD007_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བར་བགྱིའོ། །ཞེས་གུས་པ་ལ་གྲོགས་བྱེད་ཚུལ་གསུངས་པས། གལ་ཏེ་བདུག་སྤོས་ཀྱིས་བདུག་པ་མ་བྱུང་ཡང་། སྒོག་བཙོང་ཐ་མ་ཁ་སོགས་དྲི་ངན་གྱིས་མ་བདུགས་པ་ཞིག་གལ་ཆེའོ།། གཙོ་བོ་བསམ་པའི་ཁྱད་པར་ཇི་ལྟ་བུས་ཀློག་པའང་མདོར། སེམས་ཐག་པ་ནས་མི་འཁྲུགས་པ་དང། སེམས་ཐག་པ་ནས་མི་ནོར་བ་དང། སེམས་ཐག་པ་ནས་མི་གཡེང་བ་དང། སེམས་ཐག་པ་ནས་དུས་ཀྱིས་འགྲུས་པ་དང། སེམས་ཐག་པ་ནས་དད་པ་བསྐྱེད་པ་དང། སེམས་ཐག་པ་ནས་དགའ་བ་བསྐྱེད་པ་དང། ཞེས་སོགས་དང། གོང་དུ་ཐབས་ཤེས་ཁྱད་པར་ཅན་གྱི་ཀུན་སློང་གསལ་འདེབས་ཚུལ་གསུངས་པ་དེ་ལྟ་བུའི་བསམ་སྦྱོར་རྣམ་དག་ཡ་མ་བྲལ་བའི་སྒོ་ནས་གདོན་དགོས་སོ། །མདོ་བཀླགས་པའི་འཕྲོར། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ཞེས་པ་ནས། སོ་སོར་བཤགས། །རྒྱལ་བུ་དགེ་མཐོང་སྐྱེ་བོ་སུམ་སྟོང་བཅས། །མི་བཟད་སྡིག་ལྟུང་དཔག་མེད་བྱས་ན་ཡང། །མདོ་སྡེ་འདིར་བརྟེན་འགྱོད་ཚང་བགྱིས་པ་ཡིས། །ཉེས་པའི་དྲི་མ་ལྷག་མེད་བྱང་བ་བཞིན། །དུས་གསུམ་ཕྱོགས་བཅུར་བཞུགས་པའི་རྒྱལ་རྣམས་དང། །མདོ་སྡེ་བཅུ་གཉིས་རྒྱལ་སྲས་ཚོགས་ཀྱི་མཐུས། །བདག་སོགས་འབྲེལ་ཐོགས་འགྲོ་བ་མ་ལུས་པའ། །སྒོ་གསུམ་ཉེས་ཚོགས་བྱང་ཞིང་དག་གྱུར་ཅིག །ཁྱད་པར་ཚེ་འདས་ལྟ་བུའི་དོན་ཡིན་ན་རྐང་པ་གསུམ་པར། དམིགས་ཡུལ་ཚེ་ལས་འདས་པ་འདི་ཉིད་ཀྱི། །ཞེས་སམ། ཚེ་འདས་རབ་བརྟན་བཟང་པོ་ཞེས་བྱ་འདིའ། །ཞེས་པ་ལྟ་བུར་བསྒྱུར་ཀྱང་རུང། དེ་ནས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་ཞེས་སོགས་ཀྱི་ཡན་ལག་ལྷག་མ་རྣམས་བྱའོ། །དེ་ནས་བཟང་སྤྱོད་ཀྱི་འཕྲོ་དང། བདེ་བ་ཅན་གྱི་སྨོན་ལམ། བྱམས་པའི་སྨོན་ལམ་སོགས་རང་གི་མོས་པ་དང་བསྟུན་པའི་བསྔོ་སྨོན་རྣམ་དག་གིས་མཚམས་སྦྱར་བར་བྱའོ། །ཐུན་མཚམས་སུ།


GTD007_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿ སངྒྷ་ཡ། ཨ་དནྡྷི་དྷ་ར་ཎི། ཏངྱ་ཐཱ། ཧ་ཨཱ་ཀ་ཤ་ནི་བ་བཱི། སརྦ་དྷརྨཱ་བ་བཱི། ཨ་ཤ་མ་དྷི། བི་པ་ཤ་ན། བི་མ་ལ་སུ་པ་རི་དརྨ་ཎི་ཁ་ན། བ་རུ་ཎི་ཙ་ཡ་ཏ་མ་ལེ་ཙ་ལེ། ཧུ་ལུ་ཧུ་ལུ། ཤི་བི་དེ་མནྟྲ་མནྟྲ་སྭཱཧཱ། ཞེས་པའི་སྔགས་འདི་བཟླ་ཞིང་བསྐོར་བ་བྱ། ཡང་མདོར། ཐོག་མའི་ཉིན་པར་ནས་ཞག་དྲུག་ཏུ་ལོན་པའི་ནང་བར་ལུས་ལ་སྤོས་ཆུས་བཀྲུ་བར་བྱའོ། །གསུངས་པ་བཞིན། ཐོག་མ་ནས་ཆུ་གཙང་བཞག་སྟེ་སངས་རྒྱས་བྱང་སེམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབ་པའི་དམིགས་པ་དང་བཅས་མདོ་དང་གཟུངས་བཟླས་པའི་མཐར་ཕུ་གདབ་ཅིང། སྒྲུབ་པ་ཐོན་པའི་ཉིན་རང་དང་ཡོན་བདག་སོགས་ལ་ཁྲུས་བྱ་ཞིང། གཤིན་བུ་རུས་བུ་སོགས་ལ་བཏབ་ནའང་ཕན་ཡོན་ཤིན་ཏུ་ཆེའོ། །དེ་ལྟར་བསམ་པ་ཐག་པས་མདོ་སྡེ་འདི་ཉིད་ལ་བརྟེན་ནས་མཐོལ་ཚང་ཚུལ་བཞིན་དུ་བྱས་ན་ཇི་ལྟ་བུའི་སྡིག་པ་སྟོབས་པོ་ཆེའང་ལྷག་མེད་དུ་བྱང་ཞིང་དག་པར་འགྱུར་བར་སྟོན་པ་ཐུབ་པའི་དབང་པོས་བསླུ་བ་མེད་པའི་བདེན་ཚིག་གིས་ཞལ་གྱིས་བཞེས་པ་ཡིན་ཏེ། མདོར། དེ་བཞིན་མཐོལ་ཚང་བྱེད་ནུས་ན། །རྩ་བ་བཞི་དང་མཚམས་མེད་ལྔ། །ལོག་སྤྱོད་བར་དུ་སྡིག་བྱང་སྟེ། །སངས་རྒྱས་འགྲུབ་པར་གདོན་མི་ཟ། །ཞེས་གསུངས་པ་སྙིང་ལ་བཅང་བར་བྱའོ། །ཐར་དཀའ་སྲིད་པའི་བཙོན་རར་ཆུད་པ་ལས། །ཐར་པར་འདོད་པའི་བློ་ལྡན་སྐྱེ་བོ་རྣམས། །ཐར་པ་ཆེན་པོའི་ཐེམ་སྐས་འདིར་བརྟེན་ནས། །ཐར་པའི་གྲོང་ཁྱེར་མཆོག་ཏུ་འཇུག་གྱུར་ཅིག །ཅེས་མདོ་སྡེ་ཐར་པ་ཆེན་པོ་འདོན་ཐབས་མདོ་ཉིད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བཀོད་པ་འདི་ནི། མིང་གན་ཤོག་ནས་དད་ལྡན་དགེ་སློང་ངག་དབང་བཀྲ་ཤིས་དང་སྨན་པ་རབ་འབྱོར་གཉིས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་ཀུན་དགའོ།། ༈ གང་གི་ཐུགས་རྗེ་ཉིན་


GTD007_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གདེངས་ཀ་ལས། །འགྲོ་བའི་ཉེས་ལྟུང་གྲང་རེག་ཁ་བའི་ར། །འཇོམས་བྱེད་གསུང་གི་ཚ་ཟེར་འབུམ་འཕྲོ་བ། །ཐུབ་དབང་ཆོས་དང་དགེ་འདུན་བཅས་ལ་འདུད། །ཡན་ལག་དྲུག་ཅུའི་རྒྱུད་དུ་གང་འཁྲོལ་བ། །མཐའ་དག་འཆོས་སྐྱོབ་ཡོན་ཏན་དཔལ་འཛིན་ཡང། །ཁྱད་པར་སྡིག་ལྟུང་སྦྱངས་ཏེ་ངན་སོང་སྒོ། །གཅོད་བྱེད་ཐར་པ་ཆེན་པོའི་མདོ་འདི་བསྔགས། །དེ་ཕྱིར་ཐོག་མེད་དུས་ནས་འཁྱམས་པ་ཡི། །སྲིད་འདིར་ཕྱི་མ་མེད་པའི་ཕྱག་བགྱིས་ཏེ། །རྣམ་གྲོལ་གླིང་དུ་འཇུག་འདོད་དོན་མཐུན་རྣམས། །ཡང་དག་ཐབས་ཀྱི་གྲུ་གཟིངས་འདིར་ཞུགས་ཤིག །དེ་ཡང་མདོ་སྡེ་ཟབ་མོ་རྣམས་རང་གིས་ཀློག་པའམ། གཞན་ལ་འཆད་པ་སོགས་ཀྱི་ཚེ་ཇི་ལྟར་གདོན་པའི་ཚུལ་ནི་ཐུབ་པའི་དབང་པོ་ཉིད་ཀྱིས་གསལ་བར་གསུངས་ཏེ། འདུལ་བ་ལུང་ལས། རྒྱུད་ཆགས་གསུམ་པ་བྱའོ། །ཞེས་གསུངས་པ་ལ། དེ་ཇི་ལྟར་བྱ་བ་མ་ཤེས་ནས་སླར་ཡང་ཞུས་པས། དང་པོར་ཕྱག་འཚལ་བ་དང། བར་དུ་མདོ་འདོན་པ་དང། མཐར་བསྔོ་བ་བྱ་བའོ། །ཞེས་སྦྱོར་དངོས་རྗེས་ཀྱི་རིམ་པ་གསུམ་དུ་བསྡུས་ནས་གསུངས་སོ། །དང་པོ་ཕྱག་འཚལ་བ་ཡང་བསྟན་པའི་བདག་པོ་ཐུབ་པ་བཅོམ་ལྡན་འདས་གཙོ་བོར་བྱས་པས་སྐྱབས་ཡུལ་རྣམས་གསལ་བཏབ་སྟེ། དེ་དག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་མི་ཕྱེད་པའི་དད་པ་དང། རང་ཉིད་འཁོར་བ་སྤྱི་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པ་སོགས་སྐྱེས་བུ་ཆུང་འབྲིང་ཐུན་མོང་གི་བསམ་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་ཚུལ་ཙམ་ཞིག་དངོས་ཟིན་ལ་སྨོས་པ་ནི་རིགས་ཅན་གསུམ་གས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གང་ལའང་ཐོས་བསམ་བྱེད་ཚུལ་སྤྱི་ཙམ་གྱི་དབང་དུ་བྱས་པ་ཡིན་ལ། ཁྱད་པར་དུ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱི་དབང་དུ་བྱས་ན་དེ་ཙམ་གྱིས་


GTD007_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆོག་པར་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་མཐོང་བའི་དད་པས་ཡིད་དྲངས་ཏེ། རང་ཉིད་ཀྱང་དེ་ལྟ་བུའི་གོ་འཕང་བླ་ན་མེད་པ་མངོན་དུ་བྱ་བར་འདོད་པའི་བསམ་པ་སེམས་བསྐྱེད་ཀྱི་རྩིས་ཟིན་པ་དགོས་པས། དེ་ལྟར་ན་རྒྱུད་ཆགས་དང་པོའི་ཁོངས་སུ་སྦྱོར་བའི་རིམ་པར་ཚང་བར་བསྟན་པ་ཡིན་ནོ། །བར་དུ་མདོ་གདོན་པའི་ཚེ་ཡང་སྔ་མའི་ཀུན་སློང་དེ་ཉིད་མ་བརྗེད་པའི་དྲན་འདུན་དུར་རེ་བ་དང། རྒྱལ་བ་སྲས་བཅས་རྣམས་ཀྱིས་རང་ཉིད་ལ་ལུང་འབོགས་པའི་རྗེས་སུ་ཟློས་པའམ། དཀར་ཕྱོགས་ལ་དགའ་བའི་ལྷ་ལ་སོགས་པ་མི་དང་མི་མ་ཡིན་རྣམས་ལ་ཆོས་ཀྱི་སྦྱིན་པ་བྱས་པའི་མོས་པ་དང། མདོ་སྡེ་རང་རང་གི་བརྗོད་བྱའི་དོན་ལ་དཔྱད་སྒོམ་བྱེད་པ་རྣམས་ཡ་མ་བྲལ་བའི་ངང་ནས་འདོན་དགོས་ཤིང་། མཇུག་ཏུ་དགེ་བའི་རྩ་བ་དེ་དག་ཆུད་མི་ཟ་བར་བྱ་བའི་ཕྱིར་བསྟན་འགྲོའི་དོན་དང་བྱང་ཆུབ་མཆོག་གི་རྒྱུར་བསྔོས་ཏེ་སྨོན་ལམ་རྣམ་པར་དག་པར་རྒྱས་འདེབས་པ་གསུམ་ཆར་ཚང་བའི་སྟོབས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་མ་ལུས་པའི་སྦྱོར་དངོས་རྗེས་ཀྱི་འབྲས་བུ་མཐའ་དག་སྦྱོར་ཞིང་། རྣམ་པར་བྱང་བའི་ཕྱོགས་ཀྱི་བདག་འབྲས་རྣམ་སྨིན་རྒྱུ་མཐུན་གྱི་འབྲས་བུ་མཐའ་དག་ལྷུན་གྱིས་གྲུབ་པར་འབྱུང་ངོ་། །དེར་མ་ཟད་ཚུལ་འདི་ནི་ཤེར་ཕྱིན་གྱི་མདོའི་དགོངས་པ་བླ་ན་མེད་པ་དང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་སློབ་ཚུལ་མཐར་ཐུག་པའང་ཡིན་ཏེ། ཤེར་མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་མི་དམིགས་པའི་ཚུལ་གྱིས་སྦྱིན་སོགས་ལ་སློབ་ཅིང། དགེ་བའི་རྩ་བ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་བསྔོར་མི་གཞུག་གོ །ཞེས་སྤྱོད་པ་གང་ལ་སློབ་པའི་ཚེ་དང་པོར་སེམས་བསྐྱེད་དང་མཇུག་བསྔོ་བས་རྒྱས་འདེབས་པར་གསུངས་པ། འདིར་རྒྱུད་ཆགས་གསུམ་དུ་བྱེད་ཚུལ་དང་དགོངས་པ་གཅིག་ཏུ་འབབ་བོ། །དེ་ལྟར་ངེས་པ་བརྟན་པོ་བསྐྱེད་དེ། དངོས་གཞི་ངག་འདོན་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ནི། །ཐབས་མཁས་ཐུགས་རྗེའི་སྤྱོད་པ་རྨད་བྱུང་


GTD007_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཆེར་སྙིགས་གདུལ་དཀའི་འདྲེན་པ་ཐུབ་པའི་དབང་། །སངས་རྒྱས་སོ་ལྔ་བདེ་གཤེགས་བདུན་ལ་སོགས། །རབ་འབྱམས་ཡི་དམ་རྒྱལ་བའི་དཀྱིལ་འཁོར་དང། །སྒྲིབ་སེལ་ཀུན་བཟང་ནམ་སྙིང་བྱམས་འཇམ་དབྱངས། །སྤྱན་རས་གཟིགས་དང་གསང་བདག་ས་སྙིང་སོགས། །བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྲུང་བཅས། །བསླུ་མེད་སྐྱབས་ཀྱི་དམ་པ་མ་ལུས་པ། །བདག་སོགས་ཉམ་ཐག་འགྲོ་ལ་རྗེས་བརྩེ་བས། །རབ་འབྱམས་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་བྱོན་སྤྲིན་གྱི་ཕུང་པོ་འཁྲིགས་པ་བཞིན། །མཁའ་དབྱིངས་ཁྱབ་པར་དགྱེས་བཞིན་བཞུགས་སུ་གསོལ། །གང་ལ་བརྟེན་ན་ངན་འགྲོའི་འཇིགས་འཕྲོག་ཅིང། །ཐར་འདོད་ཐར་པར་འཁྲིད་པའི་ས་མཁན་མཆོག །ཐམས་ཅད་མཁྱེན་པའི་ཡོན་ཏན་མཛོད་འཛིན་པ། །སྐྱབས་མཆོག་མཚུངས་མེད་ཀུན་ལ་ཕྱག་འཚལ་ལོ། །བདག་ལུས་ལོངས་སྤྱོད་རྣམ་དཀར་དགེ་ཚོགས་བཅས། །ཡིད་འོང་མཆོད་པའི་སྤྲིན་དུ་ལེགས་ཤར་ཏེ། །ཀུན་བཟང་བདེན་པའི་སྟོབས་ཀྱིས་འབུལ་ལགས་ན། །བརྩེ་ལྡན་ཉིད་ཀྱི་མཐུ་ཡིས་བཞེས་སུ་གསོལ། །སྔོན་མཐའ་མི་མངོན་སྲིད་པའི་གྲོང་ཁྱེར་དུ། །དུག་གསུམ་དབང་གྱུར་སྡིག་ལྟུང་གང་བསགས་པ། །རྒྱལ་ཀུན་མཐུ་དང་མདོ་སྡེའི་བྱིན་རླབས་ཀྱི། །བདུད་རྩིའི་ཆུ་ཡིས་ལྷག་མེད་སྦྱང་དུ་གསོལ། །གང་ཞིག་རྣམ་དག་ལྷག་བསམ་མོས་གུས་ཀྱིས། །ཐུབ་དབང་གསུང་གི་སྙིང་པོ་དམ་པ་འདི། །འཛིན་ཅིང་ཀློག་དང་ཚུལ་བཞིན་སེམས་པ་སོགས། །


GTD007_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་ལྷུར་ལེན་ཀུན་ལ་རྗེས་ཡི་རང། །སྲིད་པའི་གཡང་སར་འཁྱམས་པའི་དམུས་ལོང་ཀུན། །འཁྲིད་པའི་ས་མཁན་ཐུགས་རྗེ་མངའ་བ་རྣམས། །རྟག་ཏུ་བཞུགས་ནས་ཟབ་རྒྱས་དམ་ཆོས་ཀྱི། །ཡང་དག་ལམ་བཟང་ཇི་བཞིན་བསྟན་དུ་གསོལ། །འདིས་མཚོན་རང་གཞན་དགེ་ཚོགས་ཅི་མཆིས་པ། །དོན་མེད་འཁོར་བའི་རྒྱུ་རུ་མི་སྨིན་ཞིང་། །མི་མཐུན་རྐྱེན་གྱིས་ནམ་ཡང་མི་གཞོམ་པར། །རྒྱལ་ཀུན་སྨོན་པའི་ཀློང་དུ་སིམ་གྱུར་ཅིག །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །མི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །རྣམ་འདྲེན་ཐུབ་པའི་དབང་པོ་འཁོར་བཅས་ཀྱིས། །བདག་བློ་ལོག་པའི་ལམ་ལས་བཟློག་པ་དང། །ཡང་དག་ལམ་གྱི་རྟོགས་པ་མ་ལུས་པ། །གེགས་མེད་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །ལན་གསུམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། དེ་ནས་མདོ་སྡེ་ཇི་ཙམ་ཀློག་པར་འདོད་པ་རྣམས་སྒྲ་དག་ཅིང་གསལ་ལ་ཆད་ལྷག་མེད་པར་བཏོན་ཏེ། མཇུག་ཏུ། འབྱུང་པོ་གང་དག་ཕྱོགས་འདིར་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །མི་ཁོམ་བརྒྱད་སྤངས་དལ་བའི་རྟེན་


GTD007_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཅིང། །བཤེས་གཉེན་དམ་པས་དགྱེས་བཞིན་རྗེས་བཟུང་སྟེ། །རྣམ་འདྲེན་རྒྱལ་བའི་བསྟན་ལ་འཇུག་གྱུར་ཅིག །ཁྱད་པར་ཚུལ་ཁྲིམས་དག་པའི་དགའ་ཚལ་དུ། །རྒྱ་ཆེན་ཐོས་པའི་མྱུ་གུ་གཡུར་ཟ་ཞིང། །ཕུལ་བྱུང་ཉམས་རྟོགས་འབྲས་བཟང་སྨིན་པ་ཡིས། །རྣམ་གྲོལ་བདེ་བའི་དུས་སྟོན་རྒྱས་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའ། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ན། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་ཚོགས་ཇི་སྙེད་བསགས་པ་ན། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་རྒྱུ་རུ་བསྔོ། །ཞེས་སོགས་དང། གཞན་ཡང་བདེ་བ་ཅན་དང་དགའ་ལྡན་ལྟ་བུར་སྐྱེས་པའི་རྒྱུར་ཆེད་དུ་དམིགས་པ་ཡིན་ན། དེ་དང་འབྲེལ་བའི་སྨོན་ལམ་གྱིས་ཁ་བསྒྱུར་བ་སོགས་རང་གི་མོས་པ་དང་སྦྱར་ཏེ་བྱའོ། །མདོ་སྡེ་ཀློག་འདོན་རྒྱལ་བའི་དགོངས་པ་བཞིན། །རྒྱུད་ཆགས་གསུམ་དུ་བསྡུས་ཏེ་བྱ་བའི་ཚུལ། །བཀོད་པའི་དགེ་བས་འགྲོ་བ་མ་ལུས་པ། །ཐར་པའི་གོ་འཕང་མཆོག་ལ་གཞོལ་གྱུར་ཅིག །ཅེས་ཐར་པ་ཆེན་པོའི་མདོ་སྡེ་ཁ་ཏོན་དུ་བྱ་བའི་ཚུལ་འདི་ནི་དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་བློ་གྲོས་ཀྱིས་འདིའི་འདོན་ཐབས་གསལ་བར་བཀོད་པ་ཞིག་དགོས་ཞེས་ནན་ཆེར་བསྐུལ་བའི་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་གུ་རུ་མུ་ནཱི་ནྡྲཱ་ཡ། དེའང་མདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་གཞིར་བཞག་སྟེ་ཅུང་ཟད་ཁ་སྐོང་


GTD007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་འདེབས་ཀྱི་ཚུལ་དུ་འགོད་པ་ལ། རྟེན་དགྲམ་ཞིང་མཆོད་པ་བཤམས། ཁྲུས་དང་གཙང་སྦྲ་ལ་གནས་པས་ས་གཞི་བྱིན་གྱིས་བརླབ་ཅིང་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང། བདུད་ཚར་གཅོད་པའི་སྔགས་སམ་ཤེར་སྙིང་གདོན་ཚུལ། སྐྱབས་ཡུལ་སྤྱན་འདྲེན་པ་རྣམས་གཞུང་བཞིན་བྱས་ལ། འདིར་གོང་དུ་ཕྱག་ལན་གསུམ་བཙལ་ཏེ་ཞེས་གསུངས་པའི་དགོངས་པ་ནི་འདུལ་བའི་སྡེ་སྣོད་ལས། མདོ་གདོན་པའི་ཚེ་དང་པོར་ཕྱག་འཚལ་བ། བར་དུ་མདོ་གདོན་པ། ཐ་མར་བསྔོ་བ་བྱེད་པ་དང་བཅས་རྒྱུད་ཆགས་གསུམ་དུ་གསུངས་པ་ལ་དགོངས་པར་འདུག་པས། དངོས་སུ་ཕྱག་འཚལ་བ་དང་སྦྲགས་བཞིན་པས་ཚིགས་བཅད་འདི་དག་གདོན་པར་བྱ་སྟེ། བདེ་གཤེགས་གཞན་གྱིས་གདུལ་བར་མ་ནུས་པ། །ཆེར་སྙིགས་ལྔ་བདོའི་དུས་ཀྱི་འགྲོ་བ་ལ། །ལྷག་པར་བརྩེ་བའི་སྟོན་པ་ཐུགས་རྗེ་ཅན། །འཁོར་དང་བཅས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མི་བཟད་ངན་སོང་གསུམ་གྱི་གཡང་ས་འགྲིམ། །རྒྱུས་མེད་བར་དོའི་འཕྲང་དུ་བགྲོད་རྣམས་ལ། །ལྷག་པར་བརྩེ་བའི་སྟོན་པ་ཐུགས་རྗེ་ཅན། །འཁོར་དང་བཅས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཐོག་མེད་དུས་ནས་མི་དགེ་བསགས་པའི་སྟེང། །སྒོ་གསུམ་བག་མེད་དམ་ཚིག་ཉམས་པ་ལ། །ལྷག་པར་བརྩེ་བའི་སྟོན་པ་ཐུགས་རྗེ་ཅན། །འཁོར་དང་བཅས་ལ་ཕྱག་འཚལ་སྐྱབས་སུ་མཆི། །གཉེན་བཤེས་འཁོར་དང་ལོངས་སྤྱོད་ཀུན་བོར་ཏེ། །ཕྱི་མར་ལས་ཀྱི་སྐྱེས་ཆེན་འདེགས་རྣམས་ལ། །ལྷག་པར་བརྩེ་བའི་སྟོན་པ་ཐུགས་རྗེ་ཅན། །འཁོར་དང་བཅས་ལ་ཕྱག་འཚལ་སྐྱབས་སུ་མཆི། །བདེན་གསུང་ཐུབ་པའི་དབང་པོའི་བདེན་ཚིག་གིས། །ཉེས་ཀུན་བྱང་ཞིང་མཐོ་རིས་ཐར་པའི་ལམ། །


GTD007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་བགྲོད་པར་ཞལ་གྱིས་བཞེས་པ་ཡི། །བདེན་པ་དེང་འདིར་མངོན་དུ་འགྱུར་བར་མཛོད། །ཅེས་ཕྱག་བྱ་བ་སྔོན་དུ་བཏང་ནས་དངོས་གཞི་མདོ་འདོན་ཚུལ་གཞུང་ལྟར་ལ། ཚིག་དོན་ཡིད་ལ་བྱེད་པའི་དམིགས་རྣམ་དང། ཆོས་སྤྱིའི་ལུང་ནོད་པའི་ཆོ་ག་ཇོ་བོའི་མན་ངག་ཏུ་གྲགས་པ་ལྟར་ཐུབ་པའི་དབང་པོའི་གསུང་ལྷང་ལྷང་རང་ལ་འདོམས་པར་མོས་པ་དང། ཆོས་བསྒྲགས་པའི་མདོ་བཞིན་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་སོགས་ལ་ཆོས་ཀྱི་སྦྱིན་པ་བྱས་པར་དམིགས་ན་དགོས་དོན་ཁྱད་པར་ཅན་དུ་མ་དཀྱུས་གཅིག་ལ་འགྲུབ་པར་འགྱུར་རོ།། མཇུག་ཏུ་བཟང་པོ་སྤྱོད་པ་སོགས་ཀྱིས་བསྔོ་བ་བྱ། ཁྱད་པར་གཤིན་པོ་ལྟ་བུའི་དོན་དུ་ཡིན་ན། འདི་ལྟར་འབད་པའི་དགེ་ཚོགས་ཐམས་ཅད་ཀྱང་། །དམིགས་ཡུལ་ཚེ་འདས་དེ་ཡི་རྗེས་ཞུགས་ཏེ། །ངན་སོང་བར་དོའི་འཇིགས་སྐྲག་ཀུན་ཞི་ནས། །རྒྱལ་བའི་གསུང་གིས་དབུགས་འབྱིན་ཐོབ་པར་ཤོག །རྟག་ཏུ་དལ་འབྱོར་ཚང་བའི་རྟེན་ཐོབ་ཅིང། །བཤེས་གཉེན་དམ་པས་འབྲལ་མེད་རྗེས་སུ་བཟུང་། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །ཐར་པའི་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །རང་གི་སྒྲིབ་སྦྱོང་ལྟ་བུར་ཆེད་དུ་དམིགས་པ་ཡིན་ན། ཐོག་མ་མེད་ནས་དུག་གསུམ་དབང་གྱུར་ཏེ། །བླ་མ་མཆོག་གསུམ་དྲིན་ཅན་ཕ་མ་དང་། །ཉམ་ཐག་འགྲོ་ལ་གནོད་འཚེ་བགྱིས་པ་སོགས། །མི་ཟད་སྡིག་པའི་ཚོགས་རྣམས་བྱང་གྱུར་ཅིག །སྡོམ་གསུམ་བཅས་པའི་མཚམས་ལས་འདས་ཤིང་འགལ། །དད་ཟས་གཤིན་ཟས་བག་མེད་སྤྱད་པ་སོགས། །ཉེས་ལྟུང་དྲི་མ་མ་ལུས་བྱང་གྱུར་ཏེ། །མཐོ་རིས་ཐར་པའི་


GTD007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམ་སྐས་བགྲོད་གྱུར་ཅིག །དུས་གསུམ་གཤེགས་པའི་རྒྱལ་བ་སོགས་དང། ཤཱཀྱའི་དབང་པོ་ཞེས་སོགས་བྱ། ཞེས་པ་འདི་ནི་ཨོར་ཏུ་སུའི་ཤོག་ནས་དད་བརྩོན་ལྡན་པ་གཉེར་པ་དམ་ཆོས་དཔལ་བཟང་གིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །། །དགེ་ལེགས་འཕེལ།།


previousམདོ་སྡེ་ཐར་པ་ཆེན་པོའི་འདོན་ཐབས།next