Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་ཁག་གཉིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousའཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་ཁག་གཉིས།next

འཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་ཁག་གཉིས།


GTD007_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་ཁག་གཉིས་བཞུགས་སོ།།


GTD007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་གྷ་ོཥཱ་ཡ། རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་དང་། །དབྱེར་མེད་སྒྲིབ་བྲལ་རྒྱལ་བའི་ཐུགས། །དམ་པའི་དོན་གྱི་འཇམ་དཔལ་ལ། །མཆོག་ཏུ་དད་པས་ཕྱག་བགྱི་འོ།། འདིར་འཇམ་དཔལ་མཚན་བརྗོད་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས་ཐོག་མར་སྐྱབས་འགྲོ་ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཕྱིར་དུ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཉམས་སུ་བླང་བར་བགྱིའོ། །ཞེས་པ་ལན་གསུམ་གྱིས་སེམས་བསྐྱེད། རང་ཉིད་འཕགས་པ་འཇམ་དཔལ་དུ་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་འཇམ་དཔལ་ལ་དངོས་དང་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། འཇམ་དཔལ་འཇིག་རྟེན་དབང་ཕྱུག་གསང་བདག་དང། །སངས་རྒྱས་གསང་བ་སྒེག་པའི་རྡོ་རྗེ་སོགས། །གསང་དོན་རྒྱུད་སྡེ་སོ་སོར་འགྲེལ་མཛད་པའ། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་པ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་ལུས་ལོངས་སྤྱོད་རྣམ་དཀར་དགེ་ཚོགས་བཅས། །ཡིད་འོང་མཆོད་པའི་སྤྲིན་དུ་ལེགས་ཤར་ཏེ། །ཀུན་བཟང་བདེན་པའི་སྟོབས་ཀྱིས་འབུལ་ལགས་ན། །བརྩེ་ལྡན་ཉིད་ཀྱི་མཐུ་ཡིས་བཞེས་སུ་གསོལ། །སྔོན་མཐའ་མི་མངོན་སྲིད་པའི་གྲོང་ཁྱེར་དུ། །དུག་གསུམ་དབང་གྱུར་


GTD007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ལྟུང་གང་བསགས་པ། །རྒྱལ་ཀུན་མཐུ་དང་རྒྱུད་སྡེའི་བྱིན་རླབས་ཀྱི། །བདུད་རྩིའི་ཆུ་ཡིས་ལྷག་མེད་སྦྱང་དུ་གསོལ། །སྐྱེ་འཕགས་ཀུན་གྱི་དགེ་ཚོགས་མཐའ་དག་དང། །ཁྱད་པར་ཟབ་ཅིང་རྒྱ་ཆེའི་སྡེ་སྣོད་འདིར། །ཚུལ་བཞིན་ཐོས་བསམ་སྒོམ་པས་རང་གཞན་གྱི། །དོན་མཆོག་བསྒྲུབས་པ་རྣམས་ལ་རྗེས་ཡི་རང། །སྲིད་པའི་གཡང་སར་འཁྱམས་པའི་དམུས་ལོང་ཀུན། །འཁྲིད་པའི་ས་མཁན་ཐུགས་རྗེ་མངའ་བ་རྣམས། །རྟག་ཏུ་བཞུགས་ནས་ཟབ་རྒྱས་དམ་ཆོས་ཀྱི། །ཡང་དག་ལམ་བཟང་ཇི་བཞིན་བསྟན་དུ་གསོལ། །འདིས་མཚོན་རང་གཞན་དགེ་ཚོགས་ཅི་མཆིས་པ། །དོན་མེད་འཁོར་བའི་རྒྱུ་རུ་མི་སྨིན་ཞིང་། །མི་མཐུན་རྐྱེན་གྱིས་ནམ་ཡང་མི་གཞོམ་པར། །རྒྱལ་ཀུན་སྨོན་པའི་ཀློང་དུ་སིམ་གྱུར་ཅིག །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་པ་ནས། བཏང་སྙོམས་ལ་གནས་པར་གྱུར་ཅིག །ཚོགས་ཞིང་རྣམས་འོད་དུ་ཞུ་བ་རང་གི་སྨིན་མཚམས་ནས་ཐིམ་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་དྷཱིཿ ཡིག་དམར་སེར་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་འཇམ་དཔལ་


GTD007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རལ་གྲི། གཉིས་པས་མདའ། གཡོན་དང་པོས་པོ་ཏི་དང། གཉིས་པས་གཞུ་འཛིན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། པཱངྱཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་མཆོད། རྣམ་དག་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི། །ཡེ་ཤེས་སྒྱུ་འཕྲུལ་གཞོན་ནུའི་རྣམ་རོལ་བ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡབ་གཅིག་པུ། །རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །རྨད་བྱུང་མཁྱེན་རབ་འོད་བརྒྱའི་སྣང་བ་ཡིས། །མི་ཤེས་རྨོངས་པའི་མུན་པ་དྲུངས་ཕྱུང་སྟེ། །མདོ་རྒྱུད་དཀའ་གནད་འདབ་བརྒྱ་འབྱེད་པ་ཡི། །ཟབ་གསལ་བློ་གྲོས་སྣང་བ་སྩལ་ཏུ་གསོལ། །ཞེས་བསྟོད། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་གསུང་གསང་སྔགས་ཀྱི་བྱིན་རླབས་དང་ནུས་པ་མ་ལུས་པ་བསྡུས་ཏེ་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམས་ལ། ཨོཾ་སརྦ་དྷརྨཱ་བྷཱ་ཝ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿ སརྦ་དྷརྨཱཿ ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་


GTD007_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཀཱ་ཡ་མཉྫུ་ཤྲཱི་བ་རི་ཤུདྡྷི་ཏཱ་མུ་པ་དཱ་ཡེ་ཏི་ཨཾ་ཨཿ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡཾ་ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲཱིཿ བྷ་ག་བཱན། ཛྙཱ་ན་མཱུ་རྟྟི་ཝཱ་གཱི་ཤྭ་ར་མཧཱ་པཱ་ཙ་སརྦ་དྷརྨ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་བཟླས་པ་ཅི་འགྲུབ་བྱ། དེ་ནས་དབུས་ཀྱི་ས་བོན་ལས་མཚན་ཡང་དག་པར་བརྗོད་པའི་ཚིག་རྣམས་གསེར་གྱི་ཡི་གེ་ལྟ་བུ་མར་མེའི་ཕྲེང་བ་བཞིན་དུ་རིམ་གྱིས་བྱུང་ནས་ཟླ་གདན་ལ་འཁོད་པར་གྱུར་པར་བསམས་ཏེ། མཚན་བརྗོད་རྫོགས་པར་འདོན། མཐར་མཆོད་བསྟོད་བྱ། གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ན་ཡང། །མགོན་པོ་འཇམ་དབྱངས་དེ་ཉིད་ན། །གེགས་མེད་པར་ཡང་མཐོང་བར་ཤོག །འདི་བཏོན་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་ཅི་མཆིས་པ། །དེས་ནི་སེམས་ཅན་མ་ལུས་པས། །འཇམ་དབྱངས་གོ་འཕང་ཐོབ་པར་ཤོག །བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རང་ཉིད་དམ་ཚིག་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་ཞེས་སོགས་དཀོན་མཆོག་གསུམ་གྱི་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །དེ་ཡང་མདོ་ལུགས་ཀྱི་མདོ་འདོན་ཚུལ་ནི། འདུལ་བ་ལུང་ལས། སྦྱོར་བ་ཕྱག་བྱ་བ་དང། དངོས་གཞི་མདོ་འདོན་པ། མཇུག་བསྔོ་བ་སྟེ་རྒྱུད་ཆགས་གསུམ་དུ་བསྡུས་ཤིང། མདོ་གདོན་པའི་ཚེ་དེའི་བརྗོད་དོན་ཡིད་ལ་བྱེད་པ་དང། རྒྱལ་བ་རྣམས་ཀྱིས་རང་ལ་ལུང་འབོགས་པའི་རྗེས་སུ་ཟློས་པ་དང། དཀར་ཕྱོགས་ཀྱི་ལྷ་སོགས་ལ་ཆོས་སྦྱིན་གྱི་ཚུལ་དུ་བྱས་པའི་དམིགས་པ་སྐྱོང་བ་ཙམ་ལས་མེད་ཀྱང། རྒྱུད་ཀྱི་གཞུང་འདོན་པ་ལ། དེ་དག་གི་སྟེང་དུ་ལྷའི་རྣལ་འབྱོར་དང་ཡང་སྦྲགས་ན་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་བླ་མ་དམ་པ་རྣམས་ཀྱིས་


GTD007_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཐུབ་པའི་གསུང་གི་སྙིང་པོ་མཆོག །གདོན་པའི་ཆོ་ག་འདི་བྲིས་པའ། །དགེ་བས་འགྲོ་བ་མ་ལུས་པས། །རྣམ་དག་ཡེ་ཤེས་མཆོག་ཐོབ་ཤོག །ཅེས་འཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་འདི་ནི་ཨུ་རད་ཤོག་ནས་དད་བརྩོན་ལྡན་པ་རབ་འབྱམས་པ་དཀོན་མཆོག་འོད་ཟེར་གྱིས་བསྐུལ་ངོར། ༸སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་དབང་པོའི་གསུང་ལ་གཞི་བྱས། ཡན་ལག་བདུན་པ་སོགས་ཅུང་ཟད་ཁ་བསྐང་སྟེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་བྷིཀྵུ་རཏྣ་ཨཱ་ནནྟའོ།། ༈ རྒྱལ་བའི་དངོས་ཀུན་ལ་ཞུགས་དུས་ཀྱི་དབྱིངས། །སྤྲོས་བྲལ་ཡེ་ཤེས་འཇམ་དཔལ་དོན་དམ་པའ། །མཚན་ཡང་དག་པར་བརྗོད་ཕྱིར་འདུད་པ་ལ། །ཡེ་ཤེས་ལུས་སུ་གྲུབ་པའི་མཆོག་སྦྱིན་མཛོད། །དེའང་བླ་མེད་ཀྱི་རྒྱུད་སྤྱི་དང། བྱེ་བྲག་དུས་ཀྱི་འཁོར་ལོ། རྡོ་རྗེ་འཇིགས་བྱེད། གསང་ལྡན་སོགས་རྣལ་འབྱོར་གྱི་རྒྱུད་གང་དུའང་གཞོལ་ཞིང་འབབ་པ། འཕགས་བོད་ཀྱི་གྲུབ་པའི་དབང་པོ་མ་ལུས་པའི་ཐུགས་དམ་གྱི་སྙིང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཁ་ཏོན་དུ་བྱ་བ་ལ་འདོན་ཐབས་ཀྱི་རིམ་པ་འདི་ཉིད་ལས་འབྱུང་བ་ནི། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཅེས་རྒྱལ་བ་སྲས་བཅས་ཀྱིས་རང་ལ་མགྲིན་གཅིག་ཏུ་གསུང་བར་མོས་པ་དང། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་ཐུབ་དབང་ལྟ་བུ་གཅིག་གསལ་བཏབ་ཀྱང་གཞན་ཀུན་དེ་དང་ཡེ་ཤེས་ཆོས་སྐུའི་བདག་ཉིད་དུ་དབྱེར་མེད་པས་གོ་ཆོད་པར་བསམ་པ་དང། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་བརྗོད་བྱ་རྗོད་བྱེད་འཁོར་གསུམ་མི་དམིགས་ཀྱང་སྣང་སྟོང་བྲག་ཆ་ལྟ་བུར་ཉན་པ་དང། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་མགྲིན་པའི་རྩ་འཁོར་དབུས་ཀྱི་གསུང་རྡོ་རྗེའི་ངོ་བོ་ཨ་ཡིག་ལས་སྔགས་འཕྲེང་སྤྲོ་བ་སོགས་སུ་སེམས་པ་དང། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་


GTD007_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འོད། །ཅེས་གདན་ཡང་ཞི་ཁྲོའི་དབྱེ་བས་ཟླ་གདན་དང་ཉི་གདན་ལ་འགོད་པ་སོགས་འདིའི་འདོན་ཐབས་ཀྱི་མན་ངག་ཡིན་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གསུངས་སོ། །འདིར་དེ་དག་གི་གནད་ཚང་བར་བྱས་ཏེ་ངག་འདོན་ཉུང་བསྡུས་སུ་འགོད་པ་ལ། སྐྱབས་སེམས་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་དྷཱིཿ ཡིག་དམར་སེར་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས། གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང། གཡོན་ཨུཏྤལ་ལ་གནས་པའི་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། གཞོན་ནུའི་ཆ་ལུགས་ཅན་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་ཡེ་ཤེས་སྒྱུ་འཕྲུལ་ལས། །མ་ལུས་འགྲོ་བ་བསྐྱབ་པའི་ཕྱིར། །སྲས་བཅས་རྒྱལ་བའི་རྣམ་རོལ་པ། །ཀུན་ལ་དང་བས་ཕྱག་འཚལ་ལོ། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཆོད། །སྡིག་ལྟུང་མ་ལུས་སྙིང་ནས་བཤགས། །ངོ་མཚར་སྤྱོད་ལ་རྗེས་ཡི་རང། །ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདར་གསོལ་བ་འདེབས། །


GTD007_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ། །རྒྱུད་དོན་ཡང་དག་ལམ་བཟང་ཀུན། །མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་ཀྱིས་དགྱེས་བཞིན་དུ་ལྷང་ལྷང་གདམས་ཤིང། ཐུགས་ཀ་ནས་མཚན་ཡང་དག་པར་བརྗོད་པའི་ཚིག་རྣམས་གསེར་གྱི་ཡི་གེ་ལྟ་བུ་མར་མེའི་འཕྲེང་བ་བཞིན་རིམ་པར་བྱུང་སྟེ། རང་གི་སྙིང་གར་ཟླ་བ་ལ་དྷཱིཿ ཡིག་གི་མཐར་འཁོད། དེ་དང་མཉམ་དུ་རང་གི་མགྲིན་པའི་ཨཱཿ ཡིག་ལས་ཀྱང་ཚིགས་བཅད་རྣམས་རང་སྒྲ་དང་བཅས་པ་གྲག་སྟོང་བྲག་ཆ་ལྟ་བུ་མཁའ་ཁྱབ་ཏུ་བསྒྲགས་པས་སེམས་ཅན་ཀུན་གྱི་རྒྱུད་ལ་ཐར་པའི་ས་བོན་ཁྱད་པར་ཅན་བསྐྲུན་པར་བསམས་ཏེ། ཚིག་དོན་དྲན་བཞིན་པར་དལ་བུས་གདོན་ཞིང་། མཇུག་ཏུ། གང་ཚེ་བལྟ་བར་འདོད་པ་ཞེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །འདི་བཏོན་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་ཅི་མཆིས་པ། །དེས་ནི་འགྲོ་བ་མ་ལུས་པས། །འཇམ་དབྱངས་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ནི་ཧལ་ཧའི་ཤོག་གི་དཔྱོད་ལྡན་དཀའ་བཅུ་སྐལ་བཟང་བསམ་གཏན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ།། །།


previousའཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་ཁག་གཉིས།next