Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་སཱཙྪ་འདེབས་ཆོག་དང་རབ་གནས་མདོར་བསྡུས་ཀྱི་སྐོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousབདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་སཱཙྪ་འདེབས་ཆོག་དང་རབ་གནས་མདོར་བསྡུས་ཀྱི་སྐོར།next

བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་སཱཙྪ་འདེབས་ཆོག་དང་རབ་གནས་མདོར་བསྡུས་ཀྱི་སྐོར།


GTD007_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་སཱཙྪ་འདེབས་ཆོག་དང་རབ་གནས་མདོར་བསྡུས་ཀྱི་སྐོར་བཞུགས་སོ།།


GTD007_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དྷརྨཱ་ཀཱ་ཡ་བི་ཤུདྡྷ་ཡེ། ལས་དང་ཉོན་མོངས་ཉེས་པའི་རྡུལ་དང་བྲལ། །མཁྱེན་དང་བརྩེ་བའི་བང་རིམ་མངོན་པར་མཐོ། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་འབེབས་པའ། །མཆོད་སྡོང་བདེ་གཤེགས་ཆོས་ཀྱི་སྐུ་ལ་འདུད། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྩ་བརྟན་རྒྱལ་དབང་དཔག་བསམ་གསར་པའི་ལྗོན། །བསོད་ནམས་རྣམ་འཕྲུལ་ངོ་མཚར་མཛད་བཟང་ཡལ་གའི་ཁྱོན་ཡངས་རྒྱས་པའི་རྩེར། །བསོད་ནམས་འབྲས་བུ་གཟུགས་སུ་ཤར་བ་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད། །བསོད་ནམས་ཞིང་སར་གཅིག་ཏུ་སྡུད་པའི་རྨད་བྱུང་ཐབས་མཁས་བླ་ན་མེད། །བསྒྲུབ་པར་སླ་ཞིང་ཤིན་ཏུ་དོན་ཆེ་བ། །སྔོན་རབས་དམ་པ་མང་པོའི་ཐུགས་དམ་མཐིལ། །སཱཙྪའི་གདམས་པ་ཉམས་སུ་ལེན་པའི་ཚུལ། །ལེགས་པར་བཤད་པའི་དགའ་སྟོན་སྤྲོ་བར་བྱ།། དེའང་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀཱ་ར་དང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ། འཇམ་དབྱངས་ཆོས་ཀྱི་རྗེ་སོགས་དམ་པ་གོང་མ་མང་པོའི་ཕྱག་བཞེས་སུ་བསྟར་ཞིང། བསགས་སྦྱང་གི་གནད་ལ་ཆེས་མཆོག་ཏུ་བསྔགས་པ་སཱཙྪའི་གདམས་པ་ཉམས་སུ་ལེན་པའི་ཚུལ་འཕྲོས་དོན་དང་བཅས་ཅུང་ཟད་ཕྱེ་སྟེ་འཆད་པ་ལ། ཐོག་མར་ས་བླང་བའི་གནས་ནི་ཇོ་བོའི་ཚ་དགུ་མར། ས་ཆུ་སྲོག་ཆགས་མེད་པ་ལ། །ཞེས་གསུངས་པའི་རགས་པ་རྟོགས་སླའང་གཙོ་བོར་གྱུར་པ་ནི། འདུལ་བའི་མདོར། སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད། ཞེས་གསུངས་པས་འབུ་སྲིན་ཕྲ་མོ་སོགས་ཀྱི་རིགས་ཡོད་མེད་ལེགས་པར་བརྟགས་ཏེ་གཞན་ནས་འབྱུང་བ་ལྟར་གྱི་ས་ཆོག་རྒྱས་པ་གྲུབ་ན་


GTD007_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཤིང་མ་མཐའང་མཆོད་རྟེན་གྱི་གཟུངས་ལས། གཏོར་མ་ལ་སོགས་པ་རྣམས་ཀྱིས་ཀྱང་ས་ཕྱོགས་དེ་ན་གནས་པའི་ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ལ་མཆོད་ཅིང་བསྔོས་ཏེ། ཞེས་པ་ལྟར་དཀར་གཏོར་སྔོན་དུ་བཏང། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ། ས་གཞི་རིན་ཆེན་བདུན་གྱི་རང་བཞིན་དུ་གྱུར། ཅེས་ས་གཞི་བྱིན་གྱིས་བརླབ། བརྐོ་བའི་སྔགས་ནི་འདུལ་འཛིན་གྱིས་ཡེ་དྷརྨཱ་དང། ༸རྒྱལ་དབང་གིས་འོག་ནས་འབྱུང་བའི་བརྡུང་སྔགས་ལ་བྱ་བར་གསུངས་ཤིང་། གཟུངས་རང་ལས། བྱིན་རླབས་ཀྱི་སྔགས་དེ་ཉིད་ཀྱིས་བརྐོ་བ་དང། འཇིམ་པ་བརྫི་བའི་ཚེ་བརྡུང་སྔགས་བཟླས་ཤིང་ས་བཏུལ་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྫི་ཆུ་བྱིན་གྱིས་རློབ་པར་གསུངས་སོ། །དེ་ནས་གཡོན་པའི་མཐེ་བོས་མཐེབ་ཆུང་མནན་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ཁ་ཡར་བསྟན། གཡས་པ་དེ་བཞིན་བྱས་ལ་ཁ་སྦུབ་པ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའི་བར་དུ་འཇིམ་པ་བཟུང་སྟེ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། ཅེས་སམ། གཞན་གྱི་ལྷ་གང་ཡང་རུང་བའི་ང་རྒྱལ་ལ་གནས་ཏེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲུཾ་ལས་འཇིམ་པ་རིན་པོ་ཆེའི་ཕུང་པོར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ་བས། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་


GTD007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་འཇིམ་པ་ལ་ཐིམ་པས་དེ་ཉིད་སངས་རྒྱས་སྲས་དང་བཅས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར། ཨོཾ་ན་མོ་ཕྱག་འཚལ་ལོ་བྷ་ག་ཝ་བཅོམ་ལྡན་འདས་ཏེ་བཻ་རོ་ཙ་ནཱ་ཡ། རྣམ་པར་སྣང་མཛད་ལ། པྲ་བྷ་རཱ་ཛཱ་ཡ། འོད་ཀྱི་རྒྱལ་པོ་ལ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ། ཨརྷ་ཏེ། དགྲ་བཅོམ་པ། སམྱཀྶཾ་བུད་དྷཱ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཏངྱ་ཐཱ། འདི་ལྟ་སྟེ། ཨོཾ་སཱུཀྵྨེ། ཕྲ་མོ། སཱུཀྵྨེ། ཕྲ་མོ མཉམ་པ། .....ས་མེ་ས་མ་ཡེ།.....དམ་ཚིག །ཞི་བ།..... ཤཱནྟེ་དཱནྟ། དུལ་བ། ཨ་སམ་རོ། པེ་མཉམ་པ་མེད་པའི་རང་བཞིན། ཨ་ན་ལམྦྷེ། ཀུན་ནས་དམིགས་པ་མེད་པ། ཏ་རམ་བྷེ་སྒྲོལ་བ། ཡ་ཤོ་ཝ་ཏེ། གྲགས་པ་དང་ལྡན་པ། གཟི་བརྗིད་ཆེན་པོ།..... མཧཱ་ཏེ་ཛོ་ནི་ར་ཀཱུ་ལེ། ཀུན་ནས་རིགས་མེད་པ། ནི་རྦ་ཎི། མྱ་ངན་ལས་འདས་པ། སརྦ་བུདྡྷ། སངས་རྒྱས་ཐམས་ཅད་ཀྱི། ཨ་དྷི་ཥྛ་ན་བྱིན་གྱིས་རླབས་ཀྱིས། ཨ་དྷི་ཥྛི་བྱིན་གྱིས་རློབས་ཤིག །ཏེ་སྭཱཧཱ། ཞེས་ཉེར་གཅིག་བཟླས་ཏེ་བྱིན་གྱིས་བརླབ་ཅིང། བསྡུ་ན། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ ཨཿ ཞེས་བཟླས་ཏེ་བྱིན་གྱིས་བརླབ། དེ་ནས་འཇིམ་གོང་ལས་དུམ་བུ་སོ་སོར་བཅད་དེ། ན་མཿ ས་མནྟ་བུད་དྷཱ་ནཱན། ཀུན་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། རྡོ་རྗེའི་ཚེ། ཨོཾ་བ་སུ་དེ་སྭཱཧཱ། ནོར་སྩོལ། ཞེས་བརྗོད། འབི་འབི་བྱ་བའི་སྔགས་ནི། ཨོཾ་བཛྲ་ཨུད་བྷ་ཝཱ་ཡེ་སྭཱཧཱ། རྡོ་རྗེ་ལས་ཡང་དག་པར་འབྱུང་བ། ཞེས་གདོན་ཅིང། ཡེ་ཤེས་ལྔའི་རང་བཞིན་རྒྱས་པར་མོས། འབྲུ་མར་བྱུག་པའི་སྔགས་ནི། རྡུལ་མེད་པ། .....ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱཧཱ།..... རྡུལ་དང་བྲལ་བ། ཞེས་བརྗོད་ལ་ཤེས་རྒྱུད་ཀྱི་སྡིག་ལྟུང་སྒྲིབ་པའི་དྲི་མ་ཕྱིས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་བརླན་པར་བསམ། རྒྱར་གཞུག་པའི་སྔགས་ནི། རྡོ་རྗེ་དབྱིངས་ཀྱི་སྙིང་པོ།..... ཨོཾ་བཛྲ་དྷཱ་ཏུ། གརྦྷེ་སྭཱཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ།..... ཨོཾ་དྷརྨཿ དྷཱ་ཏུ་གརྦྷེ་


GTD007_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཞེས་བརྗོད་དེ་བར་དུ་བཅུག་པ་དང་ཐབས་ཤེས་དབྱེར་མེད་དུ་བསྒོམ། བརྡུང་སྔགས་ནི། ཨོཾ་བཛྲ་མུདྒ་ར་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ་སྭཱཧཱ། རྡོ་རྗེ་ཐོ་བས་ཀུན་ནས་བརྡུངས་ཤིག །ཞེས་གདོན། ཐམས་ཅད་རིག་པ། ..... ཨོཾ་སརྦ་བཱིངྱ་སྭཱཧཱ། ཞེས་པས་མེ་ཏོག་འབུལ། ཨོཾ་དྷརྨཱ་ར་ཏེ་སྭཱཧཱ། ཆོས་ཀྱི་དགའ་བ། ཞེས་སྐོལ་ཕོར་ནས་དབྱུང་། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཤིན་ཏུ་རབ་ཏུ་གནས་པའི་རྡོ་རྗེ། ཞེས་པས་བཞུགས་སུ་གསོལ། བུ་སྟོན་ཐམས་ཅད་མཁྱེན་པས་མཚམས་འདིར་གོང་གི་སྣུམ་བྱུགས་པའི་སྔགས་དང་དམིགས་པས་སྐུ་དཀར་གསོལ་བར་གསུངས་པ། གྲུབ་ན་ལེགས་ལ་མེད་ཀྱང་ཆད་པའི་ཉེས་པར་མི་འགྱུར་རོ། །དེ་ནས། ཨ་མྲྀ་ཏས་བགེགས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དབང་ལྷས་དབང་བསྐུར། ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འཁོར་ལོས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། སུ་པྲ་ཏིཥྛའི་སྔགས་ཀྱིས་བརྟན་པར་བཞུགས་སུ་གསོལ་ཞིང་། ལྷ་རྣམས་འོད་དུ་ཞུ་ནས་མཆོད་རྟེན་གྱི་རྣམ་པར་གྱུར་པར་བསམས་ལ་བཀྲ་ཤིས་བརྗོད། དེ་ལས་ཀྱང་བསྡུས་


GTD007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། མཎི་ནོར་བུ། ཤ་ཏ་དཱི་པ་ཏེ་བརྒྱ་སྣང་བ། ཛྭ་ལ་ཛྭ་ལ་འབར་བ་འབར་བ། དྷརྨཱ་དྷཱ་ཏུ་གརྦྷེ་སྭཱཧཱ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ། ཞེས་པའི་སྔགས་འདི་བརྗོད་པས་རབ་གནས་ཀྱི་གོ་ཆོད་པར་གསུངས། དེ་ནས། ཨོཾ་སྭ་བྷཱ་ཝ་བི་ཤུད་དྷེ་རང་བཞིན་རྣམ་པ་དག་པ། ཨཱ་ཧ་ར་ཀུན་ནས་བཏུས། ཨཱ་ཧ་ར་ཀུན་ནས་བཏུས། ཨཱ་གཙྪ་ཀུན་ནས་བྱོན། ཨཱ་གཙྪ་ཀུན་ནས་བྱོན། དྷརྨཱ་དྷཱ་ཏུ་གརྦྷེ་སྭཱཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ། ཞེས་བརྗོད་ཅིང། གནས་གཞན་དུ་གདན་འདྲེན་པར་བཤད་ལ། གང་དུ་སྤྱན་འདྲེན་པའི་ཡུལ་ནི་དྲི་གཙང་ཁང་སོགས་འོ་མི་བརྒྱལ་བའི་གནས་དང། དེར་མ་ཟད་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལས། མཆོད་རྟེན་འབུམ་བྱས་ལ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན་ཆུ་ཀླུང་དུ་བཏང་ན་དེས་ཐམས་ཅད་དམྱལ་བ་ལ་སོགས་པ་ནས་ཐར་པར་འགྱུར་རོ། །ཞེས་གསུངས་པའི་དགོངས་པ་བཞིན་བུ་སྟོན་གྱི་གཤིན་པོ་རྗེས་འཛིན་དུའང་རབ་གནས་བྱས་ཏེ་སྡིག་པ་སྦྱངས་པའི་ཕྱིར་ཆུ་ཀླུང་དུ་བཏང་བའམ། ལམ་གྱི་བཞི་མདོར་མཆོད་རྟེན་བྱ་བ་གཉིས་བཤད། ཅེས་རང་ལུགས་མཛད་པའི་ཕྱོགས་དམ་པ་གོང་མ་མང་པོས་ཀྱང་བཞེད་ལ། བཀའ་གདམས་ཀྱི་བསྟན་རིམ་ལས། ཡང་ཁ་ཅིག་གིས་ཚ་ཚ་ཆུར་བསྐྱུར་བའམ། ཆུར་མ་བསྐྱུར་ཡང་ཆུའི་ཁྱེར་ལ་ཁད་ཆུ་འགྲམ་དུ་འཇོག་པ་ཡོད། དེ་ཆུང་བ་ལ་ཚ་ཚ། ཆེ་བ་ལ་མཆོད་རྟེན་ཟེར་བ་ཡིན་པས་དེ་མཆོད་རྟེན་འཇིག་པ་ཉེ་བའི་མཚམས་མེད་ཡིན་གསུངས། ཞེས་པུ་ཏོ་བའི་གསུང་སྒྲོས་སུ་བཀོད་སྣང་བ་ཇི་ལྟར་ཡིན་སྙམ་ན་སྔ་མ་རྒྱུད་ལས་དངོས་སུ་གསུངས་པས་དེ་མི་འཐད་པར་བཞེད་པ་ག་ལ་ཡིན་ཀྱང། འདིའི་དགོངས་པ་ནི་འདུལ་འཛིན་གྱི་རབ་གནས་བསྡུས་པར། རང་གི་འདོད་པའི་ས་ཆ་དེར་མི་མཁོ་བར་ཤེས་ནས་སྤོང་བ་ཡིན་ན་རྣམ་པ་ཐམས་ཅད་དུ་མི་རུང་ངོ་། །ཞེས་གསུངས་པ་


GTD007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རང་གི་གནས་དེར་ས་གཅོད་དོགས་པའམ། རང་ལ་མི་འཕྲོད་པར་དོགས་པ་སོགས་རང་དོན་གཙོ་བོར་བྱས་ཏེ་རྟེན་ལ་རྩིས་མེད་ཀྱིས་ཆུར་བསྐྱུར་ན་ཉེ་བའི་མཚམས་མེད་དུ་འགྱུར་བའི་དོན་ཡིན་ཞིང་། གཅིག་ཤོས་ཆུའི་སྲོག་ཆགས་སོགས་ལ་ཕན་སེམས་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །འོན་ཀྱང་དེང་སང་དཀོན་མཆོག་ལ་གུས་ཞེན་མེད་ཅིང། འདྲེས་བརླམ་དང་མོ་མའི་ཁ་ལ་ཚད་མར་བྱེད་པའི་དབང་གིས་སྡིག་པོ་ཆེ་གསོག་ཉེན་འདུག་པས་ལུང་སྟོན་པ་པོ་དང་ཞུ་བ་པོ་ཐམས་ཅད་ཀྱིས་བག་ཟོན་བྱ་དགོས་པར་སྣང་ངོ་། །འབྱུང་བ་གཞན་ཆུ་དང་རླུང་སོགས་ལ་འདེབས་པའི་བྱ་བ་མ་གཏོགས་གཞན་རྣམས་བྱར་མེད་པས་དེ་དག་གི་སྔགས་དང་དམིགས་པ་སོགས་མི་དགོས་ལ། འདེབས་པའི་སྔགས་ནི། ཆུ་ལ། ཨོཾ་སྟྲཻ་ཡ་དྷཱེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུ་སཾ་ཤོ་དྷ་ཡ། པཱ་བཾ་སརྦ་ཏ་ཐཱ་ག་ཏཱ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྡྷེ། མཧཱ་བི་ར་ཛེ་ར་གམྦྷི་ར་སི་དྷརྨཱ་དྷཱ་ཏུ་བི་བི་ས་ར་ཨ་ཨ་མ་མ་ཀི་སྭཱཧཱ། ཞེས་བརྗོད་ཅིང་ཆུ་དེ་ཐམས་ཅད་ཐབས་ཤེས་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་མཆོད་རྟེན་དུ་གྱུར་པར་བསམ། རླུང་དང་བར་སྣང་སྐྱ་སེང་སོགས་ལ། ཨོཾ་སྟྲཻ་ཡ་དྷཱེ་ཞེས་པ་ནས། བ་བི་ས་ར་ཨ་ཨ་ཨེ་ཁཾ་ཡ་སྭཱཧཱ། ཞེས་གདོན། དེ་ལྟར་བཏབ་པའི་རྗེས་སུ་དགེ་བ་སྤེལ་བའི་ཐབས་མཆོག་ཏུ་གྱུར་པ་ནི། ཏདྱ་ཐཱ། སུཀྵྨེ་སུཀྵྨེ། ཤནྟེ་ཤནྟེ། དནྟེ་དནྟེ། ནི་ར་ཀུ་ལེ། ཡ་ཤོ་ཏེ་ཛོ། སརྦ་བུདྡྷ། ཨ་དྷི་ཥྛཱ་ན། ཨ་དྷི་ཥྛི་ཏེ། ཨ་ནུ་མི་རི་ཏེ་སྭཱཧཱ། ཞེས་པའི་སྔགས་འདི་ལན་གཅིག་བརྗོད་ནས་མཆོད་རྟེན་གཅིག་བཏབ་པའང་བྱེ་བ་བཏབ་པའི་དགེ་རྩར་འཕེལ་བ་གཟུངས་ཉིད་ལས་གསུངས་པས་ཤིན་ཏུ་གནད་ཆེའོ། །མཇུག་གི་བསྔོ་བ་སོགས་ནི་ཐུན་མོང་དུ་བྱ་བའམ།


GTD007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོའི་ཚ་དགུ་མར་དགེ་བ་སོ་སོར་བསྔོ་ཚུལ་གསུངས་པ་གང་མོས་བྱ། དེ་འདམ་ལ་བཏབ་ན་ཕྱག་མཆོད་སྐོར་བ་སོགས་ཀྱི་རྟེན་དུ་བཞུགས་པས་བསོད་ནམས་ཡུན་དུ་འཕེལ་བ་དང། ཆུ་དང་རླུང་ལ་བཏབ་ན་རྒྱུན་དང་རྫི་ཕྱོགས་ཀྱི་སྲོག་ཆགས་ཐམས་ཅད་ལ་ཕན་པས་དགོས་པ་ཆེ་ཞིང་། མེ་ལ་དེ་གཉིས་ཀ་མ་ཚང་བས་འདེབས་བྱེད་ཀྱི་སྔགས་སོགས་མ་གསུང་ངོ་། །འདི་ལ་ཁ་ཅིག་འདི་སྙམ་དུ། ཆུ་དང་རླུང་ལ་སྔགས་འདེབས་པར་གསུངས་པ་ཡིན་གྱི། ཚ་ཚ་འདེབས་པའི་དོན་མ་ཡིན་པས་ཆུ་འབུམ་རླུང་འབུམ་སོགས་ལ་ཤེས་བྱེད་མེད་དོ་སྙམ་ན། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པ་མཆོད་རྟེན་གྱི་གཟུངས་ལས། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །ཞེས་སའི་འབྱུང་བ་གཅིག་པུ་ཙམ་ཞིག་མ་ཡིན་པར་ཆུ་སོགས་འབྱུང་བ་གང་དང་གང་ལ་བཏབ་ཀྱང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་གསུངས་པའི་ཕྱིར། དོན་འདི་ནི་རིགས་པས་ཀྱང་གྲུབ་སྟེ། འོད་ཟེར་དྲི་མེད་ལས། མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ། དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་གཏམ་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་ཏེ་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་སྟེ། ཞེས་དེ་ལ་བཏགས་པའི་དྲིལ་བུ་རླུང་གིས་བསྐྱོད་པའི་སྒྲ་ཐོས་པ་ཙམ་གྱིས་ཀྱང་སྡིག་སྒྲིབ་འདག་པར་གསུངས་ན། མཆོད་རྟེན་གྱི་རྣམ་པར་བཞེངས་པའི་ཆུ་སོགས་ཀྱིས་རེག་པས་སྡིག་སྒྲིབ་པ་དག་པ་སྨོས་ཅི་དགོས་པའི་ཕྱིར་ཏེ། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས། ཐ་ན་གྲིབ་མ་ཕོག་ནའང་ཡོངས་སུ་གྲོལ་བར་འགྱུར་ན། བྱ་བ་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པའི་ཕྱིར། དེ་ལྟར་མཐོང་ཐོས་དྲན་རེག་ཙམ་ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་བའི་མཆོད་རྟེན་དེ་


GTD007_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་གསར་དུ་བཞེངས་པས་བསོད་ནམས་ཇི་སྙེད་ཅིག་ཐོབ་ཅེ་ན། ལས་དང་ཕན་ཡོན་བསྟན་པའི་ཆོས་ཀྱི་རྣམ་གྲངས་ལས། ཕན་ཡོན་བཅོ་བརྒྱད་གསུངས་ཤིང་། ཁྱད་པར་དུ་ཀྲྀ་ཡ་དཔུང་བཟང་ལས། གཙང་ཞིང་རབ་ཏུ་དབེན་པའི་ས་ཕྱོགས་སུ། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའ། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱངས་པའི་ཕྱིར་ནི་རྟག་ཏུ་གདབ། །ཅེས་སྒྲིབ་སྦྱོང་གི་མཆོག་ཏུ་གསུངས་པ་དང། ཁང་བུ་བརྩེགས་པའི་མདོ་ལས། འཛམ་བུའི་གླིང་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་ཆེན་སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་རྣམས་དང། ལན་གཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག །སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག །གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ་འགེབས་སུ་འཇུག་ཅིང། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་བར་ང་སྨྲའོ། །ཞེས་པ་ནས་སྟོང་གསུམ་གྱི་བར་དུ་སྦྱར་ཏེ། རིན་ཆེན་བདུན་གྱིས་བཀང་ནས་དེ་དག་ལ་ཕུལ་བ་ལས་ཚ་ཚ་སྐྱུ་རུ་ར་ཙམ་ཞིག་བཞེངས་པ་བསོད་ནམས་ཆེ་བར་གསུངས་ཤིང་། བྱང་སའི་འགྲེལ་པ་རྒྱ་མཚོ་སྤྲིན་གྱིས་མཛད་པ་ལས་ཀྱང་མཆོད་རྟེན་གཅིག་བཞེངས་པའི་བསོད་ནམས་ཡོངས་སུ་བཟུང་བའང་ཚངས་པའི་བསོད་ནམས་བཟུང་བར་འགྱུར་ན། དུ་མ་ཉིད་བཞེངས་པས་ནི་ཚངས་པ་དུ་མ་ཉིད་ཀྱི་བསོད་ནམས་ཡོངས་སུ་བཟུང་བར་འགྱུར་རོ། །ཞེས་སོགས་
མཐའ་ཡས་ཀྱང་འདིར་ནི་སྤྲོ་བ་བསྐྱེད་པའི་ཕྱིར་ཟུར་ཙམ་སྨོས་པ་ཡིན་གྱི། རྒྱས་པར་ནི་རྒྱུད་དང་མདོ་མང་སོགས་ལས་ཤེས་པར་བྱའོ།། སྨྲས་པ། འདི་ལྟའི་རྣམ་དཀར་ལས་ལ་བརྩོན་རྣམས་ཀྱི། །ལག་པའི་ཡལ་འདབ་དགེ་བའི་འཁྲི་ཤིང་སྟེ། །གཞན་དུ་བཟའ་བཏུང་ཁོ་ནར་སྦྱོར་བ་དེའ། །མཉེན་ལྕུག་སོར་མོ་རིང་ཡང་སྡེར་ཕྲེང་ཡིན། །ཉམ་ཆུང་སྒྱུ་མའི་ལུས་ཀྱི་འཇིམ་གོང་ཡང་། །ཡོན་ཏན་ཀུན་ལྡན་རྒྱལ་བའི་མཆོད་རྟེན་དུ། །སྒྱུར་བྱེད་ཐབས་ཀྱི་ཡང་རྩེ་བརྐོས་ཕོར་འདི། །མདོ་རྒྱུད་དགོངས་དོན་བཞུ་བླུག་འཕྲུལ་ལས་བྱུང།། འདིར་འབད་ལས་བྱུང་མཆོག་གི་རྒྱས། །མཁའ་མཉམ་འགྲོ་བའི་འཛིན་མར་བཏབ་པ་ལས། །སྤངས་རྟོགས་ཡོན་ཏན་གྲྭ་ཟུར་རྫོགས་པ་ཡི། །མཆོད་སྡོང་འཕྲེང་བ་ཚར་དུ་དངར་བར་ཤོག །ཅེས་སཱཙྪ་གདབ་པའི་ཚུལ་ཆུ་དང་རླུང་སོགས་ལའང་འདེབས་པའི་ཤེས་བྱེད་ཕན་ཡོན་མདོར་བསྡུས་པ་དང་བཅས་པ་འདི་ནི་ཐུ་མེད་པེའི་སིའི་ཤོག་གཞུང་དོན་འབྱེད་པའི་རྣམ་དཔྱོད་མཆོག་ཏུ་ཡངས་པ་རྡོ་རམས་པ་འཇིགས་མེད་རྒྱལ་མཚན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས། ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ།། བླ་པར། འདིར་འབད་ལས་བྱུང་ལེགས་བྱས་མཆོག་གི་རྒྱས།།


previousབདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་སཱཙྪ་འདེབས་ཆོག་དང་རབ་གནས་མདོར་བསྡུས་ཀྱི་སྐོར།next