Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་པར་དང་སཙྪ་བཏབ་པ་སོགས་ལ་མེ་ཏོག་འཐོར་འབུལ་བགྱིད་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་པར་དང་སཙྪ་བཏབ་པ་སོགས་ལ་མེ་ཏོག་འཐོར་འབུལ་བགྱིད་ཚུལ།next

སྐུ་པར་དང་སཙྪ་བཏབ་པ་སོགས་ལ་མེ་ཏོག་འཐོར་འབུལ་བགྱིད་ཚུལ།


GTD007_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་པར་དང་སཱཙྪ་བཏབ་པ་སོགས་ལ་མེ་ཏོག་འཐོར་འབུལ་བགྱིད་ཚུལ་བཞུགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། དེའང་རྟེན་ལ་རབ་གནས་དངོས་གཞི་བྱེད་ན་རྒྱས་བསྡུས་གང་དགོས་ཀྱང་དམ་པ་གོང་མས་མཛད་པ་མང་ལ། འདིར་ཉིན་རེ་བཞིན་སྐུ་པར་དང་སཱཙྪ་བཏབ་པ་ལྟ་བུར་མེ་ཏོག་འཐོར་འབུལ་བགྱིད་ཚུལ་ནི། ན་མོ་རྩ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་དང་བཅས་པ་རྣམས་དང། ཁྱད་པར་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བདེན་པའི་སྟོབས་ཀྱིས་


GTD007_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འདི་ཉིད་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་གནས་པ་ལ་བར་ཆད་རྩོམ་པར་བྱེད་པའི་བགེགས་ཀྱི་ཚོགས་རྣམས་རང་གནས་སུ་སོངས་ཤིག །སུམྦྷ་ནི་སོགས་བརྗོད་དེ་བགེགས་བསྐྲད། ཡེ་དྷརྨཱ་ལན་གསུམ་བཟླས་ལ། ཡེ་དྷརྨཱ་འོད་དུ་ཞུ་ནས་མེ་ཏོག་ལ་ཐིམ་པར་གྱུར། ཅེས་འཐོར་འབྲུ་བྱིན་གྱིས་བརླབས། རྟེན་རྣམས་ཧྲཱིཿ ཥྚྲཱིཿ འམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཉི་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རབ་ཏུ་གནས་བྱའི་ལྷ་སོ་སོའི་ཡེ་ཤེས་པ་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་ཀྱི་རྣམ་པ་ཅན་དབང་ལྷ་དང་བཅས་པ་སྤྱན་དྲངས། དམ་ཡེ་དབྱེར་མེད་དུ་གྱུར་ཅིང་དབང་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ན། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་སྤྱན་དབྱེ། མཆོད་པ་སོ་སོར་བྱིན་གྱིས་བརླབས་པར་མོས་ལ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད། ཨོཾ་ཡ་མནྟ་ཀ་ཨརྒྷཾ་སོགས་ཀྱིས་མཆོད། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །ཞེས་སོགས་ཀྱིས་བསྟོད། ཧྲཱིཿ ཥྚྲཱིཿདང། ཡ་མཱནྟ་ཀ།།ཨོཾ་ཨཱཿ ཧཱུཾ། རྣམས་ལན་བདུན་རེ་བཟླས་ལ། དཔལ་རྡོ་རྗེ་
འཇིགས་བྱེད་འོད་དུ་ཞུ་ནས་རྟེན་སོ་སོའི་རྣམ་པར་གྱུར། ཅེས་གཟུགས་བསྒྱུར། འགྲོ་བའི་དོན་གཟིགས་བརྩེ་ཆེན་མཐུ་ལྡན་རྣམས། །སེམས་ཅན་དོན་ཕྱིར་རྟག་ཏུ་འདིར་བཞུགས་ནས། །ཐུབ་བསྟན་དར་ཞིང་བདག་སོགས་མ་ལུས་པའ། །སྒྲིབ་བྱང་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ལན་གསུམ། བླ་མ་ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག །བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །མ་དང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །དམ་ཅན་ཆོས་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །གནས་སྐབས་ཚེ་རིང་ནད་མེད་བཀྲ་ཤིས་ཤོག །མཐར་ཐུག་བྱང་ཆེན་འགྲུབ་པའི་བཀྲ་ཤིས་ཤོག །ཡངས་པའི་འཇིག་རྟེན་བདེ་འབྱོར་བཀྲ་ཤིས་ཤོག །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། འོན་ཀྱང་སཱཙྪ་ལ་དེའི་ཆོ་ག་བསྡུས་པ་ཟུར་དུ་ཡོད་པས། དེ་བཞིན་བྱས་ཀྱང་ལེགས་སོ། །ཞེས་པ་འདི་ནི་དད་ལྡན་སྦྱིན་པའི་བདག་པོ་ཐུ་ས་ལག་ཆི་རྣམ་རྒྱལ་རྡོ་རྗེས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousསྐུ་པར་དང་སཙྪ་བཏབ་པ་སོགས་ལ་མེ་ཏོག་འཐོར་འབུལ་བགྱིད་ཚུལ།next