Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྱན་དབྱེའི་ཆོ་ག་ལག་ཏུ་བླང་བདེ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྱན་དབྱེའི་ཆོ་ག་ལག་ཏུ་བླང་བདེ་བ།next

སྤྱན་དབྱེའི་ཆོ་ག་ལག་ཏུ་བླང་བདེ་བ།


GTD007_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དབྱེའི་ཆོ་ག་ལག་ཏུ་བླང་བདེ་བ་བཞུགས་སོ།། ན་མོ་གུ་རུ་བྷྱེ། བདག་བསྐྱེད་གྲུབ་ནས་དཀར་གཏོར་བསྔོ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཁྲོ་བོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཞེས་པ་ནས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རབ་ཏུ་གནས་པ་ལ་བར་ཆད་རྩོམ་པར་བྱེད་པའི་བགེགས་ཀྱི་ཚོགས་ཐམས་ཅད་སྐད་ཅིག་གིས་འདིར་བཀུག་པར་གྱུར། ཅེས་སོགས་ནས། ང་ཡིས་གནས་འདིར་རབ་གནས་ཆོ་ག་བྱེད། །ཅེས་ཚིག་སྒྱུར། བགེགས་གཏོར་གྲུབ་རྗེས། ཧྲཱིཿ ཥྚཱིས་བསངས། སྭ་


GTD007_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝས་སྦྱངས། རབ་ཏུ་གནས་བྱའི་རྟེན་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག །ཅེས་པ་ནས། གཡོན་པས་ཡབ་ལ་འཁྱུད་པ། ཞེས་པའི་བར་སེམས་དཔའ་སུམ་བརྩེགས་ཅན་དུ་བསྐྱེད། དེའི་མིག་གཉིས་སུ་ཀྵིཾ། རྣ་བ་གཉིས་སུ་ཛྲིཾ། ཞེས་པ་ནས། ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཨོཾ་ཧྲཱིཿ ཧ་བྷོ་མཧཱ་ཀྲོ་དྷ། ཞེས་པ་ནས། ཀུ་རུ་སྭཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཧྲཱིཿ ཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཧྲཱིཿ ཥྚྲཱིཿ ཧཿ། ཞེས་པ་ནས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང་དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ན། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཞི་བ་ལ་སོགས་པའི་ལས་རྣམས་བསྒྲུབ་པའི་དོན་དུ་སྦྱིན་བདག་ལ་སོགས་པ་ལ་ཡེ་ཤེས་ཀྱི་གཟིགས་པ་ལྷུར་མཛད་པར་གྱུར། མཆོད་པ་བྱིན་གྱིས་བརླབ། དག་ཅིང་དྲི་མེད་མས་ཆུ་བཞི། རྒྱལ་བ་རྣམས་ནི་ཡོན་


GTD007_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་མཆོག་གི་སྐུ། །སོགས་ཀྱིས་ཉེར་སྤྱོད་རོལ་མོ། རིན་ཆེན་དབང་རྒྱལ་མས་འདོད་ཡོན་ལྔ། ཛམ་བུ་ཆུ་གསེར་མས་རྒྱལ་སྲིད་སྣ་བདུན་རྣམས་དབུལ། ཡབ་ཡུམ་གཉིས་ཀའི་སྔགས་གཤམ་དུ་འབྲུ་གསུམ་བཏགས་པས་ནང་མཆོད་དབུལ། འཇམ་དཔལ་གསེར་མདོག་མས་བསྟོད། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ རྣམས་འཚམ་པ་རེ་བཟླས་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་འོད་དུ་ཞུ་ནས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་གྱུར། གསུང་རབ་སོགས་ལའང་ཚིག་སྒྱུར་སྐབས་བསྟུན་བྱ། ཡེ་དྷརྨཱ་ཅི་མང་བཟླས་ལ། ཡེ་དྷརྨཱ་འོད་དུ་ཞུ་ནས་མེ་ཏོག་གི་ཚོམ་བུ་རེ་རེ་ལ་གནས་པར་གྱུར། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་ས་དང་ཆུ་དང་མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ལན་གསུམ་བརྗོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཕུན་སུམ་ཚོགས་པ་མས་ཤིས་བརྗོད་བྱ་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ། རབ་འབྱམས་རྒྱལ་བ་མ་དང། རྒྱལ་ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་ཁྱོད། །སྒྲུབ་སྡེ་འདི་ཡི་སྲུང་མར་མངའ་གསོལ་ལོ། །ཕྱི་དང་ནང་གི་འགལ་རྐྱེན་ཀུན་ཞི་ཞིང། །མཐུན་རྐྱེན་མ་ལུས་འགྲུབ་པའི་སྡོངས་གྲོགས་མཛོད། །མཐུ་སྟོབས་ནུས་པ་མ་དང། སྔགས་


GTD007_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བཀའ་སྲུང་ཆེན་པོ་ཁྱོད་ཉིད་ཀྱིས། །སྡེ་འདིར་འཚེ་བའི་དགྲ་རྣམས་གཞོམ་པ་དང། །ཆུ་བདག་གདེངས་ཅན་འདི་ཡི་མགོན་མཛད་ཅིང། །ཆོས་དང་མཐུན་པའི་ལོངས་སྤྱོད་རྒྱས་པར་མཛོད། །གསང་འདུས་ཀྱི་རབ་ཡངས་མས་ཤིས་བརྗོད་བྱའོ། །ཤིན་ཏུ་བསྡུས་པ་བྱེད་ན། ཧྲཱིཿ ཥྚྲཱིཿས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ། ཕྱག་སོ་བཞི། ཞབས་བཅུ་དྲུག་པ། གཡས་བསྐུམས་ཤིང་གཡོན་བརྐྱང་བའི་སྟབས་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་དང་ནང་མཆོད་སྔགས་ཀྱིས་དབུལ། གཟུགས་མཆོག་མས་བསྟོད། ཡ་མཱནྟ་ཀ་དང། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ ཞེས་པ་ལན་གསུམ་རེར་བཟླས་ལ། རྡོ་རྗེ་འཇིགས་བྱེད་འོད་དུ་ཞུ་ནས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་གྱུར། ཡེ་དྷརྨཱ་ནས། སུ་པྲ་ཏིཥྛའི་བར་དང། ཆེ་བའི་ཆེ་མཆོག་མས་ཤིས་བརྗོད་བྱའོ། །ཞེས་པ་འདི་དག་ནི་རི་ཁྲོད་ཡིད་དགའ་ཆོས་འཛིན་གྱི་འདུ་ཁང་རྟེན་དང་བརྟེན་པར་བཅས་པར་རབ་གནས་བརྒྱ་རྩ་བྱེད་སྐབས་ལག་ཏུ་བླང་བདེ་བར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྒྲིགས་པའོ།། །།


previousསྤྱན་དབྱེའི་ཆོ་ག་ལག་ཏུ་བླང་བདེ་བ།next