Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སུ་རཱུ་པའི་གཏོར་མ་གཏོང་ཚུལ་གྱི་རྣམ་གཞག
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousསུ་རཱུ་པའི་གཏོར་མ་གཏོང་ཚུལ་གྱི་རྣམ་གཞགnext

སུ་རཱུ་པའི་གཏོར་མ་གཏོང་ཚུལ་གྱི་རྣམ་གཞག


GTD007_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རཱུ་པའི་གཏོར་མ་གཏོང་ཚུལ་གྱི་རྣམ་གཞག་བཞུགས་སོ།།


GTD007_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་འཕགས་མཆོག་སྤྱན་རས་གཟིགས་ངོ་བོ་དབྱེར་མི་ཕྱེད་པ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། །ལས་ཉོན་སྡུག་བསྔལ་གདུང་བ་ཀུན་སེལ་ཞིང། །ཟག་མེད་བདེ་བའི་དཔལ་ལ་སྦྱོར་མཛད་པ། །ཐུགས་རྗེའི་གཏེར་ཆེན་དེ་ཡིས་རིང་དུ་སྐྱོངས།། དེ་ཡང་སྒྲུབ་པར་སླ་ལ་དོན་ཤིན་ཏུ་ཆེ་བ་སུ་རཱུ་པར་གྲགས་པའི་གཏོར་མ་གཏོང་བར་འདོད་པའི་གང་ཟག་གིས་དུས་ནམ་གྱི་ཚེ་གཏོང་བ་ནི། དེ་ཉིད་ཀྱི་གཟུངས་ལས། ཟས་མ་ཟོས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ། །ཞེས་དང་། ཀུན་གཟིགས་ལྔ་པས། གཏོར་མ་གོང་མ་གསུམ་པོའི་དུས་ལ་ངེས་པ་མེད་ཅིང་སུ་རཱུ་པ་ནི་ངེས་པར་བཟའ་བཏུང་གང་ཡང་མ་བྱས་པའི་སྔོན་དུ་གཏོང་དགོས་ལ། དེང་སང་ཕྱག་ལེན་ལྷན་ཅིག་ཏུ་མཛད་པའི་དབང་གིས་ཐོ་རངས་ཀྱི་ཆའམ་འཕྱི་ཡང་ཟས་སྐོམ་ལ་ལོངས་མ་སྤྱད་པའི་གོང་དུ། ཞེས་གསུངས་པ་ལྟར་ལ། དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡན་ཆད་དུ་གཏོར་མ་ཆ་བཞིའི་གྲངས་སུ་འབྱུང་བ་ལས་ཟུར་དུ་མི་མཛད་ཀྱང། ཕྱིས་སུ་དམ་པ་འགའ་ཞིག་གིས་འཕགས་པས་མཛད་པའི་རྒྱུན་གཏོར་གྱི་ནང་ནས་ཡི་དྭགས་ལ་གཏོར་མ་གཏོང་ཚུལ་དེ་ཉིད་ལོགས་སུ་བཀོལ་བར་སྔགས་ཀྱི་སྒོ་ནས་མིང་ཡང་སུ་རཱུ་པ་ཞེས་གྲགས་སོ། །དེ་ལ་སུ་ནི་ཉེར་བསྒྱུར་ཉི་ཤུའི་ནང་གི་མཛེས་པ་དང་ལེགས་པ་སོགས་ལ་འཇུག་ཅིང། རཱུ་པ་


GTD007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་སྐད་དོད་ཡིན་པས་དེ་བཞིན་གཤེགས་པ་གཟུགས་མཛེས་ཀྱི་སྔགས་ཀྱི་སྒོ་ནས་གཏོར་མ་སྦྱིན་པ་ཡིན་ཏེ། འདིའི་གཟུངས་ཀྱི་མཇུག་ཏུ་ཡང་། གཟུགས་ལེགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །ཞེས་པ་ལྟར་རོ། །ཁ་ཅིག་དེ་ལྟར་མ་གོ་བར་སུ་རཱུ་པ་ཞེས་པ་བོད་སྐད་དུ་འཁྲུལ་ནས་ཚ་གསུར་གྲང་གསུར་དང། མེ་གསུར་ཆུ་གསུར་སོགས་ཀྱི་ཐ་སྙད་བྱེད་པ་དོན་མ་ཡིན་ཏེ། ཀུན་གཟིགས་ལྔ་པས། དེང་སང་མེ་གསུར་ཆུ་གསུར་ཞེས་མཆོག་དམན་ཀུན་ལ་གྲགས་ཤིང། ཡི་གེ་མང་པོར་ཡང་ཕྱོགས་མཐུན་དུ་བཀོད་པར་སྣང་མོད། མེ་གསུར་ལ་མདོ་སོགས་ཀྱི་ཟིན་སོ་མེད་ཅིང། གསང་སྔགས་གསར་མའི་ཕྱོགས་སུ་མ་གྲགས་པས་སྔོན་རབས་ཁུངས་བཙུན་གྱི་ཡི་གེར་ཡང་མ་འཁོད། དེའི་ཁུངས་ནི་གསང་སྔགས་རྙིང་མ་ཕྱོགས་ལ་བརྟེན་དགོས་ཤིང་། རྫས་མེ་ལ་བཏབ་པའི་གསུར་མིང་དང་དོན་མཐུན་པ་ཡིན། ཞེས་པ་ནས། ཆུས་གསུར་མི་ཡོང་བ་གནག་རྫི་རྒན་པོས་ཀྱང་ཤེས་པ་དེའོ། །ཞེས་གསུངས་སོ།། འདིར་གང་གི་ལྷའི་རྣལ་འབྱོར་དང་སྔགས་ཀྱི་སྒོ་ནས་གཏོར་མ་གཏོང་བའི་དེ་བཞིན་གཤེགས་པ་གཟུགས་མཛེས་ནི། པཎ་ཆེན་དགེ་འདུན་གྲུབ་ཀྱི་གཏོར་མའི་རྣམ་བཤད་ལས། འདི་དག་གི་ངོས་འཛིན་ལ་ཁ་ཅིག་རིན་ཆེན་མང་རིན་འབྱུང་། གཟུགས་མཛེས་དམ་པ་སུ་རཱུ་པའི་


GTD007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་གཟུགས་མཛེས། སྐུ་འབྱམས་ཀླས་རྣམ་སྣང་གངས་ཆེན་མཚོ། འཇིགས་བྲལ་དོན་གྲུབ་ཏུ་འདོད། ས་སྐྱ་པ་ནི་བཞི་པོ་དེ་སྔོན་བྱུང་འདས་པའི་དུས་སངས་རྒྱས་པའི་མཚན་བཞི་པོ་སངས་རྒྱས་དབང་ཕྱུག་ཡོན་ཏན་དང་སྤྱན་རས་གཟིགས་ཀྱི་གཟུངས་ནས་ཤཱཀྱ་ཐུབ་པ་ལ་གསུངས་པར་བཞེད་ལ་ཞེས་སོགས་གསུངས་པ་ལྟར་ལུགས་སྣ་ཚོགས་ཡོད་ཀྱང་། ཇོ་བོ་ཡབ་སྲས་ཀྱིས། རིན་ཆེན་མང་ཤཱཀྱ་ཐུབ། གཟུགས་མཛེས་སྤྱན་རས་གཟིགས། སྐུ་འབྱམས་ཀླས་འཇམ་དབྱངས། འཇིགས་བྲལ་ཕྱག་རྡོར་དུ་བཞེད་ཅིང། རྒྱུ་མཚན་ནི། སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པར། གཟུགས་མང་མངའ་ཞིང་བདེ་སྐྱིད་རབ་སྦྱིན་པ། །ཞེས་དང། མཚན་བརྒྱ་རྩ་བརྒྱད་པ་ཚིག་ལྷུག་ཏུ། ཡིད་དུ་མཆི་བ། སྡུག་པ། བལྟ་ན་སྡུག་པ། ཉམས་དགའ་བར་བགྱིད་པ་ཞེས་འབྱུང་ལ། འཇམ་དབྱངས་ཀྱི་མཚན་བརྒྱ་རྩ་བརྒྱད་པར། སེམས་ཅན་རྣམས་ཀྱི་བསོད་ནམས་ཚོགས། །ཤིན་ཏུ་རྒྱས་པ་འབྱུང་བར་འགྱུར། །ཞེས་མཚན་གྱི་ཕན་ཡོན་སྦྱིན་པའི་ངོ་བོ་སོགས་ཇེ་རྒྱས་སུ་འགྱུར་བར་གསུངས་པ་དང། ཕྱག་རྡོར་གྱི་མཚན་བརྒྱ་རྩ་བརྒྱད་པར། འཇིགས་ལས་གྲོལ་བ་རབ་འཇིགས་པ། །ཞེས་སོགས་གསུངས་པ་ལ་བརྟེན་ནམ་སྙམ། འོན་ཀྱང་ཀུན་མཁྱེན་བླ་མའི་ཆུ་གཏོར་རྣམ་བཤད་ལས་མེ་ཏོག་གི་ཚོགས་ཞེས་བྱ་བའི་མདོར། གཟུགས་སྣང་བ་དང་ལྡན་པའི་ཞིང་གི་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བའི་དབྱངས་ཞེས་པ་དེ་གཟུགས་མཛེས་ཡིན་ལ། རིན་ཆེན་མང་ཡང་། སངས་རྒྱས་ཀྱི་ཞིང་


GTD007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་སུམ་ཅུ་ན་འཇིག་རྟེན་གྱི་ཁམས་མཐུ་བོ་ཆེ་དང་ལྡན་པར་སངས་རྒྱས་རིན་ཆེན་མང་ཞེས་པ་ཞིག་བཞུགས་པར་འོག་ནས་འབྱུང་བ་དེ་ཉིད་ཡིན་པར་གསུངས་ཏེ། གཞན་གཉིས་ངོས་འཛིན་གསལ་ཁ་མ་མཛད་ཀྱང་། མདོ་འདིའི་བམ་པོ་གསུམ་པོ་རིལ་གྱིས་དེ་བཞིན་གཤེགས་པའི་མཚན་འབའ་ཞིག་གསུངས་པས། དེའི་གྲངས་ཤིག་ཡིན་པར་མངོན། གང་ལྟར་ཡང་། གཟུགས་མཛེས་ཀྱི་མཚན་བརྗོད་པས་ཡི་དྭགས་རྣམས་ཀྱི་ལུས་དང། སྦྱིན་རྒྱུའི་གཏོར་མ་སོགས་ཀྱི་ཡིད་དུ་མི་འོང་བའི་ཆ་ཐམས་ཅད་སྦྱངས་ནས་དགའ་བདེ་ཕུན་སུམ་ཚོགས་པ་སྐྱེད་པར་གསུངས་པས། འདིར་ཡང་དེའི་སྒོ་ནས་གཙོ་བོར་བྱེད་པ་ཡིན་ནོ།། དེ་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། རང་ཉིད་སྐད་ཅིག་གིས་དེ་བཞིན་གཤེགས་པ་གཟུགས་མཛེས་སུ་གྱུར། ཨོཾ་བཛྲ་ཨ་མྲི་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད། མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ལ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡི་དྭགས་ཐམས་ཅད་བཀུག་སྟེ་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་ལོངས་སྤྱོད་པས་ཚིམ་ཞིང་བདེ་བས་རྒྱུད་གང་བར་གྱུར། གཡོན་པས་སེ་གོལ་གཏོག་ཅིང། ན་མཿ སུ་རཱུ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ།


GTD007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། སྨ་ར་སྨ་ར། སནྟརྦཱ་ཡ། སནྟརྦཱ་ཡ་སརྦཱ་པྲེ་ཏཱ་ནཱ་ནཱཾ་སྭཱཧཱ། ཞེས་ལན་གསུམ་མམ་བདུན་དང། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་ཡི་དྭགས་རྣམས་ཀྱི་མདུན་དུ་ཟད་མི་ཤེས་པའི་བདུད་རྩི་དང་འདོད་ཡོན་ལྔ་ལ་སོགས་པ་བྱུང་བར་བསམ། ཨ་པ་ས་རནྟུ། ཨ་པ་ཏཱ་ར། པྲེཀྵི་ཎོདྡཱ་མེ་ཧཾ། སརྦ་ལོ་ཀ་དྷ་ཏུ་བྷ་བཱི་ནཾ། སརྦ་པྲེ་ཏཱ་ནཱ་མ་ཧ་རམ། ཞེས་པའམ། ཡང་ན་དེ་ཉིད་བོད་སྐད་དུ་བསྒྱུར་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དྭགས་རྣམས་ལ་བདག་བཟའ་བ་འདི་སྟེར་གྱི། གླགས་ལྟ་བ་རྣམས་ཕྱིར་དེངས་ཤིག །ཅེས་བརྗོད། ཡེ་དྷརྨའི་སྔགས་སམ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །ཞེས་པའི་ཚིགས་བཅད་བརྗོད་དེ་ཆོས་ཀྱི་སྦྱིན་པ་བྱ། ཕན་ཚུན་འཛེར་དང་འཐབ་རྩོད་མེད་པ་རུ། །བདེ་བར་ཟས་ཐོབ་ལོངས་སྤྱོད་དབང་པོ་ཚིམ། །བཀྲེས་སྐོམ་ཕོངས་པའི་སྡུག་བསྔལ་ལས་གྲོལ་ནས། །མཐོ་རིས་ཐར་པའི་བདེ་བ་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། འདི་ལ་༸རྒྱལ་དབང་གི་གསུང་པར་མར། ཕན་ཚུན་བྱེར་དང་ཞེས་འབྱུང་ཡང། འགྲོ་མགོན་འཕགས་པས་མཛད་པའི་རྒྱུན་གཏོར་ལས། ཕན་ཚུན་འཛེར་བ་དང། འཐབ་རྩོད་ལ་སོགས་པ་མེད་


GTD007_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅི་བདེ་བར་མཉམ་པོར་ཐོབ་ཅིང། ཞེས་འབྱུང་བ་དེ་ཉིད་ཚིགས་བཅད་དུ་བསྡེབས་པར་སྣང་བས་སྔ་མ་ཡི་གེ་མ་དག་པར་མངོན། ཡང་ན་པཎ་ཆེན་ཆོས་རྒྱན་གྱི་གསུང་ལས་འབྱུང་བ་ལྟར། ཡི་དྭགས་ཐམས་ཅད་བཟའ་བ་དང་བཏུང་བ་ལ་སོགས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་གྱུར་ཅིག །བཀྲེས་པ་དང་སྐོམ་པ་དང་ཕོངས་པ་ལ་སོགས་པའི་སྡུག་བསྔལ་མཐའ་དག་ལས་གྲོལ་བར་གྱུར་ཅིག །མཐོ་རིས་དང་ཐར་པའི་བདེ་བ་རྣམ་པར་དག་པ་དང་མི་འབྲལ་བར་གྱུར་ཅིག །སྦྱིན་པ་འདི་ཡི་བསོད་ནམས་གང། །དེ་དག་ཡི་དྭགས་རྗེས་འགྲོ་ཞིང་། །ཡི་དྭགས་འཇིག་རྟེན་རབ་འཇིག་ནས། །དེ་ཀུན་གནས་ནས་ཐར་བར་ཤོག །ཅེས་སོགས་ཀྱི་བསྔོ་བས་རྒྱས་འདེབས། སརྦ་བྷུ་ཏ་གཙྪ། ཞེས་བརྗོད་པས་ཡི་དྭགས་རྣམས་རང་གནས་སུ་སོང་བར་བསམ་མོ།། དེ་ལྟར་བསྔོས་པས་ཡི་དྭགས་རྣམས་ཀྱིས་ཐོབ་ཚུལ་ནི། སུ་རཱུ་པའི་གཟུངས་མདོ་ལས། གཟུངས་འདིས་ཆུ་དང་བཅས་པའི་ཟན་ལ་ལན་བདུན་ཡོངས་སུ་བཟླས་ཏེ། ལག་པ་གཡོན་པས་སེ་གོལ་གྱི་སྒྲ་ལན་གསུམ་དུ་བྱས་ནས་ཡི་དྭགས་ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང་། ཞེས་པ་ནས། ཡི་དྭགས་ཐམས་ཅད་ལ་འབྲས་བྲེ་བོ་ཆེ་རེ་རེའི་བཟའ་བ་སོ་སོར་སྦྱིན་པར་འགྱུར་རོ། །ཞེས་གསུངས་ཤིང་། པཎ་ཆེན་དགེ་འདུན་གྲུབ་ཀྱི་གཏོར་མའི་རྣམ་བཤད་ལས། ཡི་དྭགས་རེ་རེས་ཀྱང་འབྲས་ཆན་དང་བདུད་རྩི་ཡུལ་མ་ག་དྷའི་བྲེ་ཚད་བདུན་བདུན་ཐོབ་པར་བཤད། བྲེ་ཚད་རེ་རེ་ལ་ཚོང་འདུས་མགུར་མོའི་གསེར་བྲེའི་ཁལ་བཞི་དང།


GTD007_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བྲེ་བཞི་འགྲོ་བ་འདུག་པས། དེ་ལ་རྩིས་པས་འོ་སྐོལ་གྱི་ཁལ་བརྒྱད་བྲེ་བརྒྱད་འཐོབ་པ་འདུག་གསུངས། ཞེས་པ་ལྟར་ན་མདོ་རྒྱུད་ཀྱི་བཤད་ཚུལ་གཞན་ཡང་མང་དུ་ཡོད་པར་མངོན། དེ་ལྟར་བཏང་བའི་ཕན་ཡོན་ཡང་འདི་ཉིད་ཀྱི་གཟུངས་མདོ་ལས། དེ་ལྟར་བྱས་ན་སྐྱེ་བ་ནས་སྐྱེ་བར་ཡང་ཉམ་ཆུང་བར་མི་འགྱུར་རོ། །དབུལ་པོར་མི་འགྱུར་རོ། །སྟོབས་ཆེ་བ་དང། མཛེས་པ་དང། མཐོང་ན་དགའ་བ་དང། ཕྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་རོ། །ཚེ་རིང་ཞིང་ནད་མེད་པ་དང། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བའི་ཚུལ་ལ་ཚད་མའི་ལུང་གི་རྗེས་སུ་འབྲང་བས་ཡིད་ཆེས་ཀྱི་དད་པ་བརྟན་པོ་བསྐྱེད་དེ་འབད་པ་ལྷུར་བླང་བར་བྱའོ།། འདིར་འབད་དགེ་བའི་སྤྲིན་སྔོན་ཕུང་པོ་ལས། །རླབས་ཆེན་བསོད་ནམས་གྲུ་ཆར་འབེབས་པ་ཡིས། །མངོན་མཐོའི་དཔལ་གྱི་སྙེ་མ་གཡུར་ཟ་ཞིང་། །ངེས་ལེགས་འབྲས་བུའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པ་འདི་ནི་སྔ་སོར་དད་བརྩོན་བློ་དང་ལྡན་པ་ར་ཁོ་ཡེ་ཤེས་ཀྱིས་འདིའི་ཆོ་ག་ཤེས་བྱེད་ཀྱི་ཁུངས་དང་བཅས་པ་ཞིག་དགོས་ཚུལ་གྱི་བསྐུལ་མ་བྱས་ཡོད་པའི་ཐོག །ཉེ་ཆར་རབ་འབྱམས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་ཛ་ཡནྟུ།། །།


previousསུ་རཱུ་པའི་གཏོར་མ་གཏོང་ཚུལ་གྱི་རྣམ་གཞགnext