Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་བདག་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་ཚེ་ཉམས་གསོ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་བདག་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་ཚེ་ཉམས་གསོ་བྱེད།next

ཚེ་བདག་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་ཚེ་ཉམས་གསོ་བྱེད།


GTD007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བདག་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་ཚེ་ཉམས་གསོ་བྱེད་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ།།


GTD007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །ཁྲོས་པའི་ཟློས་གར་མྱུར་མཛད་མགོན་པོ་ན། །ཚེ་ཡི་ལྷར་བཞེངས་ཚེ་བདག་མགོན་པོ་ལ། །བཏུད་ནས་འཆི་བ་བླུ་བའི་ཆོ་ག་བྲ།། དེའང་མྱུར་མཛད་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་བར་འདོད་ན། ཚེ་བདག་མགོན་པོ་ནི་ངོ་བོ་དེ་ཉིད་ཡིན་ཀྱང་ཚེའི་དངོས་གྲུབ་སྩོལ་བ་ལ་ཆེད་དུ་བསྟན་པ་ཡིན་པས། དེའི་སྒོ་ནས་བྱས་ན་འབྲེལ་ཆགས་པས་དེ་ལྟར་བྱེད་པ་ལ། མགོན་པོའི་མཆོད་གཏོར་ནང་མཆོད། བུམ་པ་བཅུད་ཀྱིས་བཀང་བ་མགུལ་ཆིངས་ཅན་དང། ཐོད་པ་ཆང་གིས་བཀང་བར་བདུད་རྩི་རིལ་བུ་བཏབ། ཌཱ་མ་རུ་དང་དྲིལ་བུ་འཐོར་ནས་སོགས་འདུ་བྱ། ཐོག་མར་བདུད་རྩི་འཁྱིལ་བ་བཟླས་པའི་ཆུས་བསྒྲུབ་བྱའི་ཡན་ལག་ལྔ་བཀྲུས་ཏེ་ཁྲུས་ཆུ་ཕྱེད་ཁམ་ཕོར་གསར་བའི་ནང་དུ་བླུགས་ནས་ཤར་དུ་བཞག །ཕྱེད་ལ་ཤཱ་ས་ན་བཟླས་ཏེ་བསྔགས། མཆོད་རྟེན་ཞིག་པའི་ས་དང་རོ་སོལ་ས་ནག་སོགས་བསྲེས་ཏེ་གཤིན་རྗེའི་གཟུགས་འཇིགས་སུ་རུང་བ་དབྱུག་པ་དང་ཞགས་པ་འཛིན་པ་མདོག་ནག་པོ་ཅན་བྱས་ལ་སླ་ངའི་ནང་དུ་སྦུབས་ནས་བཞག །གདན་ནག་གི་སྟེང་དུ་རས་སོགས་ཀྱི་གོས་ནག་པོ་བཀབ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་མགོ་ལྷོར་བསྟན་པ་བཞག །དེའི་མདུན་དུ་ཁམ་ཕོར་འོ་མས་གང་བ་དང། ཉ་ཤའི་བདུག་སྤོས་ཀྱི་སྣོད། ཉེར་སྤྱོད་ལྔ། འབྲུ་ནག་སྣ་ཚོགས། མེ་ཏོག་ནག་པོ། ཤ་མར། ཚྭ། བུ་རམ། གསེར། དངུལ། གཡུ། གོས་དར་སྣ་ཚོགས། རྨ་བྱའི་མདོངས། དུར་བ། ངར་གླུད་གང་མང། སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་སོགས་གཤིན་རྗེའི་རྫོངས་རྣམས་དང་། དེ་རྣམས་འཇལ་བའི་བྲེ་ལ་ལྷ་འདྲེའི་མིག་བསྒྱུར་བའི་སྔགས། ཨོཾ་ཨརྨ་སརྦ་ས་ཙི་མུར་ཏི་ཐིབས་སྭཱཧཱ། ཉེར་གཅིག་འདེབས། ཨོཾ་ཐིབ་ཏ་མཐོང་བའི་རྒྱལ་པོ་སྭཱཧཱ། ཞེས་པ་ཇ་སོགས་འདེགས་པའི་སྲང་ལ་འདེབས། ཨོཾ་མ་ཏི་ཏྲ་མོ་ཏ་ན་ཐིབས་སྭཱཧཱ། ཞེས་


GTD007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསེར་དངུལ་སོགས་འཇལ་བའི་ཞོ་ཆ་དང་སྲང་གཉིས་ཀ་ལ་ཉེར་གཅིག་རེ་གདབ། འབྲང་རྒྱས་ཕྱེད་དཀར་པོ་བིལ་བའི་དབྱིབས་ཅན་ལ་མར་གྱི་ལྷ་བཤོས་ལྔ། རྩ་བ་ནག་པོ་ལ་སྣུམ་གྱི་སྡོང་བུ་བཙུགས་པ་ཤར་དུ་དང་། དཀྱིལ་འཁོར་གྱི་བྱང་དུ་ཀུ་ཤའི་གདན་ལ་བསྒྲུབ་བྱའི་གླུད་གོས་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པ་བཞག །དུག་སྣ་བཏབ་པ་འོ་ཆུ་འདྲེས་པས་གང་བའི་ཁམ་ཕོར་ཡང་གླུད་ཀྱི་མདུན་དུ་བཞག །སྟན་དཀར་པོ་གོས་དཀར་མེ་ཏོག་དཀར་པོ་སོགས་ཀྱང་ཅི་རིགས་སུ་སྟ་གོན་བྱ། དེ་ནས་སྐྱབས་སེམས་སྔོན་དུ་བཏང་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉི་ཚོགས་ཀྱི་བདག་པོའི་གདན་ལ་རང་གི་སེམས་ཉིད་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱིས་ཌཱ་མ་རུ་དང་རྩེ་གསུམ། ཐ་མ་གཉིས་ཀྱིས་བགྲང་ཕྲེང་དང་ཞགས་པ་བསྣམས་པ། སྨིན་མ་དང་སྨ་ར་རབ་ཏུ་འབར་བ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། སྟག་གི་པགས་པའི་ཤམ་ཐབས་གསོལ་ཞིང་རུས་པའི་རྒྱན་དྲུག་དང་སྦྲུལ་སྣ་ཚོགས་ཀྱིས་བརྒྱན་པ། དྲིལ་བུ་གཡེར་ཁའི་ཕྲེང་བ་སོགས་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་མཁའ་འགྲོ་མ་སྐུ་


GTD007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔོན་མོ་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མདུན་དུ་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ་འཁོར་ལོ་དང་ཐོད་ཁྲག །ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་རིན་པོ་ཆེ་དང་ཐོད་ཁྲག །ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་པདྨ་དང་ཐོད་ཁྲག །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ་རལ་གྲི་དང་ཐོད་ཁྲག་འཛིན་པ། མཁའ་འགྲོ་ལྔ་པོའང་ཐོད་སྐམ་ལྔས་དབུ་ལ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། སྒེག་ཅིང་ཆགས་པའི་ཉམས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དེའི་ཕྱི་རོལ་ཏུ་མཁའ་འགྲོ་འབུམ་སྡེ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་འཁོད་པར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་གནས་སུ་ཧཱ་ལྗང་གུས་མཚན་པ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ཚེ་བདག་མགོན་པོ་ལ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་སྐད་ཅིག་གིས་སྤྱན་དྲངས། ཨོཾ་ཤྲཱི་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། ཁྲིཾ་རིང་པོ་ཉེར་གཅིག་བརྗོད། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥཱིཉྩ་ཧཱུཾ། ཞེས་དབང་བསྐུར་སྐུ་གང། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། སངས་རྒྱས་མཁའ་འགྲོ་མ་ལ་རྣམ་སྣང་། རིན་ཆེན་མཁའ་འགྲོ་མ་ལ་རིན་འབྱུང་། པདྨ་


GTD007_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་ལ་སྣང་མཐའ། ལས་ཀྱི་མཁའ་འགྲོ་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་དང་ནང་མཆོད་ཨ་མྲྀ་ཏས་བསངས། བྱིན་གྱིས་བརླབ། ཨོཾ་ཤྲཱི་མཧཱ་ཀཱ་ལ་པཉྩ་ཌཱ་ཀཱི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿ ཧཱུཾ་བཏགས་ལ་ནང་མཆོད་དབུལ། མ་རྒད་ལྷུན་པོའི་དཔལ་ལྟར་བརྗིད་པའི་སྐུ། །མི་བཟད་ང་རོ་འབྲུག་ལྟར་སྒྲོགས་པའི་གསུང། །བརྩེ་ཆེན་འཇིག་རྟེན་ཀུན་ལ་བརྩེ་བའི་ཐུགས། །ཚེ་བདག་མགོན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། མགོན་པོ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་རེ་རེ། དེའི་ཐུགས་ཀར་ཡབ་ཀྱི་ཐུགས་ཀར་ཧཱུཾ་དང་ཡུམ་གྱི་ཐུགས་ཀར་ཨཱཿ། དེ་གཉིས་ཀྱི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ཚེ་ཐུང་འགྱུར་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག །སླར་ཡང་སྔགས་ཕྲེང་ལས་འོད་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་དང་། འཇིག་རྟེན་ཁམས་ཀྱི་ཚེ་བསོད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་བསམས་ལ། ཨོཾ་བཛྲ་མཧཱ་ཀཱ་ལ་ཧ་རི་ནི་ས་སརྦ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཛ། ཞེས་ཅི་འགྲུབ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང་ལ་མཆོད་བསྟོད་མདོར་བསྡུས་བྱ། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ་ཅིང། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྱན་དྲངས། ལྗགས་ཧཱུཾ་ལས་


GTD007_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་མཧཱ་ཀཱ་ལ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་གཏོར་མ་དབུལ། མཆོད་བསྟོད་མདོར་བསྡུས་བྱ། དེ་ནས་རྫས་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་རྫས་རྣམས་ཀྱི་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་འཆི་བདག་གཤིན་རྗེ་འཁོར་བཅས་དགྱེས་པ་བསྐྱེད་པར་ནུས་པའི་མཆོད་རྫས་མཁོ་དགུ་མ་ཚང་བ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། བདག་གི་བསམ་པའི་སྟོབས་དང་ན། །ཞེས་པ་ནས། ཐོགས་པ་མེད་པར་འབྱུང་གྱུར་ཅིག །རང་ཉིད་སྤྱན་རས་གཟིགས་མགོན་ཚེ་བདག་ཏུ། །གསལ་བའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །འཆི་བདག་གཤིན་རྗེ་འཁོར་བཅས་སྤྱན་དྲངས་ཏེ། །མདུན་གྱི་གཟུགས་ལ་དབྱེར་མེད་ཐིམ་པར་གྱུར། །ཧོཿ ཆོས་དབྱིངས་བདེན་པ་བསམ་མི་ཁྱབ། །རྟེན་འབྲེལ་སྣང་བ་ཅིར་ཡང་འཆར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱི། །བདེན་པའི་བྱིན་རླབས་ལས་བྱུང་བ། །དར་ཚོན་སྣ་ལྔ་རྣམ་ཤེས་གླུད། །རྨ་བྱའི་མདོངས་བཀྲ་དབང་པོའི་གླུད། །ངར་གླུད་འབྱུང་བཞི་ལུས་ཀྱི་གླུད། །དུར་བ་རིན་ཆེན་ཚེ་ཡི་གླུད། །རིན་ཆེན་སྣ་ལྔ་བསོད་ནམས་གླུད། །སྲོག་ཆགས་སྣ་ཚོགས་ཕྱུགས་ཀྱི་གླུད། །འབྲས་བུ་སྣ་ཚོགས་དཔལ་འབྱོར་གླུད། །གླིང་བཞི་གླིང་ཕྲན་དབང་ཐང་གླུད། །བྲེ་དང་སྲང་ལ་འཇལ་རུང་རྣམས། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་སོགས། །གཞལ་ཏེ་འཆི་བདག་འཁོར་བཅས་ལ། །ཡོན་གྱི་བདག་པོ་འདི་ཉིད་ཀྱི། །ཚེ་དང་སྲོག་གི་གླུད་དུ་འབུལ། །མཆོད་ཡོན་འབྲུ་སྣ་སྣ་ཚོགས་དང། །འདོད་


GTD007_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་རིན་ཆེན་སྣ་ལྔ་དང། །ཞལ་ཟས་མེ་ཏོག་ནག་པོས་མཆོད། །འདི་དག་ལོངས་ལ་ཚེ་སྲོག་བྱིན། །བཟུང་བ་ཐོངས་ལ་བཅིང་བ་ཁྲོལ། །ཡར་བ་སྡུད་ཅིང་ཉམས་པ་གསོས། །བླ་ཚེ་བརྐུས་པ་ཕྱིར་གཏད་དེ། །བཀའ་དང་དམ་ལས་མ་འདའ་ཞིག །ཁྲུས་ཆུ་ཕོར་པ་དང་ལྷན་ཅིག་གཤིན་རྗེའི་མདུན་དུ་བཞག །འབྲང་རྒྱས་ཕྱེད་མར་བཅད་ལ་ནག་པོའི་མར་མེ་སྦར། ཨ་ཀཱ་རོས་བྱིན་གྱིས་བརླབ། སརྦ་བིགྷན། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་ཞེས་སོགས་ཀྱིས་མདུན་གྱི་གཤིན་རྗེ་འཁོར་བཅས་ལ་ལམ་རྒྱག་གི་ཚུལ་དུ་བསྔོ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་ནས་རང་ཉིད་ལྷའི་ང་རྒྱལ་བརྟན་པོ་ལ་གནས་པས་རོལ་མོ་གདངས་དང་བཅས་ཏེ། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་དེད་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །གསོན་གཤིན་ཀུན་གྱི་ཟམ་ཁ་པ། །གསོན་པོ་བསྐོས་ལ་འདེབས་པ་པོ། །ཤི་བ་ཀུན་གྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ཉེས་ལེགས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་སྟོབས་ཅན། །འཁོར་བཅས་འདིར་ནི་བདག་ལ་ཉོན། །ཁྱོད་ཀྱི་འཁོར་གྱི་ཡི་དྭགས་ལ། །བཟའ་བ་བཟང་པོ་འདི་འབུལ་གྱི། །འདི་ཟོ་འཁོར་གྱི་ཡི་དྭགས་རྣམས། །མ་འཚེ་བར་ནི་གཞན་དུ་དེངས། །དྲག་སྔགས་བརྗོད། རོལ་མོ་དྲག་ཏུ་བྱ། གཤིན་རྗེའི་གཟུགས་རྫོངས་ཆས་ཉེར་སྤྱོད་གཏོར་མ་ཁྲུས་ཁུ་གདན་ཞལ་ཁེབས་སོགས་མ་ལུས་པ་ལྷོའི་གྲོང་ཟད་མཐར་རྡེབ་པའི་ཚུལ་མི་བྱེད་པར་དལ་བུས་མགོ་ལྷོར་བསྟན་ནས་འཇོག་ཅིང་རྫོངས་ཆས་རྣམས་དེའི་མདུན་དུ་བཞག་ལ། སྐྱེལ་མཁན་རྣམས་ཕྱི་མིག་མི་བལྟ་བ་གནད་དོ། །དེ་ནས་གླུད་གོས་ཀྱི་ཚོན་སྐུད་བཀྲོལ་ལ་དེས་བསྒྲུབ་བྱའི་ཡན་ལག་ལྔ་བཅིང། ན་མོ་རྗེ་


GTD007_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རྩ་བ་དང་བརྒྱུད་པར་བཅས་པའི། ཞེས་པ་ནས། ཁྱད་པར་དུའང་ཡེ་ཤེས་ཀྱི་མགོན་པོ་ཚེ་ཡི་བདག་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང། བདེན་པ་ཆེན་པོའི་བྱིན་གྱིས་བརླབ་ཀྱིས་ཆེ་གེ་མོའི་སྡིག་སྒྲིབ་ནད་གདོན་ཆགས་ཆེ་ཉམ་ང། བཙོག་གྲིབ་མི་གཙང་བ། ལོ་ཟླ་ཞག་སྐེག །མཐུ་གཏད་བྱད་ཕུར། དུས་ཀྱི་ཞགས་པ། གཤིན་རྗེའི་ཕོ་ཉ་བཀྱེ་བ་ལ་སོགས་པ་བར་ཆད་མི་མཐུན་པའི་ཕྱོགས་གང་ཡིན་པ་ཐམས་ཅད་ཚོན་སྐུད་འདི་ཉིད་ལ་མཆིས་ཤིང་ཐིམ་པར་གྱུར་ཅིག །ལན་གསུམ་གྱི་མཐར་ཕྱག་གཡས་ཀྱི་དང་པོའི་གྲི་གུག་གིས་རྦད་རྦད་གཏུབ་པར་བསམས་ལ་ཤཱ་ས་ན་བཟླ་བཞིན་དུ་ཚོན་སྐུད་གཅོད། བསླུ་མེད་མཆོག་གསུམ་བདེན་པ་དང། །འཇིག་རྟེན་སྐྱོང་བ་ཆེ་རྣམས་ཀྱི། །བདེན་སྟོབས་མཐུ་དང་གཟི་བྱིན་གྱིས། །བྱད་སྟེམས་ལས་རྣམས་ཆད་གྱུར་ཅིག །ཨོཾ་སརྦ་བནྡྷ་ཀཱ་ཁོ་རྡ་ཙྪེ་ད་ནཱ་ཡ་སྭཱཧཱ། ཞེས་བརྗོད་ཅིང་ཐུང་ངུ་ཐུང་ངུར་གཏུབས། ཁམ་ཕོར་སོ་མའི་ནང་གི་འོ་ཆབ་དུག་ཆུ་བསྲེས་པའི་ནང་དུ་དུམ་བུ་རེ་དང། ལས་བུམ་གྱི་ཆུ་ཐིགས་པ་རེ་བསྒྲུབ་བྱའི་ལུས་ལ་བསྐོར་ཏེ་བླུགས་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དང་དགེ་འདུན་ལའང་སྦྱར། གླུད་གོས་སོགས་བྱང་གི་གྲོང་ཟད་མཐར་བསྐྱལ་ལ་ཕྱི་མིག་མི་བལྟའོ། །དེ་ནས་བསྒྲུབ་བྱ་སྟན་དཀར་པོའི་སྟེང་དུ་བཞག་ལ། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་སོ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུང་ནི་སྤྲིན་ལས་རྒྱལ་བར་འགྱུར། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལ། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །


GTD007_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་རྒྱལ་གྱུར་བརྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག་དེ་དག་གིས་ཆེ་གེ་མོ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། ཕ་ལ་ཕ་ལ་ཧོཿ དེ་ནས་འབྲང་རྒྱས་ཀྱི་ཕྱེད་དཀར་པོ་དེ་བསྒྲུབ་བྱའི་ལག་ཏུ་གཏད་དེ། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ན། །དེ་རིང་བུ་ཡིས་ཟ་བར་གྱིས། །འདི་ཟོས་ཚེ་ཡི་བདག་པོ་ཡི། །ཞལ་ཟས་བསྟེན་པས་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །སྙིང་པོ་ལན་གསུམ་བཟླས་ལ་ཅུང་ཟད་ཟ་རུ་འཇུག །ཤིས་བརྗོད་རོལ་མོ་དང་བཅས་མེ་ཏོག་གི་ཆར་དབབ་པའི་དགེ་མཚན་གྱིས་མཐའ་བརྒྱན་པར་བྱའོ།། ཚེ་ཡི་མཆོག་སྦྱིན་ལྷ་ཚོགས་རྣམ་མང་ལས། །ཚེ་བདག་མགོན་པོར་གྲགས་པ་ལ་བརྟེན་ནས། །ཚེ་ཉམས་གསོ་བ་འཆི་བླུའི་ཆོ་ག་ཡིས། །ཚེ་དཔལ་མི་ཟད་སྦྱིན་པའི་ཡིད་བཞིན་ནོར། །འདི་བྲིས་དགེ་བས་བསྟན་འཛིན་ཡོན་མཆོད་ཀུན། །ཚེ་དང་བསོད་ནམས་ཆོས་ཀྱི་དགའ་སྟོན་ལ། །འགྲན་པ་ཇི་བཞིན་རྟག་ཏུ་སྤྱོད་པ་ཡིས། །རྫོགས་ལྡན་གསར་བའི་དཔལ་ལ་རོལ་གྱུར་ཅིག །ཅེས་ཚེ་བདག་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་ཚེ་ཉམས་གསོ་བྱེད་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདི་ནི་ཧལ་ཧའི་ཤོག་ནས་བསྟན་པའི་གསལ་བྱེད་ཆེན་པོ་ཆིང་སུ་ཙུག་ཐུ་ནོ་མོན་ཧན་བློ་བཟང་བསྟན་དར་དབང་ཕྱུག་གི་གསུང་གིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousཚེ་བདག་མགོན་པོ་ལ་བརྟེན་ནས་འཆི་བླུ་བྱ་ཚུལ་ཚེ་ཉམས་གསོ་བྱེད།next