Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་དཀར་ལྷ་ལྔའི་ནོར་སྒྲུབ་བྱ་ཚུལ་གྱི་ཟུར་འདེབས་དང་ཛཾ་དམར་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་དཀར་ལྷ་ལྔའི་ནོར་སྒྲུབ་བྱ་ཚུལ་གྱི་ཟུར་འདེབས་དང་ཛཾ་དམར་སྒྲུབ་ཐབས།next

ཛཾ་དཀར་ལྷ་ལྔའི་ནོར་སྒྲུབ་བྱ་ཚུལ་གྱི་ཟུར་འདེབས་དང་ཛཾ་དམར་སྒྲུབ་ཐབས།


GTD007_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་དཀར་ལྷ་ལྔའི་ནོར་སྒྲུབ་བྱ་ཚུལ་གྱི་ཟུར་འདེབས་གསེར་གྱི་ལྡེ་མིག་དང་ཛཾ་དམར་སྒྲུབ་ཐབས་འདོད་དགུའི་མཆོག་སྦྱིན་སོགས་བཞུགས་སོ།།


GTD007_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱརྱ་ཛམ་བྷ་ལ་ལ་ཕྱག་འཚལ་ལོ། །དེའང་རྗེ་བཙུན་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་ཀྱིས་མཛད་པའི་ཛཾ་དཀར་གྱི་ནོར་སྒྲུབ་ལ་ཅུང་ཟད་ཁ་འགེངས་འོས་རྣམས་བསྣན་ཏེ་ཟུར་འདེབས་ཀྱི་ཚུལ་དུ་འགོད་པ་ནི། གསང་སྒྲུབ་དང་ཡང་གསང་གི་སྒྲུབ་ཚུལ་གང་གི་སྐབས་སུའང་མདུན་བསྐྱེད་ཀྱི་བཟླས་པ་མཆོད་བསྟོད་མདོར་བསྡུས་དང་བཅས་པ་གྲུབ་པའི་མཚམས་དེར་གཡང་འབོད་བྱས་ན་ལེགས་ཤིང། དེའང་རྒྱས་པར་བྱེད་ན་གཡང་རྟེན་གྱི་གཏོར་མ་དང་གཡང་རྫས་བཤམས་པ་སོགས་ཡོངས་གྲགས་ལྟར་བྱ་ལ། དངོས་སུ་བཤམས་པ་མེད་ཀྱང་མོས་པ་བརྟན་པོས་ཚིག་ཏུ་བརྗོད་ནའང་རུང་བས། གཙོ་འཁོར་ལྔའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྲིད་ཞིའི་དཔལ་འབྱོར་མཐའ་དག་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་འདྲེན་པ་བཞིན་བསྡུས་ཏེ་རང་དང་བསྒྲུབ་བྱ་ལ་བསྟིམ་ཞིང། གནས་ཁང་ཡུལ་ཕྱོགས་ཐམས་ཅད་ཀྱང་དཔལ་འབྱོར་རྒྱ་ཆེན་པོས་གང་བར་བསམས་ལ། ཐུགས་རྗེ་ཆེན་པོ་ཨཱརྱ་ཛམྦྷ་ལ། །སྣང་སྲིད་དབང་སྡུད་མཁའ་འགྲོ་བཞི་


GTD007_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །བརྩེ་བས་དགོངས་ཏེ་གནས་འདིར་བྱིན་ཕོབ་ལ། །བསམ་དོན་ལྷུན་གྱིས་གྲུབ་པའི་དཔལ་སྩོལ་ཅིག །དགེ་བའི་ཉེར་ལེན་རང་ལ་གནས་པའི་གཞིར། །བདེ་བའི་རྐྱེན་བཟང་འདོད་དགུའི་ལེགས་ཚོགས་ཀུན། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །དལ་འབྱོར་རྟེན་གྱི་རིན་ཆེན་བུམ་བཟང་ལ། །འཆི་བ་མེད་པའི་ཚེ་དཔལ་བདུད་རྩིའི་རྒྱུན། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །སྔོན་བསགས་བསོད་ནམས་ལྷུན་སྟུག་རི་བོའི་རྩེར། །ཟས་ནོར་ལོངས་སྤྱོད་དབྱར་གྱི་ན་བུན་བཞིན། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །བཀྲ་ཤིས་གཡང་ཆགས་ཁྱིམ་དང་བང་མཛོད་ལ། །གསེར་དངུལ་


GTD007_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དར་ནོར་དང་འབྲུ་ཡི་ཚོགས། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །བཙན་ཞིང་ཡངས་པའི་ཕྱུགས་ལྷས་ར་བ་རུ། །གནག་ལུག་རྟ་མཛོ་ས་ཡི་དྲེག་པ་བཞིན། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །ཞི་དུལ་བཟང་པོའི་རང་བཞིན་འོ་མའི་མཚོར། །མཐུན་པའི་གཉེན་བཤེས་གཡོག་འཁོར་ངང་པའི་ཁྱུ། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །ཆོ་རིགས་གཙང་མའི་དཔག་བསམ་སྡོང་པོ་ལ། །ཡ་རབས་མཛངས་པའི་རིགས་རྒྱུད་མེ་ཏོག་འཕྲེང། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །སྒོ་གསུམ་ལེགས་བྱས་རྣམ་དཀར་སྤྲིན་གྱི་ཀློང། །མ་སྨད་གྲགས་སྙན་གཡུ་འབྲུག་སྒྲ་བརྒྱ་པ། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །མཆོད་སྦྱིན་དགེ་ཚོགས་གཞོན་ནུའི་ལང་ཚོ་ལ། །འདོད་པའི་ཡོན་ཏན་རྣམ་ལྔའི་རྒྱན་འཕྲེང་ཚོགས། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །ལྷ་ཡི་བདེ་སྐྱིད་ཚེ་དང་ཀླུའི་འབྱོར་བ། །མི་ཡི་ཆོས་དང་སྲིད་ཀྱི་ཕུན་ཚོགས་ཀུན། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན།།


GTD007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །མོས་གུས་བརྟན་པོའི་ཡིད་ཀྱི་གཤོང་བུ་ལ། །མཆོག་གསུམ་ཐུགས་རྗེ་བྱིན་རླབས་ཆར་གྱི་རྒྱུན། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །དད་བརྩོན་བློ་གྲོས་རྒྱལ་མཚན་རྩེ་མོ་ལ། །རིགས་གསུམ་མཁྱེན་བརྩེ་ནུས་པའི་བསམ་འཕེལ་ནོར། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །བདེན་ཚིག་གྲུབ་པའི་ལེགས་བྱས་ནོར་འཛིན་གཞིར། །བཀྲ་ཤིས་རྟགས་རྫས་རྟེན་འབྲེལ་མེ་ཏོག་ཆར། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་ལ། །ཐོས་བསམ་སྒོམ་གསུམ་ལེགས་སྨིན་སྙེ་མའི་ཚོགས། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །རྩེ་གཅིག་ཏིང་འཛིན་བསྒོམ་པའི་ནམ་མཁའ་ལ། །ཉམས་དང་རྟོགས་པའི་ཉི་ཟླ་སྐར་མའི་ཚོགས། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །དྲི་མེད་ཤེས་རབ་ནོར་བུའི་མེ་ལོང་ངོས། །ཆོས་ཚུལ་རབ་འབྱམས་དགོངས་དོན་སྣང་བརྙན་འབུམ། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་


GTD007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྒྱས་པར་མཛོད། །མང་ཐོས་ཚུལ་བཞིན་སྒྲུབ་པའི་གངས་རི་ལ། །མཁས་དང་གྲུབ་པའི་རྩལ་རྫོགས་གདོང་ལྔ་པ། །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །ལུང་རྟོགས་བསྟན་པ་ནོར་བུའི་བ་གམ་རྩེར། །དོན་གཉིས་ལྷུན་གྲུབ་ཐར་པའི་རྒྱལ་མཚན་མཆོག །ཕྱོགས་དུས་ཀུན་ནས་ཕྱྭ་དང་གཡང་དུ་བྱོན། །བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་པར་མཛོད། །མདོར་ན་ནོར་བདག་མཁའ་འགྲོའི་ཚོགས་བཅས་ཀྱིས། །སྲིད་ཞིའི་ཁམས་ན་ཇི་སྙེད་མཆིས་པ་ཡི། །རྒྱུ་ཡི་དགེ་ཚོགས་མཐའ་དག་དཔལ་དུ་ཁུགས། །འབྲས་བུ་བདེ་འབྱོར་ཐམས་ཅད་གཡང་དུ་ལོངས། །ས་ལ་གཡང་ཆགས་རྩི་བཅུད་ལོ་འབྲས་སྨིན། །ཡུལ་ལ་གཡང་ཆགས་ནད་མུག་འཁྲུག་རྩོད་ཞ། །མི་ལ་གཡང་ཆགས་ཚེ་བསོད་ཆོས་འབྱོར་རྒྱས། །ཕུན་ཚོགས་བཀྲ་ཤིས་རྒྱ་མཚོས་གང་གྱུར་ཅིག །ཅེས་གཡང་འབོད་བྱའོ། །ཡང་གསང་མཁའ་འགྲོ་མ་བཞིའི་གཏེར་སྦ་ཚུལ་ནི། བདག་བསྐྱེད་སྔོན་དུ་བཏང་ལ་བསངས་སྦྱངས། གའུ་འམ་བུམ་པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུའི་གཏེར་ཆེན་པོས་ཡོངས་སུ་གང་བ་ལྔའི་ནང་དུ་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་མའི་སྟེང་དུ་ཛཾ་ཡིག་དཀར་པོ། ཞེས་པ་ནས། ཕྱེད་སྐྱིལ་གྱི་ཚུལ་གྱིས་བཞུགས་པ། ཤར་གྱི་གའུ་འམ་བུམ་པའི་ནང་གི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ལྷོའི་གའུ་འམ་བུམ་པའི་ནང་གི་གདན་ལ་ཏྲཱཾ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ། ཞེས་སོགས་བསྒྱུར་བ་མ་གཏོགས་གསང་སྒྲུབ་ཀྱི་སྐབས་ལྟར་བྱ། གང་དུ་སྦ་བའི་གནས་ནི་སའི་གནད་བཞི་ཚང་ཞིང། རྒྱབ་རི་མཐོ་ལ་དགྱེ་བ། མདུན་རི་དམའ་ཞིང་སྒུ་བ་གཡས་གཡོན་གྱི་རི་རྣམས་ཀྱང་ཚུར་འདུད་པའི་


GTD007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཅན། ཆུ་བོའང་མདུན་དུ་ཚུར་འབབ་པ་སོགས་ས་དཔྱད་ལེགས་ཤིང་མིང་བཀྲ་བཟང་པོ་ཅན། གཞི་བདག་དཀར་ཕྱོགས་པ་གནས་པའི་ས་དེ་ལྟ་བུར་སྦ་དགོས་ལ། དེའང་ཐོག་མར་བསྒྲུབ་ཟིན་ནས་དེར་གདན་འདྲེན་པའི་ཚེ་སྟབས་བདེ་ན་སྤོས་རོལ་སོགས་རྒྱས་པར་བྱ་ཞིང། མ་མཐའང་དར་ཚོན་སོགས་ཀྱིས་བརྒྱན་ཏེ་སྤོས་འགྲིམ་སྔོན་དུ་འགྲོ་བས་བཀུར་སྟི་དང་བཅས་གདན་འདྲེན། དེའང་ཀརྨྨ་ཌཱ་ཀཱིའི་གའུ་རི་ཐང་མཚམས་དང། པདྨ་ཌཱ་ཀཱིའི་གའུ་ཡུལ་གྱི་ཆུའི་མགོ བཛྲ་ཌཱ་ཀཱིའི་གའུ་རིའི་རྩེ་མཐོ་སར་སྦ་བར་གསུངས་ཀྱང། རྩེ་མོ་ནས་ཅུང་ཟད་མར་བབ་པའི་རྩེ་ལྐོག་ཙམ་དུ་བྱས་ན་ལེགས་པར་བཤད། ཆུ་མིག་ཀྱང་རྒྱུན་འགྲོ་རྒྱུ་མེད་པའི་ལྐུག་པ་དང། མཚམས་མཚམས་སུ་སྐམ་པའི་དར་རྒུད་ཅན་མ་ཡིན་པར་རྟག་ཏུ་འགྲོ་ཞིང་ཆུ་ཀླུང་ཆེན་པོར་འདྲེ་བ་དགོས། གང་དུ་སྦ་བའི་གནས་དེར་ས་བྲུས་ནས་རྡོའི་ཁང་བུ་ཆེ་ཆུང་ཇི་ལྟར་འཚམ་པ་བྱས་ཏེ། དང་པོར་བསྒྲུབ་དུས་གཙོ་བོ་ལ་ཕྱོགས་པའི་ངོས་དེ་མ་ནོར་བར་བྱས་ཏེ་དེ་མདུན་དུ་བསྟན་ནས་གཞུག །མདུན་ངོས་དེར་ས་རལ་དང་འོབས་སོགས་དཔྱད་མི་ལེགས་པའི་རིགས་མེད་པ་ལྷག་པར་ཡང་གལ་ཆེའོ། །རིན་ཆེན་མཁའ་འགྲོའི་གའུ་ཐབ་ཚང་གི་རྒྱབ་གང་འོས་ཤིག་ཏུ་སྦ་བར་གསུངས་པས་ས་དཔྱད་སོགས་ཇི་བཞིན་མི་འོངས་ཀྱང་འཇོག་ཚུལ་སོགས་གོང་དང་འདྲ། གཙོ་བོའི་གའུ་མཛོད་ཕུགས་སུ་སྦ་བར་གསུངས་ཀྱང། མཛོད་ཁང་དུ་གཞན་གྱིས་མ་མཐོང་བར་བྱས་ནས་བཞག་ནས་བྲུས་ནས་སྦ་མི་དགོས་སོ། དེར་བཞག་ནས་ཀྱང་སོ་སོར་རང་རང་གི་བསྐྱེད་ཆོག་བཟླས་པ་མཇུག་གི་མཆོད་བསྟོད་ཀྱི་བར་གོང་བཞིན་བྱས་ལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། ཇི་ལྟར་སངས་རྒྱས་ཐམས་ཅད་ན། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ན། །ཅི་འབྱོར་པ་ཡི་མཆོད་པ་དང། །


GTD007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བས་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་རློབས་ཤིང། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་དང། མགོན་པོ་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་བཅོམ་ལྡན་འདས་གཏེར་གྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ་འདོད་དགུའི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་མཛོད་འདི་རྣམས་སུ་ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོའི་ལོངས་སྤྱོད་ལ་དབང་འབྱོར་པར་མ་གྱུར་གྱི་བར་དེ་སྲིད་དུ་བརྟན་པར་བཞུགས་ནས་དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བྱིན་གྱིས་རློབས་ལ་ཟས་ནོར་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ་དང། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་པའི་བར་ལན་གསུམ་དང། བདེ་གཤེགས་ཀུན་བཟང་མཐོང་བའི་བཀྲ་ཤིས་ལྟར། །རྒྱལ་བ་སྲས་བཅས་དེང་འདིར་བདེ་ལེགས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་བས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ན། །རླུང་གིས་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །


GTD007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །མགོན་པོ་བསྐལ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེས་ནི་འགྲོ་བའི་དོན་ཀུན་མཛོད། །ཅེས་བརྗོད་དེ་བརྟན་བཞུགས་བྱ། ཁྱད་པར་ནི། ཀརྨྨ་ཌཱ་ཀཱི་ལ། ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀརྨྨ་ཌཱ་ཀི་མ་ཁྱེད་སྔགས་དང་ཏིང་ངེ་འཛིན་གྱིས། ཞེས་པ་ནས། དངོས་གྲུབ་མ་ལུས་པ་སྩོལ་ཞིང། ཁྱད་པར་དུ་ཡུལ་མི་ཐམས་ཅད་དབང་དུ་འདུས་ཏེ་ཟས་ནོར་མཐའ་དག་ཆར་བཞིན་དུ་འབེབས་པར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཞེས་སྦྱོར། པདྨ་ཌཱ་ཀཱི་ལ། ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་པདྨ་ཌཱ་ཀི་མ་ཁྱེད་སྔགས་དང། ཞེས་པ་ནས། མ་ལུས་པ་སྩོལ་ཞིང། ཁྱད་པར་དུ་རོལ་མཚོ་བདུན་སོགས་ལ་གནས་པའི་ཀླུ་རྒྱལ་རྣམས་དང་ཡུལ་ཕྱོགས་འདིའི་ཀླུ་རྣམས་ཀྱིས་མཚོན་འོག་ཀླུའི་འཇིག་རྟེན་ཐམས་ཅད་དབང་དུ་འདུས་ཏེ་དངོས་གྲུབ་སྟེར་དུ་གཞུག་པར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཞེས་པ་དང། རྡོ་རྗེ་མཁའ་འགྲོ་མ་ལ། བཛྲ་ཌཱ་ཀི་མ་ཁྱེད། ཅེས་དང། མ་ལུས་པ་སྩོལ་ཞིང། ཁྱད་པར་དུ་སྟེང་ལྷའི་འཇིག་རྟེན་དང་གནས་འདི་མཐོང་ཚད་ཐམས་ཅད་དབང་དུ་འདུ་བར་མཛད་ཅིང། ཞེས་དང། རིན་ཆེན་མཁའ་འགྲོ་ལ། རཏྣ་ཌཱ་ཀི་མ་ཁྱེད། ཅེས་དང། ཁྱད་པར་དུ་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་ཀྱི་འབྱོར་པ་རྒྱུན་མི་འཆད་པར་མཛད་ཅིང། ཞེས་བསྒྱུར་བ་མ་གཏོགས་གཞན་འདྲའོ། །དེ་ནས་རྡོ་ཁང་གི་ཁ་ལེགས་པར་བཅད་དེ་མི་མངོན་པར་བྱ། མཇུག་ཏུ་ཡེ་དྷརྨྨ་བདུན་ལ་སོགས་པ་བརྗོད་དེ་མེ་ཏོག་བྱིན་གྱིས་བརླབས་ནས་མདོ་ལས་བྱུང་བའི་དཀོན་མཆོག་གསུམ་གྱི་


GTD007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་སོགས་ཤིས་པ་བརྗོད་པའི་ཚིག་ཅི་རིགས་པའི་སྒོ་ནས་མེ་ཏོག་གི་ཆར་ཆེན་པོ་དབབ་པར་བྱའོ། །ཞེས་ཛཾ་དཀར་ལྷ་ལྔའི་ནོར་སྒྲུབ་བྱ་ཚུལ་ནོར་བུའི་བང་མཛོད་ཀྱི་ཟུར་འདེབས་གསེར་གྱི་ལྡེ་མིག་ཅེས་བྱ་བ་འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པ་སྔགས་རམས་པ་འཇམ་དབྱངས་བདེ་ཆེན་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཡིད་བཞིན་ནོར་དང་དཔག་བསམ་ཤིང་ལྟ་བུར། །དངོས་གྲུབ་འདོད་པ་འཇོ་བའི་གཏེར་གྱི་བདག །ནོར་གྱི་དབང་ཕྱུག་ཨཱརྻྻ་ཛམྦྷ་ལར། །གུས་པས་འདུད་དོ་བྱིན་རླབས་ཆར་དུ་སྙིལ། །འཇུངས་མེད་གཏོང་པ་ཡངས་པའི་ས་བོན་ན། །ཡི་དམ་ལྷ་ཡི་བྱིན་རླབས་ཆུས་བྲན་པས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཡོངས་འདུའི་ལྗོན། །རྣམ་གྲོལ་འབྲས་བུས་དཔའ་བའི་ཐབས་འདི་རྨད། །འདིར་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱི་ལུགས་ཀྱི་ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པ་ལ། བདག་བསྐྱེད་ཀྱི་སྒོ་ནས་བསྙེན་པ་བྱ་ཚུལ་དང། མདུན་བསྐྱེད་ལ་བརྟེན་ནས་དངོས་གྲུབ་བླང་བའི་ཚུལ་གཉིས། དང་པོ་ནི། སྐྱབས་སེམས་སྔོན་དུ་བཏང་ལ། རང་ཛམྦྷ་ལར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཨཱརྻྻ་ཛམྦྷ་ལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་ཨཱརྻྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་ལན་གསུམ་དང། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཀྱིས་ཚད་མེད་བཞི་བསྒོམ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར་པར་བསམས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་


GTD007_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཛཾ་ཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་བྱིན་རླབས་དང་སྲིད་ཞིའི་དཔལ་འབྱོར་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་ཛམྦྷ་ལ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འོད་ཟེར་འཕྲོ་བ། ཞལ་གསུམ་ཕྱག་དྲུག་པ། ཤིན་ཏུ་སྒེག་ཅིང་ཆགས་པའི་ཉམས་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་སྦྲུལ་གྱི་གཟུགས་ཅན་དང་རིན་པོ་ཆེའི་རྒྱན་དུ་མས་ཀུན་ནས་སྤྲས་པ། རྩ་ཞལ་དམར་ཞིང་གཡས་དཀར་གཡོན་སྔོ་བ། ཕྱག་གཡས་ཀྱི་དང་པོ་ན་ཡིད་བཞིན་གྱི་ནོར་བུ། བར་པ་ན་ལྕགས་ཀྱུ། གཡོན་དང་པོ་ན་ཐོད་པ་རིན་པོ་ཆེས་གང་བ། བར་པ་ན་ཞགས་པ། ཐ་མ་གཉིས་ཀྱིས་གཏེར་གྱི་ནེའུ་ལེ་རེ་རེ་བསྣམས་ནས་འཆིར་བས་ནོར་བུ་སྐྱུག་པ། ཞབས་བཞིས་ཉི་མའི་སྟེང་དུ་གནོད་སྦྱིན་ནོར་བུ་སྐྱུག་པ་གཉིས་མནན་ཏེ་བཞུགས་པ། དེའི་ཐུགས་ཀར་སྦས་པའི་ཡུམ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་པ། གཡས་འོག་མས་ལྕགས་ཀྱུ་དང། གཡོན་འོག་མས་ཞགས་པ་བསྣམས་པའི་ཐུགས་ཀར་ཧྲཱིཿ ཡིག་དམར་པོས་མཚན་པའི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། གོང་ལྟར་


GTD007_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ལ། ཛཿ ཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥཱིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་ནས། ཨོཾ་ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབ། ཨོཾ་ཨཱརྻྻ་ཛམྦྷ་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སོགས་ཀྱིས་མཆོད། བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཅིང། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་འཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿ ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། འཇིག་རྟེན་ཁམས་ཀྱི་ནོར་ལོངས་སྤྱོད་འབྲུ་བང་མཛོད། རྐང་འགྲོ་རིན་པོ་ཆེ་ལ་སོགས་པ་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགོས་འདོད་ཐམས་ཅད་བསྡུས་ནས་རང་གི་ཡུལ་ཁམས་རྣམས་གང། ཁྱད་པར་དུ་ཧྲཱིཿ ཡིག་ལས་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་དང་། བྱེ་


GTD007_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཏུ་གང་ཞིག་དབང་དུ་སྡུད་པར་འདོད་པ་ཐམས་ཅད་ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས་ཏེ་བཀུག་ནས་རང་གི་དབང་དུ་འདུས་པར་གྱུར་པར་བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧྲཱིཿ སྭཱཧཱ། ཞེས་ཡིད་གཞན་དུ་མ་ཡེངས་པར་བཟླས་པ་ཅི་འགྲུབ་བྱ། ཡིག་བརྒྱས་ལྷག་ཆད་བསྐང། བཅོམ་ལྡན་འདས་མགོན་པོ་ཛམྦྷ་ལ་འཁོར་དང་བཅས་པས་བདག་ཅག་དཔོན་སློབ་ཡོན་མཆོད་ཀུན་གྱི་དབུལ་བའི་སྡུག་བསྔལ་མ་ལུས་པ་བསལ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་བདེ་བླག་ཏུ་སྩོལ་བར་མཛད་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། བསྙེན་པའི་སྐབས་བདག་བསྐྱེད་གཅིག་པུས་ཆོག་ལ། དེའི་ཚེ་ཐུན་སོ་སོའམ་དགོང་ཐུན་ལ་གཏོར་འབུལ་ངེས་ཅན་དུ་དགོས་པས་འོག་ནས་འབྱུང་བ་ལྟར་དབུལ། མཇུག་ཏུ་མཆོད་བསྟོད་བྱ། ཚུལ་དེ་ལྟ་བུའི་སྒོ་ནས་ཐུན་གསུམ་ལ་སོགས་པར་བྱས་ཏེ་བཟླས་སྒོམ་ལ་འབད་པས། གྲུབ་པའི་རྟགས་ནི། རབ་སེར་སྣ་སོགས་ཀྱི་ཀུན་འཛིན་ཞི་ཞིང་ཡི་དམ་ལྷས་ཞལ་དངོས་སུ་བསྟན་པ་དང། འབྲིང་ཉམས་སྣང་ལ་ལྷའི་ཞལ་མཐོང་བ་དང། ཐ་མ་རྨི་ལམ་དུ་སྐྱེ་བོ་མང་པོས་རང་ལ་འདུད་པ་དང། རིན་པོ་ཆེའི་ཁྲི་ལ་འཛེག་ཅིང་གདན་འདིང་བ། ཉི་ཟླ་འཆར་བ། ཆར་ཆེན་པོ་འབབ་པ། ཆུ་མིག་རྡོལ་བ། གཏེར་རྙེད་པ། གོས་དམར་པོ་ཁྱད་པར་ཅན་གྱོན་པ། རོལ་མོ་སྣ་ཚོགས་འཁྲོལ་བ་སོགས་ཡང་ཡང་རྨིས་ན་གྲུབ་པའི་མཚན་མར་བཤད་དོ། །བཟླས་པའི་གྲངས་རབ་ཡིག་འབྲུའི་གྲངས་ཀྱིས་འབུམ་ཕྲག་བཅོ་ལྔ་དང། མ་མཐའང་འབུམ་ཕྲག་གཅིག་ཚད་དང་ལྡན་པར་འགྲོ་ངེས་པ་དགོས་སོ།། ༈ གཉིས་པ་མདུན་བསྐྱེད་ལ་བརྟེན་ནས་དངོས་གྲུབ་བླང་བའི་ཚུལ་ལ་གཉིས། ཆུ་སྦྱིན་ལ་བརྟེན་ནས་རྒྱུན་འཁྱེར་བྱ་བའི་ཚུལ་དང། གསང་རྟེན་བྱས་ཏེ་འཆང་ཚུལ་ལོ། །དང་པོ་ནི། རིན་པོ་ཆེའམ་ཟངས་གཞོང་


GTD007_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མའི་ནང་དུ་ཛམྦྷ་ལའི་སྐུ་རྒྱུ་རིན་པོ་ཆེ་སོགས་ལས་བསྒྲུབས་པ་གཟུངས་གཞུག་དང་རབ་གནས་ཅན་ཞབས་ཁག་ལེགས་པར་བསྡམས་ཏེ་རླན་གཤེར་གྱི་སྐྱོན་མི་འཇུག་པར་བྱས་པ་བཞུགས་སུ་བཅུག་ལ། རང་ཉིད་སྐད་ཅིག་གིས་འཕགས་པ་འཇིག་རྟེན་དབང་ཕྱུག་ཁ་སར་པཱ་ཎིའི་སྐུར་གྱུར། མདུན་དུ་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཛཾ་ཡིག་དམར་པོ། དེ་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར། ཞེས་པ་ནས། གཉིས་མནན་ཏེ་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། དེའི་ཐུགས་ཀར་རཾ་ཡིག་གིས་མཚན་པ་ལས་མེ་འོད་གྱེན་དུ་འཕྲོས་པས་སྐོམ་པས་གདུངས་ཤིང་བདུད་རྩིའི་ཆུ་རྒྱུན་ཕུལ་བས་སྐུ་ལུས་ཐམས་ཅད་གང་ནས་གདུང་བ་ཐམས་ཅད་ཞི་སྟེ་བདེ་བ་ཆེན་པོས་རབ་ཏུ་དགྱེས། བདུད་རྩིའི་རྡུལ་ཕྲ་རབ་རྣམས་མུ་ཏིག་གི་ཕྲེང་བར་གྱུར་པས་སྐུ་ལུས་ཀྱི་ནང་ཐམས་ཅད་ཡོངས་སུ་གཏམས་ཤིང་ཞལ་ནས་མུ་ཏིག་གི་ཆར་བབས། ཕྱག་གི་ནེའུ་ལེ་དང་ཞབས་འོག་གི་གནོད་སྦྱིན་གཉིས་གཉིས་ཀྱི་ཞལ་ནས་ཀྱང་ནོར་བུ་དཔག་ཏུ་མེད་པ་སྐྱུག་པས་ས་ཕྱོགས་དང་གནས་ཁང་ཐམས་ཅད་ཕྱུར་བུར་གང་བར་གྱུར་པར་བསམ་ལ། ཆུ་གཙང་ཟངས་གཞོང་དུ་སྦྲེངས་ཤིང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧྲཱིཿ སྭཱཧཱ། ཞེས་པའི་སྔགས་བརྒྱ་རྩ་བཟླ། གཏོར་མ་གཏོང་བར་འདོད་ན། གཏོར་མ་ནོར་བུ་འབར་བའི་དབྱིབས་ཅན་བུ་རམ་སོགས་ཀྱིས་བརྒྱན་པ་བཤམ་སྟེ། བསངས་སྦྱངས། སྟོང་པའི་ངང་ལས་གཏོར་མ་འདོད་དགུ་འབྱུང་བའི་བདུད་རྩིའི་


GTD007_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོར་གྱུར་པར་བསམས་ལ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ། སྔགས་གཤམ་དུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལྔའམ་བདུན་གྱིས་དབུལ། ཨོཾ་ཨཱརྻྻ་ཛམྦྷ་ལ་ཨརྒྷཾ་སོགས་ཀྱིས་མཆོད། ཉི་མ་སྟོང་ཕྲག་འོད་ཀྱིས་འཁྱུད་པ་ཡི། །བྱི་རུའི་རི་བོ་ལྟ་བུར་བརྗིད་པའི་སྐུ། །ཞལ་གསུམ་ཕྱག་དྲུག་འདོད་དགུའི་ཆར་འབེབས་པ། །མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །གང་སྐུ་ཡིད་ལ་རི་མོར་བྲིས་པ་འམ། །མཚན་སྙན་རྣ་བའི་བདུད་རྩིར་གྱུར་པས་ཀྱང་། །དབུལ་བའི་གདུང་བ་མིང་གི་མཐར་བྱེད་པ། །སྐྱོབ་པ་མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཞབས་གུས་པས་མཆོད་པ་ལྷུར་ལེན་ན། །མཐའ་དག་རྒུད་པའི་ཚོགས་ལས་སྐྱོབ་པ་དང། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཅེས་བསྟོད་ཅིང་གསོལ་བ་གདབ། འདིར་ནི་གཟུགས་དང་ཞེས་སོགས་ཀྱིས་རྟེན་ལ་བརྟན་བཞུགས་བྱ། རྟེན་མེད་པར་མོས་པ་ཙམ་གྱིས་བྱས་པ་ཡིན་ན། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ། ཆུའི་རྡུལ་ཕྲ་རབ་རྣམས་དང་མཉམ་པའི་དངོས་གྲུབ་བྱིན་པར་བསམ་ལ་འབྲུ་གསུམ་བརྗོད་ཅིང་མཐེབ་སྲིན་གྱིས་ཆུ་བླངས་ཏེ་རང་གི་ལྕེ་ཐོག་ཏུ་སྦྱིན། ཆུ་ཅུང་ཟད་ཕྱོགས་བཞིར་གཏོར་ཞིང་ཡིག་བརྒྱ་བཟླ། ཆུ་ལྷག་གཞན་དུ་མ་འཁྱར་བར་ལོངས་སྤྱོད། ཡང་ཆུ་སྦྱིན་ཤིན་ཏུ་བསྡུས་པ་ལ་མོས་ན། རང་ཉིད་ཁ་སར་པཱ་ཎིར་གསལ་བའི་མདུན། །པད་ཟླ་ཉི་མའི་གདན་ལ་ཛམྦྷ་ལ། །སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པར། །ཆུ་རྒྱུན་དབུལ་ལོ་བཞེས་ནས་དངོས་གྲུབ་སྩོལ། །ཅེས་ཆུ་རྒྱུན་སྦྲེངས་ཤིང་སྔགས་བརྒྱ་རྩ་དང་། མཆོད་


GTD007_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་སོགས་གོང་བཞིན་བྱེད། ༈ གཉིས་པ་གསང་རྟེན་བྱས་ཏེ་འཆང་ཚུལ་ནི། བྲིས་སྐུ་བྱེད་ན་བཟོ་བོ་མཚན་ཉིད་དང་ལྡན་པས། སྐར་མ་རྒྱལ་དང་ས་རི་ས་ག་གང་རུང་གཟའ་སྤེན་པ་སོགས་དང་འཛོམ་པའི་དུས་ཚེས་བཟང་པོ་ལ་འདྲི་གཞི་དར་དམར་པོ་དྲི་བཟང་གིས་བསྒོས་པའམ། ཤོག་བུ་རྒྱ་ཚོས་ཀྱིས་ཁ་བསྒྱུར་བ་ལ་གསེར་རམ་གྷི་ཝང་གིས་བཅད་བྱས་ཏེ་ཛམྦྷ་ལའི་སྐུ་ཚད་དང་ལྡན་པ་བྲི། སྐུའི་རྒྱབ་ཏུ་སྔགས་ཚར་གསུམ་ཙམ་ལ། ཁམས་གསུམ་གྱི་སྣོད་བཅུད་ལེགས་ཚོགས་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོཿ ཞེས་སྤེལ་ཚིག་བཏགས་པ་དང་རྟེན་འབྲེལ་སྙིང་པོ་བྲི། རབ་གནས་བྱས་ལ། རིན་པོ་ཆེ་ལྔ། འབྲུ་ལྔ། སྨན་ལྔ། དར་སྣ་ལྔ། ཁྱི་ཕག་བོང་བུ་མ་གཏོགས་པའི་རྟ་ནོར་ལུག་གསུམ་སོགས་ཀྱི་སྤུ་རིགས་ཟས་སྣ་སོགས་དང་ལྷན་ཅིག་ཏུ་གོས་དར་སོགས་ཀྱིས་ལེགས་པར་དྲིལ། ཚོན་སྐུད་སྣ་ལྔས་བཅིངས་ཏེ་མཆན་ཁུང་གཡོན་དུ་གདགས་ཤིང་གཞན་གྱིས་མ་མཐོང་བ་དང་འགོམ་ཡུག་མ་ཤོར་བ་བྱས་ན་དངོས་གྲུབ་ཤིན་ཏུ་མྱུར་བར་གསུངས་སོ། །མཛོད་ཁང་སོགས་སུ་བཞུགས་པར་འདོད་ན་སྐུ་དང་རྫས་རྣམས་གོང་བཞིན་དུ་འདུ་བྱས་ལ། རྫའི་གའུ་འམ། ཙནྡན་དང་ཤུག་པ་སོགས་ཤིང་བཟང་པོའི་སྒྲོམ་བུར་བཞུགས་སུ་བཅུག་སྟེ་བདག་བསྐྱེད་སྔོན་དུ་བཏང་། མདུན་གྱི་བསྒྲུབ་གཞི་བསངས་སྦྱངས། སྟོང་པའི་ངང་ལས་གའུ་འམ་སྒྲོམ་བུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུའི་གཏེར་ཆེན་པོས་ཡོངས་སུ་གང་བའི་དབུས་སུ་པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ་ཛཾ་ཡིག་དམར་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་བྱིན་རླབས་དང་སྲིད་ཞིའི་དཔལ་འབྱོར་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་སྐུ་མདོག་


GTD007_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་། ཞེས་པ་ནས། དབང་བསྐུར་རྒྱས་གདབ་མཆོད་པ་བྱིན་རླབས་ཡན་ཆད་བདག་བསྐྱེད་ཀྱི་སྐབས་བཞིན་བྱས་ལ། ཀུན་བཟང་བདེ་ཆེན་རོལ་བ་ལས་བྱུང་བའི། །ཡིད་འོང་མཆོད་ཡོན་བཀོད་པ་མཐའ་ཀླས་པ། །བཅོམ་ལྡན་མགོན་པོ་ཛམྦྷ་ལ་ལ་འབུལ། །དགྱེས་བཞིན་བཞེས་ནས་དངོས་གྲུབ་སྩལ་ཏུ་གསོལ། ཨོཾ་ཨཱརྻྻ་ཛམྦྷ་ལ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་དང། ཨརྒྷཾ་གྱི་གནས་སུ། པཱངྱཾ་སོགས་བཏགས་པས་མཆོད། ཉི་མ་སྟོང་ཕྲག་ཅེས་སོགས་ཀྱིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿའི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། འཇིག་རྟེན་ཁམས་ཀྱི་ནོར་ལོངས་སྤྱོད་འབྲུ་བང་མཛོད། རྐང་འགྲོ་རིན་པོ་ཆེ་ལ་སོགས་པ་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགོས་འདོད་ཐམས་ཅད་བསྡུས་ནས་རང་གི་ཡུལ་ཁམས་རྣམས་གང། ཁྱད་པར་དུ་ཧྲཱིཿ ཡིག་ལས་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་དང། བྱེ་བྲག་ཏུ་གང་ཞིག་དབང་དུ་སྡུད་པར་འདོད་པ་ཐམས་ཅད་ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས་ཏེ་བཀུག་ནས་རང་གི་དབང་དུ་འདུས་པར་གྱུར་པར་བསམས་ལ། བཟླས་པ་ཅི་འགྲུབ་དང། ཡིག་བརྒྱས་ལྷག་ཆད་བསྐང་ཞིང། གཏོར་མ་གོང་བཞིན་དབུལ། མཆོད་བསྟོད་མདོར་བསྡུས་བྱ། ཐུན་


GTD007_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་རྣམས་སུ་ས་བོན་ལས་མི་བསྐྱེད་པར། གཏེར་ཆེན་པོས་ཡོངས་སུ་གང་བའི་དབུས་སུ་པདྨ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཛམྦྷ་ལ། ཞེས་སྦྱོར། བསྒྲུབ་གཞི་འབུར་སྐུ་བྱེད་ན་རྒྱུ་རིན་པོ་ཆེ་སོགས་ལས་བསྒྲུབ་པ་སོར་བཞི་ལས་མི་ཆུང་བ་བྱ་ཞིང་། འདྲི་གཞི་གོང་ལྟར་ལ་གསེར་རམ་གྷི་ཝང་གིས་སྔགས་སྤེལ་ཚིག་དང་བཅས་པ་རྟེན་འབྲེལ་སྙིང་པོ་སོགས་བྲིས་པ་གཟུངས་གཞུག་ཏུ་དབུལ་ཞིང། ཡང་ན་རིན་པོ་ཆེའི་ཕྱེ་མ། གནས་ཆེན་གྱི་ས་སྣ། དགོན་སྡེ་ཆེན་པོ་དང་རྒྱལ་པོའི་ཕོ་བྲང། ཡུལ་མི་ཕྱུག་པོ་སོགས་ཀྱི་ཁང་ས་རྣམས་བསྲེས་པ་ལ་འབྲང་རྒྱས་མཐེབ་རྩེ་ཙམ་བྱས་ཏེ་དེ་སྐུ་གཟུགས་ཀྱི་ནང་དུ་བཅུག་ནའང་ལེགས་པར་གསུངས་སོ། །དེ་ནས་སྐུ་བརྙན་དེ་ཉིད་གའུ་འམ་སྒྲོམ་བུ་རིན་པོ་ཆེ་སྣ་ལྔ་སོགས་ཀྱིས་བཀང་བའི་དབུས་སྟོད་ཀྱི་ཆར་བཞུགས་སུ་བཅུག་ལ་རས་བྲིས་ཀྱི་སྐབས་ལྟར་སྒྲུབ། དེ་ལྟར་ཞག་གྲངས་ཅི་ཙམ་བྱེད་པའི་མཐར་མཛོད་ཁང་དུ་གདན་འདྲེན་པ་ན་སྤོས་དང་རོལ་མོ་སོགས་ཀྱི་མཆོད་པས་སྔོན་བསུས་ཏེ་ཇི་ལྟར་འོས་པའི་གདན་ཁྲི་ཕུན་སུམ་ཚོགས་པར་བཀོད། མཆོད་བསྟོད་ཚར་གཅིག་བྱས་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ཇི་ལྟར་སངས་རྒྱས་ཐམས་ཅད་ན། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་དང་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ན། །ཅི་འབྱོར་པ་ཡི་མཆོད་པ་དང། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་རྣམས་ལ། །རྗེས་སུ་བརྩེ་བས་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་རློབས་ཤིང། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་དང། མགོན་པོ་ནམ་མཁའ་མཛོད་ལ་མངའ་


GTD007_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་པའི་བཅོམ་ལྡན་འདས་གཏེར་གྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ་འདོད་དགུའི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བའི་གཏེར་མཛོད་འདི་རྣམས་སུ་ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་གཏེར་ཆེན་པོའི་ལོངས་སྤྱོད་ལ་དབང་འབྱོར་པར་མ་གྱུར་གྱི་བར་དེ་སྲིད་དུ་བརྟན་པར་བཞུགས་ནས་དབུལ་ཞིང་ཕོངས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བྱིན་གྱིས་རློབས་ལ་ཟས་ནོར་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བ་དང། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་པའི་བར་ལན་གསུམ་དང་། བདེ་གཤེགས་ཀུན་བཟང་མཐོང་བའི་བཀྲ་ཤིས་ལྟར། །རྒྱལ་བ་སྲས་བཅས་དེང་འདིར་བདེ་ལེགས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་བས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ན། །རླུང་གིས་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །མགོན་པོ་བསྐལ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེས་ནི་འགྲོ་བའི་དོན་ཀུན་
མཛོད། །ཅེས་བརྗོད་དེ་བརྟན་བཞུགས་བྱ། ཡེ་དྷརྨཱ་བདུན་ལ་སོགས་པ་བརྗོད་དེ་མེ་ཏོག་བྱིན་གྱིས་བརླབས་ནས་མདོ་ལས་བྱུང་བའི་དཀོན་མཆོག་གསུམ་གྱི་བཀྲ་ཤིས་སོགས་ཤིས་པ་བརྗོད་པའི་ཚིག་ཅི་རིགས་པའི་སྒོ་ནས་མེ་ཏོག་གི་ཆར་ཆེན་པོ་དབབ་པར་བྱའོ།། སྨྲས་པ། གང་གི་ཐུགས་རྗེའི་འོད་སྟོང་རྩེ་དགའ་ཡིས། །ལེགས་བྱས་དཔལ་གྱི་འདབ་བརྒྱ་རྒྱས་བྱེད་པ། །ཛམ་ལྷ་དམར་པོའི་སྒྲུབ་ཐབས་བཀོད་པའི་དགེས། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་གྲྭ་པ་མངོན་ཤེས་ཀྱི་ལུགས་ཀྱི་ཛམ་ལྷ་དམར་པོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་འདོད་དགུའི་མཆོག་སྦྱིན་ཞེས་བྱ་བ་འདི་ནི། ཨ་ལག་ཤཱ་ཤོག་ནས་དད་བརྩོན་བློ་དང་ལྡན་པ་མགྲོན་གཉེར་ཡེ་ཤེས་དོན་གྲུབ་ཀྱིས་བསྐུལ་ངོར་༸ བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་པའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའོ།།


previousཛཾ་དཀར་ལྷ་ལྔའི་ནོར་སྒྲུབ་བྱ་ཚུལ་གྱི་ཟུར་འདེབས་དང་ཛཾ་དམར་སྒྲུབ་ཐབས།next