Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་ལྷ་དམར་པོའི་མངོན་རྟོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་ལྷ་དམར་པོའི་མངོན་རྟོགས།next

ཛཾ་ལྷ་དམར་པོའི་མངོན་རྟོགས།


GTD007_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཛམ་ལྷ་དམར་པོའི་མངོན་རྟོགས་བཞུགས་སོ།། ཉིན་བྱེད་བརྒྱ་ཡིས་མི་དཔོག་འཕྲིན་ལས་ཀྱི། །གཟི་འོད་འབར་བས་ལོངས་སྤྱོད་པདྨོའི་ཚལ། །རྒྱས་མཛད་མགོན་པོ་ཨཱརྻྻ་ཛམྦྷ་ལར། །གུས་པས་འདུད་དོ་དངོས་གྲུབ་ཆར་དུ་སྙིལ། །དེའང་དཔལ་ལྡན་ས་སྐྱ་པའི་ལྕགས་རི་མི་འདའ་བའི་གསེར་ཆོས་བཅུ་གསུམ་མམ་བཅུ་བཞིར་གྲགས་པའི་ཡ་གྱལ། ཛམ་དམར་སྲོག་སྒྲུབ་ཀྱི་བསྒོམ་བཟླས་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་སེར་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་བྷྲུཾ་ལས་གསེར་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་པས་གང་བ་ཁ་གཡས་གཡོན་དུ་ལྟ་བ་གཉིས་ཀྱི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་རང་གི་སེམས་ཉིད་ཛཾ་དང་པཾ་དམར་པོ་ལས་ཡིད་བཞིན་གྱི་ནོར་བུ་ཛཾ་དང་པཾ་གྱིས་མཚན་པ་གཉིས། དེ་ལས་འོད་འཕྲོས་འཕགས་པ་མཆོད།


GTD007_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཨཱརྻྻ་ཛམྦྷ་ལ་སྐུ་མདོག་པདྨ་རཱ་གའི་རི་བོ་ལྟར་དམར་ཞིང་གསལ་ལ་རབ་ཏུ་བརྗིད་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུའི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་ཉི་མ་ལྟར་འཚེར་ཞིང་འོད་ཟེར་འབར་བས་བརྒྱན་པ། ཕྱག་གཡས་དགོས་འདོད་ཐམས་ཅད་འབྱུང་བའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང། གཡོན་གཏེར་གྱི་ནེའུ་ལེ་ཁ་ནས་རིན་པོ་ཆེ་སྐྱུགས་པ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པ་རྒྱལ་པོ་རོལ་པའི་སྟངས་སྟབས་ཅན། དེའི་པང་ན་ཡུམ་རྒྱས་བྱེད་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། གཡས་ནོར་བུ་འབར་བ་བསྣམས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ཆར་འབེབས་ཤིང་། གཡོན་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཡབ་ལ་སྟོབ་པའི་ཚུལ་གྱིས་འཁྱུད་པ། ཞབས་གཡས་བརྐྱང་ཞིང་གཡོན་པས་ཡབ་ཀྱི་སྐེད་ནས་འཁྲིལ་བ། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་བདེ་བ་ཆེན་པོས་མྱོས་ཤིང་། ཁྲོ་འཛུམ་སྒེག་པའི་ཉམས་དང་ལྡན་པ། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་ཤིང་། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། སྐུའི་ཆ་ལས་འོད་ཟེར་དཔག་མེད་འཕྲོས་པས་འདོད་དགུའི་དཔལ་འབྱོར་རྒྱས་པར་བྱེད་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་


GTD007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་བདུད་རྩིའི་ཆུས་དབང་བསྐུར། ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས། ངོ་བོ་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་ཟག་མེད་ཀྱི་བདེ་ཆེན་འདྲེན་པའི་མཐུ་དང་ལྡན་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ནས། ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབ། ཨཱརྻྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད། ཨཱརྻྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿ ཧཱུཾ་གིས་ནང་མཆོད་འབུལ། མཉམ་ཉིད་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ནས། །ནོར་གྱི་དཔལ་སྟེར་རྨུགས་འཛིན་རྣམ་འཕྲུལ་གྱིས། །ཐར་འདོད་སྐྱེ་བོའི་དབུལ་བ་སེལ་མཛད་པ། །ཨཱརྻྻ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད། །རང་གི་སྙིང་གར་ཉི་མའི་སྟེང་དུ་ཛཾ་དང་བཾ་གྱི་མཐར་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོས་བསྐོར་བ་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་སོགས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པར་བསམ་ཞིང། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ནཾ་མེ་དྷི་ཧྲཱིཿ ཌཱ་ཀི་ནི་ཛཱ་ལ་སམྦྷ་རཾ་སྭཱཧཱ། ཞེས་ཅི་མང་བཟླ། ཡིག་བརྒྱས་ལྷག་ཆད་བསྐང། མཆོད་བསྟོད་སྔར་བཞིན་བྱས་ལ། ནོར་གྱི་དབང་ཕྱུག་ལྷ་ཡི་ལྷ། །ཐུགས་རྗེ་ཆེ་ལ་གསོལ་འདེབས་ཀྱི། །དབུལ་བའི་སྡུག་བསྔལ་ཀུན་བསལ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་འདོད་དོན་ལ་གསོལ་བ་གདབ། ཨོཾ་


GTD007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ བཛྲ་མུཿ བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་བསྟིམ་པ་སོགས་བྱ། མདུན་བསྐྱེད་གྲུབ་ན། བསྒྲུབ་གཞི་རྡུལ་ཚོན་དམར་པོས་བྲིས་པའི་པདྨ་འདབ་བརྒྱད་ཀྱི་ལྟེ་བར་མནྫིའི་སྟེང་དུ་མེ་ལོང་ལ་སིནྡྷུ་ར་བྱུགས་པའི་དབུས་སུ་ཛཾ་བཾ་དང། མཐར་གཡས་སྐོར་དུ་སྔར་གྱི་བཟླས་སྔགས་དེ་ཉིད་དབུ་ཅན་དུ་བྲིས་པ་བཞག །གཏོར་མ་ནོར་བུའི་དབྱིབས་ཅན་སོགས་མཆོད་གཏོར་རྒྱས་པར་བཤམས། ངག་འདོན་ལ་རང་ཉིད་ཅེས་པའི་ཚིག་ཕྲད་བསྒྱུར་བ་མ་གཏོགས་བདག་བསྐྱེད་ཀྱི་སྐབས་བཞིན་ལ། བཟླས་པའི་མཇུག་ཏུ་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས་གོང་གི་མཚན་སྔགས་ལ་བ་ལིང་ཏ་བཏགས་པས་འབུལ་ཞིང་། དེ་ནས་མཆོད་བསྟོད་གཤེགས་གསོལ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་སོགས་དཀྱུས་བཞིན་བྱའོ།། སྨྲས་པ། རྨུགས་འཛིན་དངོས་གྲུབ་གཏེར་གྱི་སྒོ། །འབྱེད་བྱེད་འཕྲུལ་གྱི་ལྡེ་མིག་འདི། །ལེགས་སྦྱར་དགེ་བས་འགྲོ་བ་ཀུན། །ཕོངས་པའི་སྡུག་བསྔལ་ལས་གྲོལ་ཤོག །ཅེས་ཛམྦྷ་ལ་དམར་པོ་སྲོག་སྒྲུབ་ཀྱི་མངོན་རྟོགས་ཁྲིགས་ཆགས་སུ་བཀོད་པ་འདི་ནི། དད་བརྩོན་ལྡན་པ་བཀྲ་ཤིས་མཁྱེན་རབ་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་འདུ་ཁང་ཆེན་མོའི་ཡང་རྩེར་སྦྱར་བའོ།། །།


previousཛཾ་ལྷ་དམར་པོའི་མངོན་རྟོགས།next