Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དུས་ཀྱི་འཁོར་ལོའི་ལམ་ལ་སློབ་ཚུལ་གྱི་སྨོན་ལམ་ཚིག་ལྷུག་ཏུ་བྱས་པ།
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousདུས་ཀྱི་འཁོར་ལོའི་ལམ་ལ་སློབ་ཚུལ་གྱི་སྨོན་ལམ་ཚིག་ལྷུག་ཏུ་བྱས་པ།next

དུས་ཀྱི་འཁོར་ལོའི་ལམ་ལ་སློབ་ཚུལ་གྱི་སྨོན་ལམ་ཚིག་ལྷུག་ཏུ་བྱས་པ།


GTD007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་ལམ་ལ་སློབ་ཚུལ་གྱི་སྨོན་ལམ་ཚིག་ལྷུག་ཏུ་བྱས་པ་བཞུགས་སོ།།


GTD007_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལ་ཙཀྲ་མི་འགྱུར་བདེ་བའི་མཁར། །ཁ་དོག་རྣམ་བཀྲ་སྟོང་གཟུགས་དབང་གཞུས་འཁྱུད། །ག་བུར་ཙནྡན་སྦྱར་བ་བདུད་རྩིའི་ཆུས། །ང་ཡི་སྙིང་གི་ཟེའུ་འབྲུ་སྨིན་པར་མཛོད། །ང་རོ་དྲག་པོས་རྩེ་གཅིག་གསོལ་འདེབས་ན། །ག་ཤེད་སྐྱེས་ཆེན་འདེགས་ཚེ་སེམས་ཀྱི་རྟ། །ཁ་ལོ་བསྒྱུར་ཏེ་གཞན་དུ་མི་གོལ་བར། །ཀ་ལཱ་པ་ཡི་གྲོང་དུ་འཁྲིད་པར་མཛོད།། བདག་སོགས་འགྲོ་བ་ཡོངས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་མཐའ་དག་གཅིག་ཏུ་བསྡོམས་ཏེ་གྲུབ་པའི་གནས་མཆོག་བྱང་ཤམྦྷ་ལ་ཞེས་གྲོང་བྱེ་བ་དགུ་བཅུ་གོ་དྲུག་གི་བདག་ཉིད། ལོངས་སྤྱོད་ལྷ་དང་མཉམ་ཞིང་ས་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པའི་ལྟེ་བར་མ་ལ་ཡའི་སྐྱེད་མོས་ཚལ་དང་། པདྨ་དཀར་པོའི་མཚོ་དང་ཡིད་ཀྱི་མཚོ་ལ་སོགས་པས་བསྐོར་བའི་ཕོ་བྲང་ཆེན་པོ་ཀ་ལཱ་པ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་ཅིང། དཔག་ཚད་བཅུ་གཉིས་ཀྱི་ཁྱོན་དང་ལྡན་པར་རིགས་ལྡན་འཁོར་བཅས་བཞུགས་ཏེ་མདོ་སྔགས་ཀྱི་ལམ་བཟང་མཐའ་དག་འདོམས་པར་མཛད་པས་མངའ་འབངས་ཐམས་ཅད་ཉིན་མཚན་ཀུན་ཏུ་ཆོས་ཀྱི་དགའ་བདེས་རོལ་པ་དེ་ཉིད་དུ་སྐྱེ་བའི་རྒྱུར་གྱུར་ཅིག །འདི་ནས་འཕོས་མ་ཐག་སྲིད་པ་གཞན་གྱིས་བར་མ་ཆོད་པའམ་རེ་ལྟར་ཐོགས་ཀྱང་འཇམ་མགོན་བླ་མའི་ཐུགས་རྗེའི་སྒྱུ་


GTD007_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དྲག་པོ་འཁོར་ལོ་ཅན་གྱིས་འཛམ་གླིང་ཆེན་པོའི་ས་དུམ་བུ་བཅུ་གཉིས་ལ་བསྟན་པའི་དུས་བཞི་ཕྱི་མ་གསར་དུ་འཛུག་པའི་ཐོག་མ་ཁོ་ནར་དེའི་འཁོར་དུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ནས་རིགས་ལྡན་རྒྱལ་པོས་དགྱེས་བཞིན་རྗེས་སུ་བཟུང་སྟེ་ཐེག་པ་གསུམ་གྱི་ཆོས་མ་ལུས་པར་བསྡུས་པ་རྩ་བ་གསུམ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་རིམ་པ་དང་པོའི་སྣོད་རུང་དུ་བྱེད་པ་བྱིས་པ་ལྟར་འཇུག་པའི་དབང་བདུན་བསྐུར་ཏེ་ཁམས་ལྔ་སོགས་ཀྱི་དྲི་མ་བདུན་སྦྱངས་ནས་ས་བདུན་འགྲུབ་པའི་ནུས་པ་བཞག །རིམ་པ་གཉིས་པའི་བསྙེན་སྒྲུབ་ཡན་ལག་བཞིའི་སྣོད་རུང་དུ་བྱེད་པའི་དབང་གོང་མ་ཀུན་རྫོབ་འཇིག་རྟེན་པའི་དབང་བཞི་དང། གོང་མའི་གོང་མ་ངེས་དོན་འཇིག་རྟེན་ལས་འདས་པའི་དབང་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་མནོས་ཏེ་སྐུ་བཞི་དང་རྡོ་རྗེ་བཞི་འགྲུབ་པའི་ས་བོན་ཁྱད་པར་ཅན་ཐེབས་པར་གྱུར་ཅིག །དབང་དུས་སུ་ཁས་བླངས་པའི་དམ་ཚིག་རྩ་བའི་ལྟུང་བ་ཐུན་མོང་མ་ཡིན་པ་དང་བཅས་པ་བདུན་དང། ཐུན་མོང་བ་བདུན་ཏེ་བཅུ་བཞི་བསྲུང་བ་དང། སྡིག་པ་ལྔ་དང་ཉེ་བའི་སྡིག་པ་ལྔ་སོགས་སྤོང་བའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་སོགས་པ་རྩ་


GTD007_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་བར་གྱུར་ཅིག །དེ་ནས་ཉི་ཟླའི་ཆོས་ལྷོ་བྱང་གི་བགྲོད་པ་གཉིས་དང། དཀར་ནག་གི་ཕྱོགས་གཉིས་ཚེས་སུམ་བརྒྱ་དྲུག་ཅུ་སོགས་ཞིབ་པར་རྩིས་ཀྱིས་ཕྱེ་བས་ཕྱི་དུས་ཀྱི་འཁོར་ལོ་སྣོད་ཀྱི་རྣམ་གཞག་རྒྱུད་གཞན་ལས་གསལ་བར་རྟོགས་ཤིང་། དེ་ཙམ་དུ་ནང་དུས་ཀྱི་འཁོར་ལོ་རྩ་རླུང་ཐིག་ལེའི་གནད་ཕྲ་མོ་རྣམས་ཁོང་དུ་ཆུད་པ་བཞིན། དེ་སྦྱོང་བར་བྱེད་པ་གཞན་དུས་ཀྱི་འཁོར་ལོ་རིམ་པ་གཉིས་ཀྱི་ལམ་ལ་རྒྱ་ཆེར་སློབ་པར་གྱུར་ཅིག །སྦྱོར་བའི་རིམ་པ་སྲུང་བའི་འཁོར་ལོ་དང་བཅས་པ་སྔོན་དུ་བཏང་སྟེ། རྣམ་ཐར་སྒོ་བཞིའི་ཏིང་ངེ་འཛིན་གྱིས་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པའི་ངང་ལས་ཕྱི་ནང་གསང་བའི་གཞལ་ཡས་ཁང་དུ་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་དཀྱིལ་འཁོར་རྒྱལ་མཆོག་བསྙེན་པའི་ཡན་ལག །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་ལས་རྒྱལ་མཆོག་ཉེར་སྒྲུབ་ཀྱི་ཡན་ལག་ཡས་བབ་ཀྱི་དགའ་བ་བཞི་མཚོན་པ་ཐིག་ལེའི་རྣལ་འབྱོར་སྒྲུབ་པའི་ཡན་ལག །མས་བརྟན་གྱི་དགའ་བཞི་མཚོན་པ་ཕྲ་མོའི་རྣལ་འབྱོར་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་སྒྲུབ་ཆེན་གྱི་ཡན་ལག་སྟེ། བྱང་ཆུབ་པ་བཞིས་ཐ་མལ་གྱི་སྣང་ཞེན་སྦྱངས་ཏེ་རྫོགས་རིམ་གྱི་རྟོགས་པ་མཐའ་དག་སྐྱེ་བའི་སྣོད་དུ་སྨིན་པར་གྱུར་ཅིག །དེ་ནས་སྟོང་གཟུགས་ཀྱི་སྐུ་གང་ལས་སྒྲུབ་པའི་གཞིར་གྱུར་པའི་གཟུགས་སྔར་མེད་གསར་དུ་སྒྲུབ་པ་དང། གྲུབ་ཟིན་བརྟན་པར་བྱེད་པ་ཐོག་


GTD007_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མར་དགེ་བའི་རྣལ་འབྱོར་སོར་བསམ་གཉིས། གཟུགས་དེ་ཉིད་གྲུབ་ནས་དབང་དུ་བྱེད་པ་དང་གོང་ནས་གོང་དུ་གནས་གྱུར་བྱེད་བར་དུ་དགེ་བའི་རྣལ་འབྱོར་སྲོག་འཛིན་གཉིས། ཐ་མར་དགེ་བ་རྟེན་སྟོང་གཟུགས་ཀྱི་སྐུ་དངོས་གྲུབ་པ་རྗེས་དྲན་དང། བརྟེན་པ་མི་འགྱུར་བའི་བདེ་བ་གྲུབ་པ་ཏིང་འཛིན་གྱི་ཡན་ལག་སྟེ་སྦྱོར་བ་ཡན་ལག་དྲུག་གི་རྟོགས་པ་རྣལ་མ་རྒྱུད་ལ་སྐྱེ་བར་གྱུར་ཅིག །དེ་ལྟ་བུའི་སྟོང་གཟུགས་དང་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་ལམ་གྱི་དྷཱུ་ཏཱིའི་ནང་དུ་ཁམས་དཀར་དམར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེང་འོག་ཏུ་བརྩེགས་པས་དངུལ་ཆུས་ལྕགས་ཟ་བ་བཞིན་བེམ་པོའི་ཁམས་ཟད་ཅིང། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་དེ་སྟེང་གི་ལས་རླུང་བཀག་སྟེ། རླུང་གི་འཕོ་བ་བཅུ་གཉིས་འགག་པས་ས་བཅུ་གཉིས་རིམ་གྱིས་བགྲོད་པར་གྱུར་ཅིག །དེ་ནས་འབྲས་བུ་དུས་ཀྱི་འཁོར་ལོ་མཆོག་མི་འགྱུར་བའི་བདེ་ཆེན་གྱི་ཐུགས་དང། སྟོང་གཟུགས་ཡབ་ཡུམ་ཁ་སྦྱོར་གྱི་སྐུ་དབྱེར་མི་ཕྱེད་པ་རྡུལ་ཕྲ་རབ་ཀྱི་ཆོས་ཀྱི་ཕུང་སོགས་ཟད་ཅིང་། གནས་སྐབས་བཞིའི་སྒྲིབ་པ་སྤངས་པ་བདེན་དོན་བཅུ་གཉིས་དང། དེ་ཉིད་བཅུ་དྲུག་གི་བདག་ཉིད་དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོའི་གོ་འཕང་མངོན་དུ་བྱེད་པར་གྱུར་ཅིག །རིགས་ལྡན་མགོན་གྱིས་བརྩེ་བས་རྗེས་བཟུང་སྟེ། །སྦྱང་གཞི་ཕྱི་ཡིས་མཚོན་པ་ནང་གི་ལུས། །སྦྱོང་བྱེད་བྱང་ཆུབ་བཞི་བཞིའི་བདག་ཉིད་གཞན། །རིམ་གཉིས་ལམ་གྱིས་སྨིན་


GTD007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གྲོལ་གྱུར་ཅིག །དུམ་བུ་བཅུ་གཉིས་ཀླ་ཀློ་དྲུངས་ཕྱུང་བཞིན། །འཕོ་བ་བཅུ་གཉིས་རླུང་གི་རྒྱུ་བ་འགགས། །ས་རྣམས་བཅུ་གཉིས་རིམ་གྱིས་བགྲོད་པ་ཡིས། །བདེན་དོན་བཅུ་གཉིས་མངོན་དུ་འགྱུར་བར་ཤོག །ཅེས་བྱང་ཕྱོགས་ཤམྦྷ་ལར་སྐྱེ་ཞིང་དུས་ཀྱི་འཁོར་ལོའི་ལམ་ལ་སློབ་ཚུལ་གྱི་སྨོན་ལམ་ལྷུག་པར་བྱས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཧལ་ཧ་ཇ་སག་ཐུ་རྒྱལ་པོའི་ཤོག་ནས་ལྷག་བསམ་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་དཀོན་མཆོག་སྨོན་ལམ་གྱིས་བསྐུལ་ངོར་ ༸ བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། དམིགས་མེད་བདེ་བ་མཆོག་གི་དུས་འཁོར་ལོ། །སྟོང་གཟུགས་ཕྱག་རྒྱ་ཆེ་དང་དབྱེར་མེད་པ། །གསུམ་ལྡན་ངུར་སྨྲིག་འཆང་བའི་རོལ་གར་མཁན། །བླ་མ་དང་པོའི་མགོན་པོར་གུས་ཕྱག་འཚལ། །མ་འོངས་བསྟན་པའི་ཐ་མར་གྱུར་པ་ན། །ཀླ་ཀློ་མཐར་བྱེད་དྲག་པོ་འཁོར་ལོ་ཅན། །དཔུང་ཚོགས་དང་བཅས་ས་ལ་དབང་བསྒྱུར་ཚེ། །བཀའ་བཞིན་སྒྲུབ་པའི་འཁོར་དུ་སྐྱེ་བར་ཤོག །དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ། །དབང་ཐོབ་དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང་། །ཡན་ལག་དྲུག་གི་ལམ་བཟང་རིམ་བགྲོད་དེ། །རིང་མིན་འཁོར་ལོའི་མགོན་པོའི་གནས་ཐོབ་ཤོག །མདོར་ན་དུས་གསུམ་དགེ་བ་ཅི་བགྱིས་པ། །དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་བྱས་ནས། །སྐྱེ་ཞིང་སྐྱེ་བར་དཔལ་ལྡན་དུས་འཁོར་གྱི། །ལམ་བཟང་མཆོག་ལ་སློབ་པའི་རྒྱུར་གྱུར་ཅིག །བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང་། །


GTD007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རྩེ་གཅིག་མོས་པའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་པ་བཞིན་དུ་མྱུར་འགྲུབ་སྟེ། །འགྲོ་བ་ཀུན་ཀྱང་སྲིད་ལས་སྒྲོལ་བར་ཤོག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་རབ་འབྱམས་པ་ངག་དབང་བསྟན་འཛིན་དང་ཨུ་ཅུ་མུ་ཆིན་ཇ་ལང་གཟུངས་བསྡུས་དོན་གྲུབ་གཉིས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །དགེ་ལེགས་འཕེལ།།


previousདུས་ཀྱི་འཁོར་ལོའི་ལམ་ལ་སློབ་ཚུལ་གྱི་སྨོན་ལམ་ཚིག་ལྷུག་ཏུ་བྱས་པ།next