Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་དཔག་མེད་ཀྱི་བླ་བརྒྱུད་སྨོན་ཤིས་སོགས་སྨོན་ཤིས་ལེ་ཚན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དཔག་མེད་ཀྱི་བླ་བརྒྱུད་སྨོན་ཤིས་སོགས་སྨོན་ཤིས་ལེ་ཚན།next

ཚེ་དཔག་མེད་ཀྱི་བླ་བརྒྱུད་སྨོན་ཤིས་སོགས་སྨོན་ཤིས་ལེ་ཚན།


GTD007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་ཀྱི་བླ་བརྒྱུད་སྨོན་ཤིས་སོགས་སྨོན་ཤིས་ལེ་ཚན་བཞུགས་སོ།།


GTD007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིའི་སྟོན་པ་ཚེ་དཔག་མེད་མགོན་གྱི། །དཀྱིལ་འཁོར་ལེགས་བསྒོམས་མཆོད་བསྟོད་བཟླས་པ་སོགས། །འབད་པའི་དགེ་བས་བདག་སོགས་འགྲོ་བ་ཀུན། །སྣང་བ་མཐའ་ཡས་གོ་འཕང་མྱུར་ཐོབ་ཤོག །རྟག་ཏུ་དལ་འབྱོར་ཚང་བའི་རྟེན་ཐོབ་ཅིང་། །ཚེ་རབས་ཀུན་ཏུ་ཚེ་དཔག་མེད་མགོན་གྱིས། །འབྲལ་བ་མེད་པར་དགེ་བའི་བཤེས་མཛད་དེ། །རྒྱལ་བས་བསྔགས་པའི་ལམ་ལ་སློབ་གྱུར་ཅིག །སྲིད་པའི་བདེ་ལ་ཞེན་ལོག་ངེས་འབྱུང་དང། །འགྲོ་དྲུག་ཕ་མར་ཤེས་པའི་བྱང་ཆུབ་སེམས། །སྲིད་རྩ་གཅོད་བྱེད་ཡང་དག་ལྟ་བ་སོགས། །ཐུན་མོང་ལམ་གྱིས་ཤེས་རྒྱུད་སྦྱོང་གྱུར་ཅིག །དེ་ནས་ཚེ་མཐའ་ཡས་པའི་དཀྱིལ་འཁོར་དུ། །ལེགས་ཞུགས་ཆུ་དང་ཅོད་པན་དབང་བསྐུར་གྱིས། །མཚན་བཅས་མཚན་མེད་ལམ་གྱི་སྣོད་གྱུར་ཏེ། །དམ་ཚིག་མཐའ་དག་ཚུལ་བཞིན་སྲུང་གྱུར་ཅིག །སྔགས་དང་ཕྱག་རྒྱས་བདག་དང་གནས་བསྲུང་བས། །རྣལ་འབྱོར་བསྒོམ་པའི་འགལ་རྐྱེན་ཀུན་བཟློག་ཅིང་། །མཆོག་གསུམ་ཞིང་ལ་སྦྱོར་བ་ཚོགས་བསགས་སོགས། །མཐུན་པའི་རྐྱེན་རྣམས་ཡོངས་སུ་རྫོགས་གྱུར་ཅིག །སྟོང་སྒྲ་ཡིག་གཟུགས་ཕྱག་རྒྱ་མཚན་མའི་ལྷ། །དྲུག་གིས་ལྷ་སྐུར་བསྒོམས་ཤིང་སྲོག་རྩོལ་ཀུན། །བསྡམས་ཏེ་བཟླས་བརྗོད་བསམ་གཏན་ཡན་ལག་བཞིས། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག །དེ་ནས་བཟླས་བརྗོད་སོགས་ལ་མི་ལྟོས་པ། །མེ་དང་


GTD007_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ལ་གནས་པའི་བསམ་གཏན་གྱིས། །རྒྱལ་གསུང་གསང་སྔགས་ནུས་པ་སྨིན་བྱེད་པའ། །མཚན་མ་དང་བཅས་རྣལ་འབྱོར་མཐར་ཕྱིན་ཤོག །སྒྲ་མཐར་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །མངོན་གྱུར་ཐར་པ་སྟེར་བའི་བསམ་གཏན་གྱིས། །ཆོས་སྐུ་སྒྲིབ་པ་མེད་པ་རྒྱལ་བའི་ཐུགས། །སྒྲུབ་པའི་མཚན་མེད་རྣལ་འབྱོར་མཐར་ཕྱིན་ཤོག །བྱིན་རླབས་བདུད་རྩིའི་བགོ་སྐལ་ལ་བརྟེན་ནས། །དུས་མིན་འཆི་བའི་འཇིགས་ལས་སྐྱོབ་པ་སོགས། །གང་ལ་གང་འདུལ་རབ་འབྱམས་འཕྲིན་ལས་ཀྱིས། །སྲས་བཅས་རྒྱལ་བའི་མཛད་པ་སྒྲུབ་གྱུར་ཅིག །ནམ་ཞིག་འདི་སྣང་འགག་པར་རྩོམ་པ་ན། །འོད་དཔག་མེད་མགོན་ཉེ་བའི་སྲས་དང་བཅས། །དགྱེས་པའི་འཛུམ་ཞལ་མངོན་གྱུར་དགའ་དད་ཀྱིས། །འཇིགས་སྐྲག་གདུང་བའི་མུན་པ་སེལ་གྱུར་ཅིག །དེ་ནས་བླ་མ་ལྷ་ཡིས་ལམ་བསྟན་ཏེ། །ངོ་མཚར་དཔག་ཡས་བདེ་ལྡན་ཞིང་མཆོག་ཏུ། །འདབ་སྟོང་པདྨའི་སྙིང་པོ་ལས་སྐྱེས་ནས། །རྒྱལ་བ་འཁོར་བཅས་མཆོད་པས་མཉེས་བྱེད་ཤོག །དེ་ཡིས་ལེགས་གསུངས་གདམས་པའི་བཅུད་མྱང་ཞིང། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ནས། །རྣམ་ཀུན་གཟིགས་པའི་གོ་འཕང་མཆོག་བརྙེས་ཏེ། །འགྲོ་ཀུན་ཕན་བདེའི་དཔལ་ལ་འགོད་གྱུར་ཅིག །༈ དགེ་ལེགས་འོད་མཚན་སྣང་བ་མཐའ་ཡས་པས། །འཇིག་རྟེན་ཀུན་ཁྱབ་བཅོམ་ལྡན་འཁོར་བཅས་ཀྱི། །བྱིན་


GTD007_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཟད་མི་ཤེས་པའི་སྤྲིན་ཕུང་ལས། །མཆོག་ཐུན་དངོས་གྲུབ་མེ་ཏོག་ཆར་དུ་བསྙིལ། །སྤྱན་སོགས་ཤིས་བརྗོད་སྒྲ་བརྒྱའི་གླུ་དབྱངས་ལེན། །ཁྲོ་རྒྱལ་བགེགས་འཇོམས་རྡོ་རྗེའི་ཟེར་མ་འཕྲོ། །ཕུན་ཚོགས་མ་ཚང་མེད་པའི་དཔལ་ཡོན་གྱིས། །མཆོག་ཏུ་ཤིས་པར་སྒྲུབ་ལ་རབ་དགའ་སྐྱེད། །ལྷ་མིའི་སྟོན་པ་བཅོམ་ལྡན་ཚེ་དཔག་མེད། །འཆི་མེད་རིག་འཛིན་གྲུབ་པའི་རྒྱལ་མོ་དང། །བློ་བཟང་རྒྱལ་བའི་དབང་པོ་སྲས་དང་བཅས། །སྣང་བ་མཐའ་ཡས་དཔལ་ལྡན་ཡེ་ཤེས་ཞབས། །རིགས་ཀུན་ཁྱབ་བདག་འཇིགས་མེད་དབང་པོ་སོགས། །དངོས་དང་བརྒྱུད་པར་བཅས་པའི་བླ་མ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང། །བདེ་ལེགས་ཡར་ངོའི་ཟླ་བཞིན་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ལེགས་པའི་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་པའི་དམ་པ་དེས་སྐལ་བ་དང་ལྡན་པའི་གང་ཟག་ཁྱེད་ཅག་འདིར་འཁོད་པ་རྣམས་ལ་དུས་ཐམས་ཅད་དུ་ཕུན་སུམ་ཚོགས་པའི་དགའ་སྟོན་གྱི་དཔལ་ལ་རྟག་ཏུ་རོལ་བའི་ཤིས་པ་ལྷག་པར་སྐྱོང་བར་གྱུར་ཅིག །འཁོར་ལོའི་མགོན་པོ་རྣམ་སྣང་ཚེ་དཔག་མེད། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །ཀུན་གཟིགས་ཡེ་ཤེས་ཡོན་ཏན་མི་གཡོ་སྟེ། །ཚེ་དཔག་མེད་མགོན་ལྷ་དགུའི་ཚོགས་རྣམས་ལ། །ལེགས་ཚོགས་ཇི་སྙེད་ཅེས་པ་ནས། བྱ་


GTD007_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་པདྨའི་རིགས་ཀྱི་གཙོ་བོར་གྱུར་པ་སྟེང་ཕྱོགས་ཀྱི་ཚེ་དཔག་མེད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་དང། བདེ་བ་ཅན་གྱི་ཚེ་དཔག་མེད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་འཆི་མེད་རྔ་སྒྲའི་གཟུངས་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱི་རྒྱུད་དང་གཟུངས་ཀྱི་སྐོར་རྣམས་དང། རྒྱུད་དོན་ཉམས་སུ་ལེན་པའི་འཇུག་སྒོ་ཆུ་དང་ཅོད་པན་གཉིས་ཀྱི་དབང་དང་དམ་ཚིག །སྐུ་རྡོ་རྗེ་འགྲུབ་བྱེད་ལྷ་དྲུག་གི་བསྐྱེད་ཆོག་དང་བསམ་གཏན་ཡན་ལག་བཞི། གསུང་རྡོ་རྗེ་འགྲུབ་བྱེད་མེ་གནས་དང་སྒྲ་གནས་ཀྱི་བསམ་གཏན། ཐུགས་རྡོ་རྗེ་འགྲུབ་བྱེད་སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་ཏེ་མཚན་བཅས་མཚན་མེད་ཀྱི་ལམ་ལ་སོགས་པ་ལུང་དང་རྟོགས་པའི་འཁོར་ལོ་གཉིས་ཀྱིས་བསྡུས་པའི་དམ་པའི་ཆོས་རྣམས་ལ་ལེགས་པའི་ཚོགས་ཞེས་སོགས་དང། དུས་མིན་འཆི་བའི་རིམས་ནད་ཀུན་སེལ་བ། །རྡོ་རྗེ་འཆང་དབང་ཞལ་གྱི་བདུད་རྩིའི་བཅུད། །མཚན་བརྒྱ་བརྒྱད་དང་འཆི་མེད་རྔ་སྒྲའི་གཟུངས། །ཆུ་དང་ཅོད་པན་དབང་བསྐུར་དམ་ཚིག་དང། །མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་སོགས། །ལུང་རྟོགས་བདག་ཉིད་དམ་པའི་ཆོས་རྣམས་ལ། །ལེགས་ཚོགས་ཞེས་པ་ནས། སྟོན་པ་དང་དེའི་གསུང་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་རྙེད་ནས་སྔགས་ཀྱི་སྒོར་ཞུགས་ཏེ། དངོས་གྲུབ་ཀྱི་རྩ་བ་དམ་ཚིག་ཚུལ་བཞིན་དུ་བསྲུང་ཞིང་ཡང་དག་པའི་ལམ་ལ་སྒྲུབ་པ་ལྷུར་བྱེད་པ་དང་། གཞན་ལ་འདོམས་པ་སོགས་ཀྱི་སྒོ་ནས་ཟབ་ལམ་རྡོ་རྗེ་ཐེག་པའི་བསྟན་པ་རང་གཞན་གྱི་རྒྱུད་ལ་སྤེལ་བར་བྱེད་པའི་དགེ་འདུན་དམ་པ་རྣམས་ལ་ལེགས་པའི་ཚོགས་ཞེས་སོགས་དང། རྩེ་གཅིག་དད་པའི་ཤུགས་


GTD007_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡིད་དྲངས་ཏེ། །ཡང་དག་ལམ་བཟང་སྒྲུབ་པ་ལྷུར་བྱེད་ཅིང་། །ལེགས་པར་འདོམས་པས་གཞན་ལ་སྤེལ་མཛད་པ། །རིག་གྲོལ་འཕགས་པའི་དགེ་འདུན་ཚོགས་རྣམས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་ཞེས་པ་ནས། རྒྱལ་བ་ཚེ་དཔག་ཏུ་མེད་པའི་ཡེ་ཤེས་ལྔའི་རང་མདངས། མཚན་ཉིད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་ཆེན་པོ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་ཐ་གྲུ་ཡངས་པ། ཉི་མ་འབུམ་གྱི་འོད་ལས་རྒྱལ་བའི་གཟི་བྱིན་འབར་ཞིང། རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་དུ་མའི་རྒྱན་གྱིས་སྤྲས་པ། ཐར་པ་ཆེན་པོའི་ཕོ་བྲང་མཆོག་ལ་ལེགས་པའི་ཚོགས་ཞེས་སོགས་དང། ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཉི་ཟླའི་འོད་དང་མཉམ་པའི་འོད་འཕྲོ་ཞིང། །གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཅག་གང་དང་གང་དུ་གནས་པ་དེར། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང། །ཞིང་གི་འབྱོར་པ་ཕུལ་དུ་བྱུང་བ་ཡིས། །བདེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཁྱ་དགེ་ལེགས་བཤད་གླིང་དུ་སྔར་ནས་རྗེ་བླ་མའི་དངོས་སློབ་ལྷ་གཟིགས་གྲགས་པ་རྒྱ་མཚོའི་ཚེ་དཔག་གི་ཆོ་ག་འདོན་རྒྱུན་བཞིན། དེའི་ཁ་སྐོང་བླ་བརྒྱུད་སྨོན་ཤིས་དང་བཅས་པ་ཞིག་དགོས་ཚུལ་ནང་འོག་མའི་བླ་མ་རབ་འབྱམས་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་དང། དགེ་སློང་བློ་བཟང་དར་རྒྱས་བཅས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཚེ་དཔལ་མཆོག་སྦྱིན་མགོན་པོ་སྣང་མཐའ་ཡས། །སྙིང་པོའི་ཞབས་དང་པཎ་ཆེན་ཛེ་ཏཱ་ར། །བོ་དྷི་བྷ་དྲ་ཏིང་འཛིན་བཟང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་


GTD007_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །རྡོ་རྗེ་གདན་པ་གཉིས་དང་བ་རི་པ། །བརྩོན་འགྲུས་སེང་གེ་རྒྱ་ཞང་ཕུགས་པ་དང། །ཤེས་རབ་རིན་ཆེན་དཔལ་འབྱོར་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཤར་པ་འཇམ་པའི་དབྱངས་དང་བཞི་ཐོག་པ། །བྱང་སེམས་རྒྱལ་བ་ཡེ་ཤེས་གྲགས་པ་དཔལ། །ཆོས་འཕགས་རྒྱལ་མཚན་ཞབས་དང་ཡང་རྩེ་བར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཐམས་ཅད་མཁྱེན་པ་བུ་སྟོན་ཡབ་སྲས་དང། །ནམ་མཁའ་རྒྱལ་མཚན་རིན་ཆེན་དཔལ་གྲུབ་ཞབས། །མཁྱེན་རབ་ཆོས་རྗེ་བསོད་ནམས་མཆོག་གྲུབ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བཀྲ་ཤིས་རྒྱལ་མཚན་རཏྣ་ས་མུ་ཏྲ། །ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་དང། །ཀུན་གཟིགས་༸རྒྱལ་དབང་བློ་བཟང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བློ་བཟང་སྦྱིན་དང་བློ་བཟང་རིན་ཆེན་ཞབས། །རྣལ་འབྱོར་དབང་ཕྱུག་ངག་དབང་མཆོག་ལྡན་དང། །རྒྱལ་བའི་དབང་པོ་བསྐལ་བཟང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྣང་བ་མཐའ་ཡས་མི་ཡི་ཟློས་གར་མཁན། །ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་དང། །བཀའ་དྲིན་མཉམ་མེད་བསྟན་པའི་སྒྲོན་མེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དུས་མིན་འཆི་བའི་གཡུལ་ངོ་ལས་རྒྱལ་ཞིང། །ཚེ་རབས་ཀུན་ཏུ་ཚེ་དཔག་མེད་མགོན་གྱིས། །རྗེས་བཟུང་ས་ལམ་རྟོགས་པ་མྱུར་བགྲོད་ནས། །སྣང་བ་མཐའ་ཡས་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདིའང་ཁྱ་དགེ་དགོན་གྱི་ནང་འོག་མའི་


GTD007_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་དབྱངས་མཁས་གྲུབ་དང། དད་ལྡན་དགེ་སློང་བློ་བཟང་དར་རྒྱས་གཉིས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་སྱ་མཎྜལ་བྷྱཿ བསྟན་པའི་བདག་པོ་ཐུབ་དབང་རྡོ་རྗེ་འཆང་། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །ཆོས་འདིའི་བཀའ་བབས་འཇམ་དཔལ་གྲགས་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྒེག་རྡོར་ཉི་མའི་སྙིང་པོ་པུཎྱ་དྡྷ། །དྷརྨཱ་རཱ་ཛ་སྦུ་དྲ་སིདྡྷི་དང། །དེ་བེ་ཤྭ་ར་ཤཱནྟིཾ་གརྦྷ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚངས་སྡེ་བྱེ་མ་ལུང་བ་ཆོས་རྡོར་དང། །དར་མ་རྒྱལ་པོ་མཚུར་དུམ་བཟང་མོ་པ། །རིན་བཟང་ཆོས་རྒྱལ་དོན་གྲུབ་དཔལ་བ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སངས་རྒྱས་ཡོན་ཏན་རྡོག་སྟོན་བྱང་ཆུབ་གྲགས། །ཀརྨྨ་འཕྲིན་ལས་བསོད་ནམས་ལྷུན་གྲུབ་དང། །བསོད་ནམས་བསྟན་འཛིན་འཇམ་དབྱངས་འོད་ཟེར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བསོད་ནམས་མཆོག་ལྡན་རིན་ཆེན་རྒྱ་མཚོའི་ཞབས། །མང་ཐོས་རྒྱ་མཚོ་ཆོས་ཀྱི་རྡོ་རྗེ་དང། །བྱམས་པ་རྒྱལ་པོ་བློ་གསལ་ཆོས་རྒྱན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བ་ཀུན་དངོས་འཇིགས་མེད་དབང་པོའི་སྡེ། །རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་རྒྱ་མཚོའི་ཞབས། །རྒྱལ་བསྟན་གསལ་མཛད་དགེ་ལེགས་བསྟན་འཛིན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་མཐར་ཆེས་དཀོན་གསང་ཆེན་གདམས་པ་མཆོག །གསལ་མཛད་སྨྲ་བའི་སེང་གེ་ཟླ་མེད་པ། །བཀའ་


GTD007_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་མཚུངས་བྲལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུགས་རྗེའི་གཏེར་ཆེན་རྩ་བརྒྱུད་བླ་མ་ཡི། །བྱིན་རླབས་ལམ་གསུམ་འབབ་པའི་མཆོད་ཡོན་གྱིས། །ལས་ཉོན་དུག་ཅན་དྲི་མ་ཀུན་བྱུང་སྟེ། །ལམ་བཟང་མངོན་དུ་འགྱུར་བར་བྱིན་གྱིས་རློབས།། ༈ དེ་ལྟར་དཔལ་ལྡན་སྐུ་གསུམ་འཆང་བའི་ལྷ། །ཡེ་ཤེས་ལྔ་བདག་དཀྱིལ་འཁོར་འཁོར་ལོ་ཡི། །རྣལ་འབྱོར་ཚུལ་བཞིན་བསྒྲུབས་པའི་དགེ་ཚོགས་ཀུན། །ཡེ་ཤེས་སྐུ་མཆོག་འགྲུབ་པའི་རྒྱུ་རུ་བསྔོ། །དེ་ཡི་མཐུ་ལས་བདག་སོགས་ལུས་ཅན་ཀུན། །བཅོ་བརྒྱད་ཆོས་ལྡན་དལ་བའི་རྟེན་ཐོབ་ཅིང། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །ཐུན་མོང་ལམ་གྱིས་ཤེས་རྒྱུད་སྦྱོང་བར་ཤོག །དེ་ནས་རྣམ་དག་དབང་གི་གྲུ་གཟིངས་ཆེར། །རྡོ་རྗེ་འཛིན་པའི་དེད་དཔོན་གྱིས་ཁྲིད་དེ། །ཆེས་ཟབ་གསང་ཆེན་རྒྱ་མཚོའི་འཇིངས་ཞུགས་ནས། །དམ་ཚིག་ནོར་བུ་ཚུལ་བཞིན་བསྲུང་བར་ཤོག །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་དོན། །གྲུབ་མཆོག་འཇམ་དཔལ་གྲགས་པས་བཀྲལ་བ་བཞིན། །རྣལ་འབྱོར་རྒྱུད་ལྟར་ཉམས་སུ་བླང་བའི་ཚུལ། །ལེགས་པར་རྟོགས་ནས་ཇི་བཞིན་སྒྲུབ་པར་ཤོག །ཕྱི་ནང་ཁྲུས་ཀྱིས་ཉེས་སྐྱོན་དྲི་མ་སྦྱངས། །བཅོམ་ལྡན་གཤིན་རྗེའི་གཤེད་ཀྱི་སྐུར་བཞེངས་ཏེ། །བགེགས་རིགས་ཚར་བཅད་སྲུང་བའི་འཁོར་ལོ་ཡིས། །མི་མཐུན་བར་ཆད་གཡུལ་ལས་རྒྱལ་བར་ཤོག །ལྕེ་ལག་ཡིད་དང་མཆོད་སོགས་བྱིན་བརླབས་ནས། །རླབས་ཆེན་བསོད་ནམས་ཕུང་པོ་རྫོགས་བྱེད་ཅིང། །སྙིང་རྗེས་བརྒྱན་པའི་ཡེ་ཤེས་རྣམ་པ་ལྔའ། །མངོན་བྱང་རིམ་པས་ཚོགས་


GTD007_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྫོགས་པར་ཤོག །ཆོས་ཀྱི་དབྱིངས་ལས་སྟོང་གསུམ་འཇིག་རྟེན་དང། །མཉམ་པའི་མཆོད་རྟེན་ཕྱི་ནང་གཞལ་ཡས་སོགས། །བསྒོམས་པས་གང་དུ་མངོན་པར་འཚང་རྒྱའི་ཞིང། །འགྲུབ་བྱེད་དགེ་བའི་རྩ་བ་སྨིན་པར་ཤོག །དང་པོར་དཀྱིལ་འཁོར་བདག་པོའི་སྐུར་བཞེངས་ཤིང་། །དེ་ནས་དཀྱིལ་འཁོར་འཁོར་ལོ་རྫོགས་པ་དང། །ཕྱག་རྒྱ་བཞིས་བཏབ་མཆོད་བསྟོད་བཟླས་པ་སོགས། །ཏིང་འཛིན་གསུམ་གྱི་རྣལ་འབྱོར་རྫོགས་པར་ཤོག །མཚན་བཅས་ཕྲ་རགས་ཏིང་འཛིན་མཐར་ཕྱིན་ནས། །མཚན་མེད་སྤྲོས་དང་བྲལ་བའི་ཤེས་རབ་ཀྱིས། །ལྷ་དང་སྔགས་ཀྱི་དེ་ཉིད་ལ་དམིགས་པས། །མ་རིག་འཁྲུལ་པའི་དྲ་བ་གཅོད་པར་ཤོག །ཁྱད་པར་རྨོངས་པའི་མུན་པ་མཐར་བྱེད་པ། །རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་ཉིན་མོར་བྱེད། །སྙིང་དབུས་ཤར་བས་ཆོས་ཚུལ་རབ་འབྱམས་ལ། །ཐོགས་མེད་བློ་གྲོས་སྣང་བ་རྒྱས་པར་ཤོག །འཁྲུལ་བྲལ་དགེ་ལྡན་ལུགས་བཟང་གཡས་འཁྱིལ་དུང། །ལྷག་བསམ་རྣམ་དཔྱོད་དབུགས་ཀྱིས་བསྐུལ་བ་ལས། །འཆད་རྩོད་རྩོམ་པའི་སྒྲ་དབྱངས་ས་གསུམ་དུ། །ཁྱབ་པས་སྲིད་ཞིའི་རིམས་ནད་སེལ་བར་ཤོག །མདོར་ན་ཚེ་རབས་ཀུན་ཏུ་ལྷག་པའི་ལྷས། །རྗེས་བཟུང་རྒྱལ་ཀུན་ཆོས་ཀྱི་མཛོད་བཟུང་སྟེ། །རིང་མིན་འཇམ་དཔལ་དཔའ་བོའི་གནས་ཐོབ་ནས། །མཁའ་མཉམ་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །༈ རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་ལྷ་ཡི་ལམ། །ཡེ་ཤེས་ལྔ་ཡི་འཇའ་སྤྲིན་འཁྲིགས་པ་ལས། །དགེ་ལེགས་བྱེ་བའི་མེ་ཏོག་ཆར་འབེབས་པས། །དེང་འདིར་ཤིས་པ་ལྷག་པར་སྐྱོང་གྱུར་ཅིག །འགྲོ་བའི་བླ་མ་ཤཱཀྱའི་རྒྱལ་པོ་དང། །རང་བྱུང་ཡེ་ཤེས་སྐུ་


GTD007_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་འཇམ་པའི་དབྱངས། །དེ་ཡིས་རྗེས་བཟུང་གྲུབ་པའི་དབང་པོ་སོགས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །དེ་བཞིན་གཤེགས་པ་ལྔ་དང་སེམས་མ་བཞ། །ཕྱི་ནང་སེམས་དཔའ་བཅུ་དྲུག་ཕྲག་གཉིས་དང། །སྒེག་སོགས་ལྷ་མོ་བརྒྱད་དང་སྒོ་སྲུང་བཅས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཡི་ཚོགས་རྣམས་ལ། །ལེགས་ཚོགས་ཇི་སྙེད་ཅེས་སོགས། ཐུབ་པའི་ལྗགས་ཡངས་པདྨོ་ལས་འོངས་པ། །དཔལ་ལྡན་སྒྱུ་འཕྲུལ་དྲ་བའི་རྒྱུད་ལ་སོགས། །རྗོད་བྱེད་ལུང་དང་བརྗོད་དོན་ལམ་འབྲས་ཀྱི། །མངོན་པར་རྟོགས་པའི་རིམ་པ་མཐའ་དག་ལ། །ལེགས་ཚོགས་ཞེས་སོགས། འཇམ་མགོན་ཐུགས་རྗེའི་འོད་ཟེར་ཞུགས་པ་ཡིས། །བློ་གྲོས་འདབ་སྟོང་གྲོལ་བའི་སྙིང་པོ་རུ། །རྒྱུད་དོན་སྦྲང་རྩིའི་བཅུད་ཀྱིས་གཏམས་པ་ཡི། །རབ་འབྱམས་ཞིང་གི་དགེ་འདུན་འདུས་ཚོགས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཞེས་པ་ནས། ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཅེས་སོགས་བྱ། ཞེས་པ་འདི་འང་ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་འདི་ཉིད་༸སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་འཇིགས་མེད་དབང་པོའི་ཕྱག་འདེབས་ཀྱི་དགོན་ལག་གཙོ་བོ་ཡིན་པས་སྐུ་འཕྲེང་རིམ་པའི་འཕྲིན་ལས་སུ་དགོངས་ཏེ་ཚོགས་ཆེན་ཁྲི་ཪིན་པོ་ཆེ་དཀོན་མཆོག་སེང་གེ་ནས་དེ་གའི་ལམ་རིམ་གྲྭ་ཚང་དུ་འཇམ་དཔལ་གསང་ལྡན་གྱི་ཆོ་ག་སྒྲུབ་མཆོད་དང་བཅས་གསར་འཛུག་
གི་བཀོད་ཁྱབ་དང་ཐེབས་སྩལ་ཅིང། གྲྭ་ཚང་དཔོན་སློབ་འཇམ་དབྱངས་ཕུན་ཚོགས་སོགས་ཀྱིས་ཁུར་དུ་བླངས་ཏེ་གསར་དུ་བཙུག་སྐབས་ཆོ་གའི་ཆ་ལག་ཏུ་བླ་བརྒྱུད་སྨོན་ལམ་ཤིས་བརྗོད་སོགས་ཆ་ཚང་བ་ཞིག་དགོས་ཚུལ་གྱི་བསྐུལ་མ་བྱུང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་བྲིས་པའོ།། །།


previousཚེ་དཔག་མེད་ཀྱི་བླ་བརྒྱུད་སྨོན་ཤིས་སོགས་སྨོན་ཤིས་ལེ་ཚན།next