Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་སྨོན་ཤིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་སྨོན་ཤིས།next

གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་སྨོན་ཤིས།


GTD007_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་སྨོན་ཤིས་བཞུགས་སོ།། དཔལ་ལྡན་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང། །སྙིང་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས། །བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ཏེ། །རྒྱལ་དང་རྒྱལ་བའི་སྲས་པོ་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་གསལ་གཉིས་མེད་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དངོས་གྲུབ་མཆོག་བརྙེས་ཏཻ་ལོ་ཤེར་བཟང་དང། །རྣལ་འབྱོར་དབང་ཕྱུག་རོལ་བའི་རྡོ་རྗེའི་ཞབས། །འཕགས་པས་རྗེས་བཟུང་མི་ཏྲ་ཛོ་ཀི་སྟེ། །གྲུབ་པའི་དབང་ཕྱུག་ཆེན་པོ་རྣམ་གསུམ་ལ། །གསོལ་བ། ཞེས་པ་ནས། འཇིག་རྟེན་མིག་གཅིག་ལོ་ཆེན་བྱམས་པ་དཔལ། །མཁས་ཤིང་གྲུབ་པ་བསོད་ནམས་དབང་ཕྱུག་དང། །ཉམས་རྟོགས་མཐར་སོན་བསོད་ནམས་སེང་གེའི་ཞབས། །རྗེ་བཙུན་རིན་ཆེན་སེང་གེ་རྣམ་བཞི་ལ། །གསོལ་བ། ཞེས་པ་ནས། ཐམས་ཅད་མཁྱེན་དངོས་བུ་སྟོན་རིན་ཆེན་གྲུབ། །ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་དང། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །ཐུབ་བསྟན་ཡོངས་ཀྱི་མངའ་བདག་རྣམ་གསུམ་ལ། །གསོལ་བ། ཞེས་པ་ནས། སྨྲ་བའི་ཉི་མ་མཁས་གྲུབ་དགེ་ལེགས་དཔལ། །སྙན་བརྒྱུད་བཀའ་བབས་ཆོས་ཀྱི་རྒྱལ་མཚན་དང། །


GTD007_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཆོས་རྡོ་རྗེ། །དགེ་ལྡན་བསྟན་པའི་རྩ་ལག་རྣམ་གསུམ་ལ། །གསོལ་བ། ཞེས་པ་ནས། ཟབ་ལམ་མངོན་གྱུར་རྒྱལ་བ་དབེན་ས་པ། །མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་དང། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། །མཚུངས་མེད་བསྟན་འགྲོའི་དཔུང་གཉེན་རྣམ་གསུམ་ལ། །གསོལ་བ། ཞེས་པ་ནས། སྔགས་འཆང་ཆེན་པོ་དགེ་འདུན་དོན་གྲུབ་དང། །ལུང་རྟོགས་མངའ་བདག་ངག་དབང་བསྟན་འཛིན་ཞབས། །འདུལ་འཛིན་དམ་པ་བློ་བཟང་མཁས་བཙུན་ཏེ། །གསང་ཆེན་གདམས་པའི་གཏེར་མཛོད་རྣམ་གསུམ་ལ། །གསོལ་བ། ཞེས་པ་ནས། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་སྡེ། །རྗེ་བཙུན་བློ་བཟང་བསྟན་པའི་ཉི་མའི་ཞབས། །སྨྲ་བའི་དབང་ཕྱུག་བློ་བཟང་དར་རྒྱས་ཏེ། །བྱང་ཕྱོགས་སྐྱེ་རྒུའི་འདྲེན་མཆོག་རྣམ་གསུམ་ལ། །གསོལ་བ་ཞེས་སོགས། རིགས་ཀུན་ཁྱབ་བདག་འཇིགས་མེད་དབང་པོའི་སྡེ། །ཐར་ལམ་གསལ་མཛད་བསྟན་པའི་སྒྲོན་མེ་མཆོག །སྙིགས་དུས་ཉམ་ཐག་འགྲོ་བའི་སྐྱབས་ཀྱི་ཕུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་གསལ་གཉིས་མེད་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མདོར་ན་སྙིང་རྗེའི་གཏེར་ཆེན་བླ་མ་ལྷ། །དབྱེར་མེད་ཐུགས་རྗེ་བདེན་པའི་ཟིལ་མངར་གྱིས། །བསྐྱངས་པས་ཡང་དག་ལམ་གྱི་རྩལ་རྫོགས་ཤིང། །དོན་གཉིས་དགའ་བའི་ཚལ་ལ་རོལ་གྱུར་ཅིག །༈ ཐུགས་རྗེའི་གཏེར་ཆེན་


GTD007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་སྨྲིག་འཆང་བའི་གར། །གྲུབ་མཆོག་མི་ཏྲ་ཛོ་ཀིའི་བཀའ་སྲོལ་བཞིན། །སྤྱན་རས་གཟིགས་དབང་བསྒོམ་བཟླས་མཆོད་བསྟོད་སོགས། །བགྱིས་པ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན། །དྲིན་ཅན་ཕ་མ་གཉེན་བཤེས་རྩ་ལག་དང། །བཀོལ་སྤྱད་བཟང་ངན་འབྲེལ་ཐོགས་རྣམས་ཀྱིས་མཚོན། །ནམ་མཁའི་མཐའ་ཁྱབ་རིགས་དྲུག་སེམས་ཅན་རྣམས། །ཕྱག་ན་པདྨས་རྗེས་འཛིན་རྒྱུ་རུ་བསྔོ། །དལ་འབྱོར་ཚང་བའི་རྟེན་བཟང་བརྒྱུད་མར་ཐོབ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་སོགས། །ཐུན་མོང་ལམ་གྱིས་ཤེས་རྒྱུད་སྦྱོང་གྱུར་ཅིག །འཕགས་མཆོག་སྤྱན་རས་གཟིགས་དབང་དཀྱིལ་འཁོར་དུ། །ཞུགས་ནས་དངོས་གྲུབ་ཀུན་གྱི་གཞི་དང་རྟེན། །རྩ་བ་ཡན་ལག་དམ་ཚིག་སྡོམ་པ་ཀུན། །སྲོག་དང་བསྡོས་ཏེ་ཚུལ་བཞིན་བསྲུང་གྱུར་ཅིག །ཕྱག་རྒྱ་བཞི་ཡི་ཐབས་མཁས་སྒྱུ་འཕྲུལ་གྱིས། །ཐ་མལ་ལུས་ངག་ཡིད་དང་བྱ་བ་བཞ། །སྦྱངས་ནས་སྐུ་གསུང་ཐུགས་དང་མཛད་པ་བཞ། །བསྒྲུབས་པས་ཡང་དག་ལམ་བཟང་མཐར་ཕྱིན་ཤོག །ཤིན་ཏུ་སྙིགས་མ་བདོ་བའི་དུས་མཐའ་འདིར། །རྒྱལ་བ་ཀུན་ལས་བྱིན་རླབས་ཆེས་མྱུར་བ། །ཁྱོད་ཀྱི་མཁྱེན་བརྩེ་ནུས་པའི་འོད་སྟོང་གིས། །ནད་མུག་འཁྲུགས་པའི་མུན་པ་སངས་གྱུར་ཅིག །ཁྱོད་ཀྱི་ཐུགས་རྗེ་བདུད་རྩིས་འགྲོ་བའི་རྒྱུད། །བརླན་པས་དགེ་བཅུའི་ལས་ཀྱི་འབྲས་བཟང་སྨིན། །དེ་ཡི་མཐུ་ལས་རྩི་བཅུད་ལོ་འབྲས་སོགས། །སྣོད་ཀྱི་འཇིག་རྟེན་དཔལ་འབྱོར་རྒྱས་གྱུར་ཅིག །ཁྱད་པར་ཚེ་འདིའི་སྣང་བ་འགགས་མ་ཐག །མཚུངས་མེད་སྙིང་རྗེའི་གཏེར་ཆེན་ས་མཁན་གྱིས། །ཞིང་མཆོག་བདེ་བ་ཅན་དང་པོ་


GTD007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཊ་ལར། །ཁྲིད་ནས་སྲས་ཀྱི་ཐུ་བོར་འགྱུར་བར་ཤོག །མདོར་ན་མདོ་སྔགས་ཟུང་དུ་འཇུག་པ་ཡི། །ཡང་དག་ལམ་བཟང་གེགས་མེད་མྱུར་བགྲོད་ནས། །མངོན་བྱང་ལྔ་ཡིས་སྤྱན་རས་གཟིགས་མགོན་གྱི། །གོ་འཕང་ཐོབ་སྟེ་འགྲོ་ཀུན་སྒྲོལ་གྱུར་ཅིག །༈ མཁའ་དབྱིངས་ཀུན་ཁྱབ་སྤྱན་རས་གཟིགས་མགོན་གྱི། །ལྷ་ཚོགས་ཤིས་བརྗོད་སྙན་པའི་གདངས་དང་བཅས། །དགེ་ལེགས་མེ་ཏོག་ཆར་དུ་བསྙིལ་བ་ཡིས། །ཕུལ་བྱུང་ལེགས་བྱས་དགའ་སྟོན་རྒྱས་པར་མཛོད། །ཁྱབ་བདག་རྡོ་རྗེ་འཆང་དབང་སྤྱན་རས་གཟིགས། །མི་ཏྲ་ཛོ་ཀི་རྒྱལ་བ་གཉིས་པའི་ཞབས། །རིགས་ཀུན་ཁྱབ་བདག་འཇིགས་མེད་དབང་པོ་སོགས། །དངོས་དང་བརྒྱུད་པར་བཅས་པའི་བླ་མ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །དཀྱིལ་འཁོར་འཁོར་ལོའི་བདག་པོ་པད་དཀར་འཆང། །ནོར་བུ་འཛིན་དང་མུ་ཏིག་འཛིན་པ་སོགས། །སེམས་དཔའ་བཞི་དང་སྒོ་མཚམས་ལྷ་མོ་བརྒྱད། །རབ་འབྱམས་ལྷ་ཡི་འཁོར་ལོ་མཐའ་དག་ལ། །ལེགས་ཚོགས་ཞེས་པ་ནས། གདུལ་བྱའི་བློ་དང་སྐལ་བ་ཇི་བཞིན་དུ། །རྒྱུད་སྡེ་བཞི་དང་འབྲེལ་བར་སྒྲུབ་ཚུལ་གྱིས། །ཡོ་གའི་རྒྱུད་དང་རྒྱུད་འགྲེལ་མན་ངག་སོགས། །བསྟན་དོན་ལམ་གྱི་རིམ་པར་བཅས་པ་ལ། །ལེགས་ཚོགས་ཞེས་པ་ནས། བསིལ་ལྡན་ར་བས་མཚན་པའི་ལྗོངས་འདི་སོགས། །མཐའ་དག་ཞིང་ན་ལྷ་མཆོག་འདི་ཉིད་ལ། །གཅིག་ཏུ་གུས་ཤིང་སྒྲུབ་པ་ལྷུར་ལེན་


GTD007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སྐྱེ་འཕགས་འདུས་པ་ཇི་སྙེད་མཆིས་པ་ལ། །ལེགས་ཚོགས་ཞེས་པ་ནས། ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཅེས་པ་ནས། བདེ་ལེགས་རྒྱུན་མི་འཆད་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་རེབ་ཚ་རྒྱལ་མོ་ནས་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ལྷ་བཅུ་གསུམ་མའི་སྒོ་ནས་མ་ཎི་སྒྲུབ་ཚུལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་གི་སྟེང་ནས་བྱེད་ཀྱིན་ཡོད་འདུག་པ་དེར་ཁ་སྐོང་གི་ཚུལ་དུ་བརྒྱུད་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་ཞིག་དགོས་ཚུལ་ལྷག་བསམ་རྣམ་དཔྱོད་ཡངས་པ་སྨན་པ་དཀོན་མཆོག་བསྟན་དར་གྱིས་བསྐུལ་བ་བཞིན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། གདུགས་དཀར་ལྷ་བཅུ་བདུན་མའི་བརྒྱུད་འདེབས་ནི། མཁྱེན་བརྩེ་ནུས་པའི་རྩིབས་སྟོང་རྫོགས་པ་ཡིས། །སྲིད་ཞིའི་གདུང་བ་ཀུན་སྐྱོབ་སྐྱབས་ཀྱི་ཕུལ། །མཆོག་གསུམ་འདུས་པ་བླ་མའི་ངོ་བོ་ཉིད། །བཅོམ་ལྡན་འདས་མ་འཕགས་མ་གདུགས་དཀར་ལ། །གསོལ་བ་འདེབས་སོ་ཉེར་འཚེ་ཀུན་ཞི་ཞིང། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །གསང་བའི་མཛོད་འཛིན་ཕྱག་ན་རྡོ་རྗེ་དང། །བསམ་གཏན་བཅུ་བ་ཙནྡྲ་གཽ་མིའི་ཞབས། །གྷི་ར་བ་ཏི་རྡོ་རྗེ་རྣོན་པོ་དང། །པདྨ་ལྕགས་ཀྱུ་རིན་ཆེན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཉེར་འཚེ་ཀུན་ཞེས་སོགས། ཛེ་ཏ་རི་དང་རྡོ་རྗེ་གདན་པ་གཉིས། །བ་རི་བ་དང་སྐྱུ་ར་ཨ་སྐྱབས་དང། །ས་ཆེན་ཀུན་སྙིང་གྲགས་པ་རྒྱལ་མཚན་ཞབས། །ག་སེར་བ་དང་བྱང་ཆུབ་དཔལ་བ་ལ། །གསོལ་བ་ཞེས་སོགས། འཇམ་དབྱངས་བཞི་ཐོག་པ་དང་ཨ་ཀ་ར། །དཀོན་མཆོག་ཚུལ་ཁྲིམས་གཞོན་ནུ་ཚུལ་ཁྲིམས་དང། །ཚུལ་རྒྱལ་བ་དང་བླ་མ་ངག་དབང་ལ། །ཡོན་ཏན་འོད་དང་སེངྒེ་རྒྱལ་མཚན་


GTD007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གསོལ་བ་ཞེས་སོགས། བསོད་ནམས་བཟང་པོ་ནམ་མཁའ་རྒྱལ་མཚན་དང། །མཁྱེན་རབ་རྡོ་རྗེ་ཤཱཀྱ་དོན་གྲུབ་དཔལ། །ཀུན་དགའ་ལེགས་གྲུབ་ཀུན་དགའ་ཆོས་གྲགས་དང། །མཆོག་ལེགས་རྡོ་རྗེ་མཁྱེན་རབ་བསྟན་འཛིན་ལ། །གསོལ་བ་ཞེས་སོགས། ངག་དབང་ལྷུན་གྲུབ་དམ་ཚིག་རྡོ་རྗེའི་ཞབས། །སྣང་བ་མཐའ་ཡས་བློ་བཟང་ཡེ་ཤེས་དང། །བློ་བཟང་རིག་གྲོལ་བློ་བཟང་ཆོས་འཕེལ་བ། །རྣལ་འབྱོར་དབང་ཕྱུག་བློ་བཟང་མཐའ་ཡས་ལ། །གསོལ་བ་ཞེས་སོགས། དཀོན་མཆོག་རྣམ་གསུམ་ཐུགས་རྗེ་གཅིག་བསྡུས་ནས། །འགྲོ་བའི་མགོན་མཛད་འཇིགས་མེད་དབང་པོ་དང། །དེ་ཡི་ལུང་རྟོགས་བསྟན་པའི་རྒྱལ་མཚན་འཛིན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་ཞེས་སོགས། བློ་ལྡན་ཚོགས་ལ་ཆོས་བཟང་ལྷའི་མདུན་སར། །ཐུབ་པས་ལེགས་བསྟན་རིག་སྔགས་བདེན་པའི་མཐུས། །ནད་རིམས་གདོན་སོགས་འཇིགས་པ་རྨེག་མེད་དུ། །ཞི་ནས་དགེ་ལེགས་རྒྱ་མཚོས་ཁྱབ་གྱུར་ཅིག །འདིའང་རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་གསུང་ངོ་།། སྨོན་ལམ་ནི། སྟོབས་བཅུ་མངའ་བ་ཐུབ་པའི་དབང་པོ་ཡིས། །མཐོན་མཐིང་གཙུག་ཏོར་བལྟར་མི་མངོན་པ་ལས། །ཉེ་བར་འཁྲུངས་པ་རྒྱལ་ཡུམ་གདུགས་དཀར་མོའ། །རྣལ་འབྱོར་ཚུལ་བཞིན་བསྒྲུབས་པའི་དགེ་ཚོགས་མཐུས། །དེང་ནས་བརྩམས་ཏེ་སྐྱེ་བའི་ཕྲེང་བ་རུ། །བར་མ་ཆད་པར་དལ་འབྱོར་རྟེན་བཟང་བརྒྱུད། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །སྐྱེས་བུ་གསུམ་གྱི་ལམ་ལ་སློབ་གྱུར་ཅིག །དགེ་ལེགས་འཕེལ།། །།


previousགྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་སྨོན་ཤིས།next