Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ།
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousའཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ།next

འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ།


GTD007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ་འཇམ་མགོན་དགྱེས་པ་སྐྱེད་བྱེད་བསྟོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།


GTD007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བྲལ་ཤེས་རབ་འོད་དཀར་སྣང་བས་མཐའ་འཛིན་མུན་པ་དྲུངས་ནས་ཕྱུང། །སྙིང་རྗེའི་རང་བཞིན་བསིལ་བའི་ཟེར་གྱིས་རང་ཉིད་གཅེས་འཛིན་ཚ་གདུང་བཅོམ། །ལུས་ཅན་ཕན་བདེའི་ལམ་བཟང་མ་ལུས་གསལ་བར་བྱེད་པས་མི་ངལ་བ། །སྨྲ་བའི་ཟླ་བ་འཇམ་དཔལ་དཔའ་བོ་དད་པའི་ཟུར་ཕུད་རྒྱན་དུ་རོལ།། དགའ་ཚལ་ཡིད་འོང་མཆོག་ཏུ་མཛེས་ཀྱང་དམུས་ལོང་སྐྱེ་བོས་མཐོང་མིན་ལྟར། །ཁྱོད་ཀྱི་གསང་གསུམ་ངོ་མཚར་རྨད་བྱུང་བདག་བློའི་སྤྱོད་ཡུལ་ག་ལ་ཞིག །འོན་ཀྱང་འཇམ་དབྱངས་བླ་མའི་ལེགས་གསུང་རྒྱུད་མངས་སྒྲ་ཡི་རྗེས་འབྲང་ནས། །བསྟོད་ཚིག་སྙན་པའི་གླུ་དབྱངས་ལེན་ལ་ཐུགས་རྗེ་ལྡན་ཁྱོད་ཡུད་ཙམ་དགོངས། །ཡོན་ཏན་མ་ལུས་རྩ་བ་ཤེས་རབ་དང། །ཤེས་རབ་མཆོག་སྦྱིན་ལྷ་མཆོག་ཁྱོད་ལས་ལྷག །མེད་ཅེས་ཚད་མའི་ལུང་གི་ལྕགས་ཀྱུ་ཡིས། །བདག་ཡིད་དབང་མེད་ཁྱོད་ཀྱི་ཕྱོགས་སུ་དྲངས། །ཡོན་ཏན་རིན་ཆེན་འབྱུང་གནས་གྲགས་པའི་དབྱངས། །ངང་པའི་རྒྱལ་པོ་ཀུན་གྱིས་སྙན་སྒྲོགས་ཀྱང་། །རང་དོན་ལ་གུས་ཆུ་སྐྱར་ཕྲུ་གུ་བདག །རེ་བའི་མགྲིན་པ་ཅུང་ཟད་འདེགས་ལ་སྤྲོ། །བསམ་སྦྱོར་དངོས་པོ་ཕུན་ཚོགས་ཚོགས་གཉིས་རྒྱ་མཚོའི་མཐར་སོན་པ། །ཐུགས་གསུང་སྐུ་དང་མཚན་དཔེ་དཔེ་ཟླ་མེད་པའི་ཞིང་ཁམས་སོགས། །ཡོན་ཏན་མ་ལུས་ལྷུན་རྫོགས་རྫོགས་སངས་རྒྱས་ལ་བསྔགས་པ་ཡིས། །རྙེད་དཀའ་དལ་བའི་


GTD007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འདི་འདི་དང་ཕྱི་མར་དོན་ཆེན་འགྱུར། །ཀེ་ལ་ཤ་ཡི་རི་བོ་ཁ་བའི་མདངས། །མ་དོར་ལྟེམ་གྱིས་ཞུ་བ་འཁྱིལ་བ་ལྟར། །དཀར་ཞིང་དྭངས་ལ་མཆོག་ཏུ་གསལ་བ་ཡི། །འོ་མའི་ཆུ་གཏེར་ཕ་མཐའ་ཡངས་པའི་ངོགས། །ལྷག་མར་ལུས་པའི་གངས་རིའི་དུམ་བུ་བཞིན། །གཉིས་འཐུང་དབང་པོའི་ཁྱུ་ཚོགས་དལ་གྱིས་རྒྱུ། །མཁའ་འགྲོའི་ཚོགས་ཀྱང་མགྲིན་རྔ་བརྡུང་བཞིན་དུ། །འཕུར་ལྡིང་རོལ་བའི་གར་གྱིས་ཀུན་དགའ་སྐྱོད། །མནྡ་ར་དང་ཀུ་མུ་ད་ལ་སོགས། །མདོག་ལེགས་འོད་འབར་དྲི་བཟང་རྫོགས་པ་ཡི། །མེ་ཏོག་རབ་རྒྱས་ཚལ་ན་བུང་བའི་འཕྲེང། །མྱོས་པའི་གླུ་དབྱངས་དྲི་ཟའི་འཇིག་རྟེན་མཚུངས། །བསུང་ཞིམ་གསེར་བུས་བསྐྱོད་པའི་རླབས་ཀྱི་འཕྲེང། །ཟླ་ཤེལ་མྱུ་གུ་གསར་བའི་སྤུ་ལོང་གཡོ། །ལྦུ་བ་རབ་དཀར་མུ་ཏིག་འཕྲེང་འཐོར་པ། །སྐར་ཚོགས་ཁྲུས་ཀྱི་རྫིང་བུར་རྩེན་པ་བཞིན། །མུ་མཐའ་ཡས་པའི་ཞིང་ཁམས་རབ་འབྱམས་ཀྱི། །མི་ཟད་སྣོད་བཅུད་འབྱོར་པའི་དཔལ་བསྡུས་ཏེ། །མེ་ལོང་དག་པའི་ངོས་ལ་འཇའ་ཚོན་བཞིན། །མ་འདྲེས་གསལ་བར་སྣང་བའི་ཡིད་བཞིན་མཚོར། །ཡིད་འོང་འདབ་སྟོང་བཞད་པའི་པདྨ་དཀར། །གསེར་མདོག་གེ་སར་འཕྲེང་བ་ལྡེམ་པའི་རྩེར། །ཉ་གང་ཟླ་བ་རྒྱས་པའི་མཎྜ་ལར། །སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པའི་བཅོམ་ལྡན་འདས། །མཚུངས་པ་མེད་པ་ལྷག་པའི་ལྷ་མཆོག་མཆོག་ཏུ་ཞི་བའི་ཉམས་ལྡན་ཞིང། །ཞིང་ཁམས་


GTD007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་སྐུ་ཡི་འོད་སྣང་སྣང་བྱེད་བདག་པོའི་དཀྱིལ་འཁོར་བཞིན། །བཞིན་བཟང་སྨིན་པའི་འཁྲི་ཤིང་གིས་མཛེས་མཛེས་སྡུག་ལང་ཚོའི་དཔལ་གྱིས་སྒེག །སྒེག་ཅིང་འཛུམ་ལ་དུལ་བའི་དཔལ་མངའ་མངའ་བདག་མཁྱེན་པའི་གཏེར་ལ་འདུད། །ཆུ་མཚམས་ལས་བརྒལ་ལྷུན་པོའི་ཤར་གྱི་ཕྱོགས། །ཆུ་ཤེལ་དྲི་མེད་རང་བཞིན་ངོས་ཡངས་ལྟར། །ཆེ་ཞིང་དྲང་ལ་ཆུ་ཞེང་གབ་པའི་སྐུ། །བྲང་ཡངས་ཐལ་གོང་རྒྱས་ཤིང་ཕྲག་པ་མཐོ། །འཇམ་མཉེན་གཞོན་ཤ་ཆགས་པའི་ཕྱག་ཞབས་ཀྱི། །སོར་མོ་ཟླུམ་རྒྱས་རིང་ཞིང་དྲ་བས་འབྲེལ། །གསལ་རྫོགས་འཁོར་ལོའི་རི་མོས་མཐིལ་མཛེས་ཤིང། །མ་བཏུད་པར་ཡང་ཕྱག་གིས་པུས་མོར་སླེབ། །གཡས་པ་མཆོག་སྦྱིན་བརྐྱངས་པས་རལ་གྲི་དང། །གཡོན་པ་ཆོས་འཆད་ཕྱག་རྒྱས་པུ་སྟ་ཀས། །མཚན་པའི་ཨུཏྤལ་སྡོང་བུ་ལེགས་བཟུང་ནས། །འགྲོ་ལ་ཡང་དག་ལམ་བཟང་མཚོན་པར་བྱེད། །ཕྱག་ཞབས་མཁྲིག་མའི་འབུར་དང་རྩ་མི་མངོན། །ལྟག་པའི་ཕྱོགས་སོགས་མ་རྙོང་ཀུན་ནས་མཉམ། །སྨེ་བ་གནག་བག་མེད་པ་པགས་པའི་མདོག །བཙོ་མའི་གསེར་བཞིན་གསལ་ལ་སྲབ་ཅིང་འཇམ། །ཉ་གང་ཟླ་ལྟར་རྒྱས་པ་དཔྲལ་བའི་དབྱིངས། །གནག་སྣུམ་སྤུ་མཉམ་སྨིན་ཚུགས་རིང་པོའི་དབུས། །ཐིག་ལེའི་གནས་ན་སྐྱུ་རུ་ར་ཡི་ཚད། །པ་སངས་ལྟར་དཀར་གཡས་འཁྱིལ་མཛོད་སྤུས་མཛེས། །སྙན་ཤལ་རིང་དུ་འཕྱང་ཞིང་མཉམ་པའི་རྩེར། །དྲི་བྲལ་ནོར་བུའི་རྣ་ལུང་འཁྲོལ་བའི་གཟ། །མཆོག་ཏུ་རྒྱས་པ་འགྲམ་པའི་མེ་ལོང་གི །ངོས་སུ་འཁྱུད་པའི་འོད་ཀྱི་རྩེ་དགའ་འཛིན། །གཟེངས་མཐོ་ཤངས་ཀྱི་རྒྱུད་ནི་


GTD007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་ཞིང་། །མཆུ་སྒྲོས་བིམྤའི་དགའ་ཚལ་ལྟ་ན་སྡུག །ཐགས་བཟང་བཞི་བཅུའི་ཚེམས་ཕྲེང་དཀར་ཞིང་མཉམ། །རོ་མཆོག་མྱོང་བའི་ལྗགས་མཉེན་སྲབ་ཅིང་རིང། །ནོར་བུ་མཐོན་མཐིང་བཞིན་དུ་དཀར་ནག་ཆ། །མ་འདྲེས་དམར་བའི་ར་རིས་དང་བྲལ་ཞིང། །ཨུཏྤལ་འདབ་ལྟར་ཡངས་པའི་དཀྱུས་རིང་སྤྱན། །ཕྱེད་དུ་ཟུམ་པ་ཞི་བའི་ལྟ་སྟངས་ཅན། །གདུགས་ལྟར་རྒྱས་པའི་དབུ་ལ་ཅོད་པན་དང། །རལ་པའི་ཐོར་ཅོག་རྩེ་ན་ནོར་བུའི་ཏོག །ཡིད་འོང་མགྲིན་པར་འཕྱང་བའི་དོ་ཤལ་སོགས། །རྒྱན་གྱི་བཀོད་པ་མཛེས་སྡུག་འགྲན་པ་བཞིན། །བྱིན་པ་ཟླུམ་ཞིང་ཞབས་མཉམ་རྟིང་པ་ཡངས། །གསང་གནས་རྟ་མཆོག་བཞིན་དུ་ནུབ་པ་སོགས། །མཛེས་པ་དམན་པའི་སྐྱོན་དང་ཀུན་བྲལ་ཡང། །རྣམ་བཀྲ་དར་གྱི་སྨད་གཡོགས་ཚུལ་བཞིན་འགོས། །མདོར་ན་བ་སྤུའི་ཁུང་བུ་རེ་རེ་ཞིང། །ལེགས་འཁྲུངས་གཡས་སུ་འཁྱིལ་ནས་གྱེན་ཕྱོགས་པའ། །སྐུ་ཡི་བ་སྤུ་གཅིག་གི་མཛེས་པའི་དཔལ། །སྲིད་གསུམ་མཚར་སྡུག་ཡོངས་ཀྱིས་མཚོན་མ་ཡིན། །ཚོགས་གཉིས་སྒྱུ་འཕྲུལ་འཕྲུལ་གྱི་བཟོ་བོས་ལེགས་བསྐྲུན་བསྐྲུན་ཟླ་མེད་པའི་སྐུ། །མཐོང་ཙམ་ཉིད་ལས་ལས་ཉོན་གདུང་སེལ་འགྲོ་ཀུན་ཀུན་དགའི་དཔལ་ལ་སྦྱོར། །དགེ་ལེགས་བརྒྱས་མཚན་མཚན་དཔེའི་དཔལ་འབར་འཇམ་དབྱངས་དབྱངས་ཅན་དགའ་མར་བཅས། །བདག་གི་སྙིང་ལ་ལ་འུར་བྱོན་ཏེ་བདག་བློ་བློ་གྲོས་གཏེར་དུ་མཛོད། །ཡོངས་སུ་དག་པའི་སེམས་ཉིད་མེ་ལོང་ངོས། །ཡིད་བྱེད་དད་པའི་པིར་གྱིས་བྲིས་པའི་གཟུགས། །ཡབ་གཅིག་མཁྱེན་གཏེར་དངོས་སུ་བཞེངས་པ་


GTD007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཡང་དག་ལམ་གྱི་སྣང་བ་རྟག་སྩོལ་ཅིག །ཚེ་རབས་ཀུན་ཏུ་འཇམ་མགོན་ལྷག་པའི་ལྷས། །ཚད་མེད་ཐུགས་རྗེའི་ཕྱག་གིས་ཡོངས་བཟུང་སྟེ། །ཚང་ལ་མ་ནོར་རྒྱལ་བའི་བསྟན་པ་ལ། །ཚུལ་བཞིན་སློབ་པའི་དགའ་སྟོན་མྱོང་གྱུར་ཅིག །དག་དང་མ་དག་ཞིང་ཁམས་རབ་འབྱམས་སུ། །གང་ལ་གང་འདུལ་སྤྲུལ་བའི་ཟློས་གར་གྱིས། །སྲིད་པ་ཇི་སྲིད་འགྲོ་བའི་དོན་མཛད་པ། །རྗེ་བཙུན་ཐུགས་རྗེ་ཆེ་ལྡན་སྐུ་ཐོབ་ཤོག །འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ་འཇམ་མགོན་དགྱེས་པ་སྐྱེད་བྱེད་བསྟོད་སྤྲིན་རྒྱ་མཚོ་ལས་སྐུ་ལ་བསྟོད་པའི་སྐབས་ཏེ་དང་པོའོ།། །།འཇམ་ཞིང་དུལ་བ་རྟེན་ཅིང་འབྲེལ་འབྱུང་གཏམ། །དབྱངས་སྙན་ཆོས་ཀྱི་དྲིལ་ཆེན་འཁྲོལ་བའི་སྒྲས། །འགྲོ་བ་གཏི་མུག་གཉིད་ལས་སློང་མཛད་པ། །ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་འདུད། །ཟབ་མོའི་དེ་ཉིད་ཉིད་ཀྱིས་གཟིགས་པ་ཇི་བཞིན་ལེགས་གསུང་གསུང་གི་འོད་ཟེར་གྱིས། །རྒྱལ་བའི་གསུང་རབ་རབ་འབྱམས་དགོངས་དོན་ཇི་བཞིན་གསལ་མཛད་མཛད་པ་ཀུན་གྱི་མཆོག །གདུལ་བྱའི་ལས་དབང་དབང་པོའི་རིམ་པ་ཇི་བཞིན་ཆོས་སྟོན་སྟོན་པ་བླ་ན་མེད། །བཀའ་དྲིན་ཆེས་ལྷག་ལྷག་པའི་ལྷ་ཁྱོད་ཇི་བཞིན་གདམས་ངག་ངག་ལ་དབང་འབྱོར་མཛོད། །ཁྱོད་གསུང་ཀུན་གྱི་ཁམས་བཞིན་འཇུག་པས་མཉེན། །ཐོས་པའི་མོད་ལ་ཡིད་བདེ་སྐྱེད་པས་འཇམ། །བརྗོད་དོན་རྨད་བྱུང་སྟོན་པས་ཡིད་དུ་འོང། །རྗོད་བྱེད་ཕུན་སུམ་ཚོགས་པས་ཡིད་དུ་འཐད། །ཇི་བཞིན་གཟིགས་ཏེ་གསུང་བས་རྣམ་པར་དང། །སྒྲིབ་པ་མེད་པར་གསུང་བས་དྲི་མ་མེད། །གོ་སླའི་ངག་གིས་འདོམས་


GTD007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འོད་གསལ་ཞིང། །ལྟ་ངན་འཇོམས་པའི་སྟོབས་ལྡན་སྙན་ལ་འཇེབས། །བཀའ་བསྒྲུབས་ངེས་པར་ཐར་བྱེད་མཉན་པར་འོས། །ཕ་རོལ་རྒོལ་པས་གླན་ཀ་མི་ཚུགས་ཤིང། །གནས་སྐབས་སུ་ཡང་དགའ་བ་སྐྱེད་པས་སྙན། །ཉོན་མོངས་གདུལ་ཕྱིར་གཏན་དུ་ཕན་པས་དུལ། །སྦྱོར་བ་འཇམ་པོས་དགྲོལ་བས་མི་རྩུབ་ཅིང། །ཕྱིར་འཆོས་ཐབས་སོགས་སྟོན་པས་མི་བརླང་ལ། །རིགས་ཅན་གསུམ་ཆར་འདྲེན་པས་རབ་ཏུ་དུལ། །གཞན་ཡིད་འཕྲོག་པར་བྱེད་པས་རྣ་བར་སྙན། །ཤིན་སྦྱང་བདེ་བ་འདྲེན་པས་ལུས་ཚིམ་ལ། །ལྷག་མཐོང་ཤེས་རབ་སྐྱེད་པས་སེམས་ཚིམ་ཞིང། །ཐེ་ཚོམ་ཟུག་རྔུ་འབྱིན་པས་སྙིང་ཚིམ་སྟེ། །མ་རྟོགས་ལོག་རྟོག་སེལ་བས་བདེ་དགའ་བསྐྱེད། །གདམས་དོན་འབྲས་བུས་མི་བསླུ་གདུང་བ་མེད། །ཐོས་བྱུང་བློ་རྒྱས་ཀུན་ཏུ་ཤེས་པར་བྱ། །བསམ་པས་སྒྲོ་འདོགས་གཅོད་ཕྱིར་རྣམ་རིག་བྱ། །དཔེ་མཁྱུད་མེད་པར་སྟོན་པས་རྣམ་པར་གསལ། །ཐེག་གསུམ་འབྲས་བུ་འགྲུབ་མཐོང་དགའ་བྱེད་ལ། །བྱིས་པ་རྣམས་ཀྱང་ཚུལ་དེས་མངོན་དགར་བྱེད། །བསམ་གྱིས་མི་ཁྱབ་གནས་ཀུན་ཤེས་བྱེད་ཅིང། །ཕུང་སོགས་བསམ་བྱའི་ཆོས་ཀུན་རྣམ་རིག་བྱེད། །རྣམ་གསུམ་ཚད་མས་གནོད་བྲལ་རིགས་ཤིང་འཐད། །སྣོད་དང་འཚམ་པར་སྟོན་ཕྱིར་སྐབས་དང་འབྲེལ། །རྣམ་གྲངས་དོན་ལྡན་ཟློས་པའི་སྐྱོན་དང་བྲལ། །མུ་སྟེགས་ཀླད་འགེམས་སེང་གེའི་སྒྲ་དང་མཚུངས། །ཡངས་ཤིང་འཛེར་བ་མེད་པ་གླང་པོའི་སྐད། །བརྗིད་ཅིང་ཆེ་ལ་ཀུན་ཁྱབ་འབྲུག་གི་སྒྲ། །འཇེབས་ཤིང་བཙུན་པ་གདེངས་ཅན་བདག་པོའི་


GTD007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག །སྒྲ་སྐད་ཀུན་ལས་སྙན་པ་དྲི་ཟའི་གླུ། །རྒྱུན་ཆགས་སྙན་འགྱུར་ཀ་ལ་པིངྒའི་གདངས། །རྒྱུན་མི་འཆད་པར་གྲགས་པ་ཚངས་པའི་དབྱངས། །ཤིས་པའི་དཔལ་སྟེར་ཤང་ཤང་ཏེ་འུའི་དངགས། །གཞན་གྱིས་འདའ་བར་མི་ནུས་དབང་པོའི་བཀའ། །ཀུན་ལས་རྣམ་པར་རྒྱལ་བས་རྔ་སྒྲ་སྟེ། །གཞན་གྱིས་བསྟོད་ཀྱང་རློམ་པས་ཁེངས་པ་མེད། །སྨན་པ་ཡིས་ཀྱང་དམན་ཞིང་ཞུམ་མི་འགྱུར། །ཇི་བཞིན་ལུང་སྟོན་སྒྲ་ཀུན་རྗེས་སུ་འཇུག །བསྙེལ་བ་མེད་པས་ཚིག་གི་ཟུར་ཕྱིན་ཅིང། །གཞན་ཕན་ཐབས་ཀྱི་རྣམ་པ་མ་ཚང་མེད། །མི་འཇིགས་བཞི་དང་ལྡན་པས་མི་ཞུམ་ཞིང། །རྙེད་དང་བཀུར་སྟིའི་རོ་ལ་ཞེན་པ་སྤངས། །འཆད་ལ་སྐྱོ་ངལ་མེད་པས་རབ་ཏུ་དགའ། །རིག་ནས་མ་ལུས་སྟོན་པས་ཀུན་ཏུ་ཁྱབ། །གཞན་ཕན་དོན་ཀུན་ཚགས་སུ་ཚུད་ཅིང་ཆུབ། །བར་མ་ཆད་དུ་གསུང་བས་རྒྱུན་ཆགས་འབྱུང། །མིང་ཚིག་རྣམ་པ་དུ་མ་སྟོན་པས་འབྲེལ། །འགྲོ་ཀུན་སོ་སོར་གོ་བས་སྒྲ་ཀུན་རྫོགས། །ཁམས་བཞིན་དད་སོགས་དབང་པོ་ཀུན་ཚིམ་བྱེད། །གསུང་བཞིན་འགྲུབ་པར་འགྱུར་བས་སྨད་པ་མེད། །འདུལ་བའི་དུས་ལས་གཞན་དུ་མི་འགྱུར་ཞིང། །མཆོག་ཏུ་བརྟན་པས་རིངས་ཤིང་བརྟབས་པ་མེད། །གདུལ་འོས་འཁོར་ཚོགས་ཉེ་རིང་མེད་པར་ཐོས། །སྲིད་པའི་འཆིང་བ་འདོད་ཆགས་ཞི་བར་བྱེད། །ལེགས་ཚོགས་འཇོམས་པའི་ཞེ་སྡང་དགྲ་བོ་འདུལ། །ཀུན་ཏུ་རྨོངས་པའི་གཏི་མུག་མུན་པ་སེལ། །བདུད་ཀྱི་དཔུང་ཚོགས་མཐའ་དག་ཕམ་པར་བྱེད། །རྣམ་མང་དཔེས་མཚོན་རྣམ་ཀུན་མཆོག་དང་ལྡན། །མདོར་ན་དབྱངས་ཀྱི་ཡན་ལག་ཀུན་ཚངས་ཚངས་པའི་དབྱངས་ལྟར་སྙན་པའི་གསུང། །གསུང་གཅིག་གིས་ཀྱང་གདུལ་


GTD007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཐ་དད་དད་བརྩོན་བློ་ཡི་རིམ་པ་ལྟར། །ལྟར་སྣང་ལམ་ལས་བཟློག་ནས་ཆོས་གང་གང་ལ་འཚམ་ཞིང་ཕན་བྱེད་དེ། །དེ་དང་དེ་ལ་ཉེ་བར་སྟོན་ཡང་ཡང་དག་མཐའ་ལས་ལྡང་བ་མེད། །རྣམ་འདྲེན་སྐུ་ཡི་ཆ་ཤས་ཀུན་ནས་འབྱུང་། །རྣམ་མང་འགྲོ་བས་རང་རང་སྐད་དུ་ཐོས། །རྣམ་ཀུན་ཆད་མེད་སྒྲོགས་ཀྱང་འབད་རྩོལ་གྱི། །རྣམ་རྟོག་མི་མངའ་ལྷ་ཡི་རྔ་བཞིན་གྲགས། །རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར། །རྟག་པར་ཁྱོད་གསུང་བདུད་རྩིའི་བཅུད་མྱང་སྟེ། །རྟག་ཆད་ལྟ་བའི་གཡང་ས་ཀུན་སྤངས་ནས། །རྟག་བརྟན་ཐར་པའི་གྲོང་དུ་འཇུག་གྱུར་ཅིག །འཆད་རྩོད་རྩོམ་ལ་མི་འཇིགས་སེང་གེའི་སྒྲས། །སྨྲ་ངན་གླང་པོ་སྟོང་གི་ཀླད་འགེམས་ཤིང། །ཐུབ་བསྟན་གངས་ཀྱི་རི་སུལ་སྐྱོང་ནུས་པ། །མཁས་མཆོག་གདོང་ལྔའི་དབང་པོར་བདག་གྱུར་ཅིག །ཇི་སྲིད་སྲིད་པའི་འཁོར་ལོ་སྟོངས་མིན་པར། །དེ་སྲིད་སྲིད་གསུམ་བླ་མ་ཁྱོད་བཞིན་དུ། །སྣང་སྲིད་སྲིད་པ་བདེན་སྟོང་སྒྱུ་མའི་གླུས། །སྲིད་འགྲོ་དབུགས་འབྱིན་གསུང་གི་དཔལ་ཐོབ་ཤོག །འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ་འཇམ་མགོན་དགྱེས་པ་སྐྱེད་བྱེད་བསྟོད་སྤྲིན་རྒྱ་མཚོ་ལས་གསུང་ལ་བསྟོད་པའི་སྐབས་ཏེ་གཉིས་པའོ།། །།ཟླ་འོད་འབུམ་གྱིས་བྱུགས་པའི་གངས་ཀྱི་ར། །འོ་མའི་ཆུ་གཏེར་དབུས་ན་གསལ་བ་བཞིན། །ཡིད་འོང་སྐུ་ཡི་རྣམ་པ་དྲན་པས་ཀྱང། །ཡིད་ཀྱི་གདུང་སེལ་ལྷག་པའི་ལྷ་དེས་སྐྱོངས། །གཏིང་ཟབ་འཁོར་བའི་རྒྱ་མཚོ་སྡུག་བསྔལ་མི་བཟད་རྦ་ཀློང་འཁྲུགས་པའི་གཏིང། །མཚུངས་མེད་བླ་མ་ཁྱོད་དང་བདག་ཅག་སྔོན་ཚེ་ལྷན་ཅིག་འཁྱམས་པར་མཚུངས། །དེ་ནས་


GTD007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ནི་སྙིང་རྗེའི་མཐུ་བརྟས་རང་དོན་འཁྲི་བ་ཀུན་བཅད་དེ། །རྫོགས་བྱང་སྒྲུབ་ལ་གཅིག་ཏུ་གཞོལ་བས་རྒྱལ་སྲས་སྤྱོད་པ་ཡོངས་སུ་རྫོགས། །བདག་ཅག་འདི་ན་ད་དུང་རྨི་ལམ་ཚུན། །རང་བདེ་འདོད་པས་དེ་ཕྱིར་ཆེས་ངལ་ཡང། །སྡུག་བསྔལ་གཡང་ས་བརྒྱུད་མར་ལྷུང་བ་ཡིས། །འཁོར་བའི་གཏིང་རྡོར་གྱུར་འདི་རྨོངས་པས་བསླུས། །རང་གི་བདེ་ལ་ཞེན་པའི་ཉན་རང་རྣམས། །བདག་མེད་གཉིས་ཀྱི་དོན་ཙམ་མཐོང་ན་ཡང། །རླབས་ཆེན་སྤྱོད་དང་རྗེས་སུ་མ་འབྲེལ་བས། །འབྲས་བུ་སྤངས་རྟོགས་ཉི་ཚེ་ཙམ་དུ་གྱུར། །ཐབས་མཆོག་སྙིང་རྗེའི་ཆབ་དང་མ་བྲལ་བར། །ཐོས་བསམ་སྒོམ་པའི་གདར་གྱིས་བརྡར་བ་ཡིས། །སྒྲིབ་གཉིས་འཆིང་བ་གཅོད་པའི་རྣོ་རྒྱུན་ཅན། །ཤེས་རབ་རལ་གྲིའི་ཕྱག་མཚན་ཁྱོད་ཀྱིས་བརྙེས། །འཁྲུལ་སྣང་སྲིན་པོའི་འབག་གིས་བྱིས་པ་རྣམས། །འཇིགས་སྐྲག་སྐྱེད་པའི་ཀུན་རྟོག་ཐོ་ཅོ་མཁན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་མཚོན་རྣོན་གྱིས། །བསྒྲལ་ཏེ་སྐུ་བཞིའི་རྒྱལ་སྲིད་ཁྱོད་ཀྱིས་བཟུང། །ཁྱོད་ཐུགས་དབྱིངས་ཀྱི་མཁའ་ལས་མི་གཡོ་བས། །ཇི་སྙེད་འཛིན་མའི་ཁྱོན་གསལ་ཉི་མ་བཞིན། །མཉམ་རྗེས་རེས་འཇོག་གྱུར་ན་སྒྲོན་མ་ལྟར། །ཕྱོགས་རེ་ཙམ་ལས་ཀུན་མཁྱེན་ག་ལ་སྲིད། །སྲིད་དང་ཞི་བར་ཀུན་ཏུ་རོ་མཉམ་མཉམ་རྗེས་དབྱེར་མེད་མ་འདྲེས་ཆོས། །ཆོས་ཉིད་དོན་གཟིགས་སྒྲིབ་བྲལ་ཡེ་ཤེས་ཤེས་བྱའི་དཀྱིལ་འཁོར་ཀུན་ཏུ་ཁྱབ། །ཁྱབ་བདག་དཔལ་ལྡན་བདུད་བཞི་ལས་རྒྱལ་རྒྱལ་སྲས་ཚུལ་འཛིན་འགྲོ་བའི་མགོན། །མགོན་ཁྱོད་སྲིད་ཞིའི་མཐའ་ལ་མི་གནས་གནས་མེད་གནས་དེ་གནས་པའི་མཆོག །རང་བཞིན་སྟོང་པ་ཁོ་ནའི་རྒྱུ་མཚན་གྱིས། །མཐུན་པའི་རྒྱུ་ལས་འབྲས་འབྱུང་


GTD007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཉིད་དང། །བཟློག་པ་གནས་མིན་རྟེན་འབྱུང་མི་བསླུའི་དོན། །གཟིགས་འདི་མཁྱེན་པ་རྨད་བྱུང་ཀུན་གྱི་གཞ། །དཀར་ནག་ལས་ཀྱི་རྣམ་སྨིན་མ་འདྲེས་ཤིང། །ཆུད་མི་ཟ་བར་གཟིགས་ནས་འགྲོ་བ་རྣམས། །དགེ་བཅུའི་ཁྲིམས་ཀྱིས་ངན་འགྲོའི་གཡང་ས་ལས། །སྒྲོལ་མཛད་ལོང་བའི་ཚོགས་ཀྱི་ས་མཁན་བཞིན། །བསམ་གཏན་གཟུགས་མེད་སོགས་ཀྱི་སྙོམས་འཇུག་ལ། །བཀོད་ནས་འདོད་པ་ལས་འདས་ཆགས་བྲལ་གྱི། །ཏིང་འཛིན་བདེ་བས་གནས་སྐབས་ཚིམ་མཛད་པ། །དབུལ་པོའི་རེ་སྐོང་གཏོང་བའི་མངའ་བདག་བཞིན། །ཐར་འདོད་དབང་པོ་རྣོ་རྟུལ་རིམ་པ་བཞིན། །བརྗོད་བྱ་ཕྲ་རགས་རྗོད་བྱེད་རྒྱས་བསྡུས་སུ། །སྟོན་པས་ཡོངས་སུ་འཛིན་མཁས་དགེ་བའི་བཤེས། །མཛངས་པའི་མ་ཡིས་བུ་གཅེས་སྐྱོང་བ་བཞིན། །འཕྲལ་ལ་མངོན་གྱུར་སྤྱོད་པ་ཙམ་མིན་པར། །གང་ལ་མོས་པའི་ཤུགས་ལྡན་དེར་གཟིགས་ནས། །འདོམས་ཕྱིར་ཆེས་ཆེར་ཕན་པའི་དོན་འགྱུར་བ། །གབ་ཚད་སེལ་བའི་འཚོ་བྱེད་མཁས་པ་བཞིན། །ཉན་རང་སོགས་ཀྱིས་མཐོང་མིན་ཆེས་ཕྲ་བ། །མཐའ་ཡས་འགྲོ་བའི་ཁམས་རྣམས་མངོན་སུམ་དུ། །གཟིགས་ཕྱིར་སྐྱོབ་པའི་དུས་ལས་མི་འདའ་བ། །ས་འོག་གཏེར་མཐོང་ལྷ་ཡི་མིག་ལྡན་བཞིན། །ལམ་ངན་གོལ་བ་མཐའ་དག་རིང་སྤངས་ཏེ། །ཐེག་གསུམ་ཐར་པར་འཇུག་དང་བགྲོད་པའི་ལམ། །ཇི་བཞིན་སྟོན་མཛད་རིགས་ཅན་གསུམ་གྱི་མགོན། །ནོར་བུའི་གླིང་དུ་འཁྲིད་པའི་དེད་དཔོན་བཞིན། །སྔོན་ཚེ་མུ་མེད་སྐྱེ་བའི་འཕྲེང་བ་རུ། །གནས་ལུས་ལོངས་སྤྱོད་མཐོ་དམན་ཇི་སྙེད་


GTD007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བླངས་ཤིང་དོར་ཏེ་ཡིད་བརྟན་མེད་པ་ཡི། །རྣམ་པས་སྐྱོ་བྱེད་ལས་ཀྱི་མེ་ལོང་བཞིན། །སྲིད་པ་ཡ་ངའི་འབྲོག་ཏུ་བག་མེད་པར། །འཁྱམས་རྣམས་རྨོངས་པའི་གདོན་དང་དབྱེ་བྱས་ཏེ། །ཕྱི་མའི་རྣམ་སྨིན་དྲག་པོའི་འཇིགས་བསྟན་ནས། །ཟློག་བྱེད་སྨྱོ་འབོག་སེལ་བའི་སྔགས་མཁན་བཞིན། །ལས་ཉོན་ཟག་པས་བཅིངས་པའི་ཉམ་ཐག་འགྲོར། །གདམས་དང་རྗེས་བསྟན་གསུང་གིས་རེག་པ་ཡིས། །ཟག་ཟད་སྲིད་གསུམ་བླ་མ་ལྷ་ཡི་སྐུར། །སྒྱུར་བར་བྱེད་པ་བརྒྱ་བྱིན་གཙུག་ཏོར་བཞིན། །དེ་ལྟར་གནས་དང་གནས་མིན་ལས་རྣམ་སྨིན་དང་སྙོམས་འཇུག་མཁྱེན་སྟོབས་གསུམ། །དབང་མོས་ཁམས་དང་ཀུན་འགྲོ་སྔོན་དང་ཕྱི་མཐའ་ཟག་ཟད་མཁྱེན་སྟོབས་བདུན། །རིམ་བཞིན་མངོན་མཐོ་ངེས་ལེགས་སྟེར་བས་ཁྱོད་བཞེད་འགྲོ་དོན་དེར་ངེས་ཤིང། །དེ་ཉིད་གེགས་མེད་ངེས་པར་སྒྲུབ་ནུས་དེ་ཕྱིར་སྟོབས་ཞེས་གཙོ་བོར་བསྔགས། །ཐབས་དང་སྐྱབས་དང་དག་པ་ཐེག་མཆོག་ལས། །སླུ་བར་བྱེད་པའི་བདུད་རྣམས་འཇོམས་པ་ཡི། །སྐྱེས་བུ་གསུམ་གྱི་དོན་བྱེད་སྟོབས་ཡིན་ཞིང། །སྒྲིབ་གསུམ་འཇོམས་པའི་རྡོ་རྗེའང་སྟོབས་ཡིན་ནོ། །དེ་བཞིན་འཆད་བྱ་འཆད་བྱེད་སོ་སོ་རིག །སྤངས་རྟོགས་ཀུན་ལ་བསྙེང་བྲལ་མི་འཇིགས་བཞ། །སྤྱོད་དང་རྟོགས་དང་ཡེ་ཤེས་འཕྲིན་ལས་ཏེ། །བཅོ་བརྒྱད་ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །སྲུང་མེད་གསུམ་དང་དྲན་པ་ཉེར་བཞག་གསུམ། །གཞན་ཕན་དུས་ལས་མི་གཡེལ་ཐུགས་རྗེ་ཆེ། །རྟག་ཅིག་ལྷུན་གྲུབ་སྨོན་གནས་མཁྱེན་པ་དང་། །འགྲོ་བའི་འཆིང་གཅོད་ཉོན་མོངས་མེད་པ་སོགས། །ཤེས་བྱ་ཀུན་ལ་ཁྱབ་པའི་མཁྱེན་པ་དང། །ལུས་ཅན་ཡོངས་ལ་རྗེས་བརྩེའི་སྙིང་རྗེའི་སེམས། །དེ་ཡི་རྒྱུ་


GTD007_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མཁའ་ཁྱབ་འཕྲིན་ལས་བཅས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསམ་མི་ཁྱབ། །འོད་གསལ་ཡེ་ཤེས་ཤེས་རབ་རལ་གྲི་བདེན་སྟོང་སྟོང་པའི་དབྱིངས་སུ་གདེངས། །འགྲོ་ལ་རྗེས་ཆགས་ཆགས་པ་ཆེན་པོའི་རང་བཞིན་བཞིན་ལག་གར་གྱིས་རྩེན། །བརྟན་གཡོ་མཐའ་དག་དག་པའི་འཁོར་ལོར་སྡོམ་མཛད་མཛད་པ་མཐའ་ཡས་ཏེ། །བདེ་ཆེན་ཉག་གཅིག་གཅིག་ལས་དུ་མའི་གར་རོལ་རོལ་རྩེད་སུ་ཡིས་དཔོག །ཀུན་མཁྱེན་མཁྱེན་རབ་རབ་གསལ་ཉི་མའི་འོད། །གང་ཐུགས་ཐུགས་རྗེས་རྗེས་ཆགས་ཟླ་བའི་ཟེར། །བསྟོད་དབྱངས་དབྱངས་སྙན་སྙན་དགུར་འཁྲོལ་བ་ཡིས། །འགྲོ་ཀུན་ཀུན་མཁྱེན་མཁྱེན་བརྩེའི་དཔལ་ཐོབ་ཤོག །མཐའ་ཡས་ཞིང་དུ་བཞུགས་པའི་རྒྱལ་རྣམས་ལས། །མཐའ་བྲལ་དེ་ཉིད་གདམས་པའི་བཅུད་མྱང་སྟེ། །མཐུ་ཆེན་རྒྱལ་སྲས་ཚོགས་ཀྱི་རྣམ་ཐར་དང། །མཐུན་པར་ཚོགས་གཉིས་སྤྱོད་པ་མཐར་ཕྱིན་ཤོག །གཟུངས་སྤོབས་ཏིང་འཛིན་མངོན་པར་ཤེས་པ་སོགས། །ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས་གྱུར་ཏེ། །ཟད་མེད་ལེགས་བཤད་བདུད་རྩིའི་འོད་སྣང་གིས། །ལུས་ཅན་སྙིང་གི་གདུང་བ་སེལ་གྱུར་ཅིག །འཇིགས་མེད་ཟླ་དང་བྲལ་བའི་རྣམ་དཔྱོད་ཀྱི། །དཔུང་པ་སྙིང་སྟོབས་བཙན་པོའི་ཤུགས་འཆང་བས། །འཁྲུལ་བྲལ་བློ་བཟང་རྒྱལ་བའི་མདོ་སྔགས་ཀྱི། །བསྟན་པའི་རྒྱལ་མཚན་རྟག་ཏུ་བསྒྲེང་གྱུར་ཅིག །འཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ་འཇམ་མགོན་དགྱེས་པ་སྐྱེད་བྱེད་བསྟོད་སྤྲིན་རྒྱ་མཚོ་ལས་ཐུགས་ལ་བསྟོད་པའི་སྐབས་ཏེ་གསུམ་པའོ།། །།ཕྱོགས་བཅུའི་ཞིང་ན་མཐའ་


GTD007_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་རྒྱལ་བས་རྒྱུན་ཆད་མེད་པར་རབ་བསྔགས་པ། །གང་གི་སྙན་པས་འཇིག་རྟེན་གསུམ་བཀང་འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །གང་དེའི་ཡོན་ཏན་ཅུང་ཟད་གུས་པས་བརྗོད་པའི་བསྟོད་སྤྲིན་རྒྱ་མཚོ་འདི། །གང་ཞིག་འཛིན་ཅིང་ཀློག་པ་དེ་ཡི་ཡིད་ལ་འཇམ་དབྱངས་མྱུར་འཇུག་ཤོག །ཅེས་པ་འདི་ནི་དད་བརྩོན་བློ་གྲོས་དང་ལྡན་པ་བསོད་ནམས་བཟང་པོས་ལྷ་མཆོག་འདི་ལ་བསྟོད་པ་རྒྱས་པ་རྗེ་བླ་མའི་གསུང་གི་བསྟོད་སྤྲིན་རྒྱ་མཚོ་ལྟ་བུ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བར་བརྟེན། ཚིག་དོན་གང་ཐད་ནས་དེའི་ཕྱོགས་སུ་འགྲོ་བ་ཙམ་འོང་བའི་རེ་བ་ག་ལ་ཡོད་ཀྱང་། མཁའ་ལྡིང་དབང་པོས་བགྲོད་པའི་ཤུལ་དུ་བྱེའུས་རྩོལ་བ་ལྟར་དམ་པའི་རྗེས་སུ་ཁ་མིག་ཡར་བལྟས་པ་ལ་གཞན་གྱིས་འཕྱས་གདགས་པའི་དོན་མེད་ཅིང་རང་ཉིད་སྐལ་བ་བཟང་པོའི་རྟེན་འབྲེལ་དུ་བསམས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སུག་བྲིས་བགྱིས་པ་ལས་ཤོག་བུར་འབེབས་པ་བོ་ནི་བི་ཀྵུ་རཏྣ་ཨཱ་ནནྟའོ། །འདིའང་རང་གཞན་ཀུན་གྱི་རྒྱུད་ལ་གནས་ལུགས་རྟོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་བའི་རྒྱུར་གྱུར་ཅིག། །།


previousའཕགས་མཆོག་འཇམ་དཔལ་དཀར་པོ་ལ་བསྟོད་པ།next