Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ཟུང་ལྡན་གྱི་སྒོ་ནས་བསྟན་པ།
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousམདོ་སྔགས་ཀྱི་ལམ་ཡོངས་རྫོགས་ཟུང་ལྡན་གྱི་སྒོ་ནས་བསྟན་པ།next

མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ཟུང་ལྡན་གྱི་སྒོ་ནས་བསྟན་པ།


GTD007_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ཟུང་ལྡན་གྱི་སྒོ་ནས་བསྟན་པ་རྒྱལ་བ་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།


GTD007_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་དབྱངས་ཅན་བཅས་ལ་གུས་བཏུད་ནས། །གསུང་རབ་རབ་འབྱམས་ཀུན་གྱི་དགོངས་པའི་དོན། །སྙན་ཚིག་ཚིག་འཕྲེང་ཉུང་ངུར་སྤེལ་བ་ཡིས། །མདོ་རྒྱུད་རྒྱུད་མངས་འཁྲོལ་བའི་དབྱངས་སུ་ལེན། །ལེགས་ཚོགས་ཚོགས་གཉིས་འབྲས་བུར་བཅས་པ་ཡི། །འབྱུང་གནས་གནས་སྐབས་མཐར་ཐུག་དུས་ཀུན་གྱི། །སྐྱབས་མཆོག་མཆོག་གསུམ་འདུས་པའི་ངོ་བོ་ཉིད། །བླ་མ་མ་བཅོས་དད་པས་ཚུལ་བཞིན་བསྟེན། །འདོད་གཟུགས་གཟུགས་མེད་ཀུན་ཏུ་འཁྱམས་ན་ཡང། །ཆོས་ཚུལ་ཚུལ་བཞིན་སྒྲུབ་པའི་དལ་འབྱོར་རྟེན། །རྙེད་དཀའ་དཀའ་བ་བརྒྱ་ཡིས་བསྒྲུབས་ན་ཡང། །མྱུར་དུ་དུ་མའི་རྐྱེན་གྱིས་འཇིག་པར་ངེས། །ངན་སོང་སོང་ཚེ་འགྱོད་ཀྱང་བྱར་མེད་པས། །དེ་ལས་ལས་འབྲས་བླང་དོར་ཤེས་དུས་འདིར། །བདག་བདེ་བདེ་འགྲོའི་གོ་འཕང་དོན་གཉེར་གྱིས། །སྐྱབས་འགྲོ་འགྲོ་བ་བཞི་བྲལ་ལ་འབད་དེ། །ཕྱི་མ་མ་གིར་མི་འགྲོའི་གདེང་ཚད་ཅིག །གང་སྐྱེས་སྐྱེས་བུ་ཆུང་ངུའི་ཡང་རྩེ་ཡིན། །ཇི་སྲིད་སྲིད་པའི་རྩ་བ་མ་ཆོད་པ། །དེ་སྲིད་སྲིད་འདིར་བདེ་བའི་སྐབས་མེད་པས། །སྲིད་ལ་ལ་འུར་འཇིགས་ཤིང་སྐྲག་པ་ཡིས། །དེ་སྤོང་སྤོང་བདུན་ཁྲིམས་ལ་ལེགས་གནས་ཏེ། །ཉེར་ཞི་ཞི་བདེ་གཙོ་བོར་སྒྲུབ་འདོད་ཀྱི། །བློ་སྐྱེས་སྐྱེས་བུ་འབྲིང་གི་ལམ་དུ་བཤད། །སྲིད་འདི་འདི་ལྟར་ཐོག་མ་མེད་ནས་མྱུལ། །ཕ་མ་


GTD007_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་སེམས་ཅན་འགའ་ཡང་མེད། །དེས་ན་ན་འཆི་སྲིད་པའི་རྒྱ་མཚོ་ལས། །འགྲོ་ཀུན་ཀུན་མཁྱེན་ཐར་པའི་གྲོང་མཆོག་ཏུ། །འཁྲིད་ཕྱིར་ཕྱིར་མི་ལྡོག་པའི་སེམས་བསྐྱེད་མཆོག །ནམ་སྐྱེས་སྐྱེས་བུ་ཆེན་པོའི་གྲངས་སུ་ཚུད། །གཞན་ཕན་ཕན་སེམས་ཙམ་གྱིས་མི་འགྲུབ་པས། །བྱ་དཀའ་དཀའ་བ་བརྒྱ་ཕྲག་སྤྱོད་དགོས་ལ། །དེ་ཡང་ཡང་དག་ལམ་གྱི་སྤྱི་སྡོམ་ན། །བདོག་ཀུན་ཀུན་འཛིན་མེད་པ་སྦྱིན་པའི་མཆོག །ངང་ཚུལ་ཚུལ་དང་མཐུན་པ་ཁྲིམས་ཀྱི་མཆོག །དགྲ་གཉེན་གཉེན་དུ་སྙོམས་པ་བཟོད་པའི་མཆོག །བྱ་བར་བར་གཅོད་མི་ཚུགས་བརྩོན་པའི་མཆོག །ཏིང་འཛིན་འཛིན་མེད་གསལ་སྟོང་བསམ་གཏན་མཆོག །བདེན་ཞེན་ཞེན་ཡུལ་དྲུངས་ཕྱུང་ཤེས་རབ་མཆོག །སྙིང་རྗེས་རྗེས་སུ་ཆགས་པ་ཐབས་མཆོག་བཅས། །ཐེག་ཆེན་ཆེན་པོ་བདུན་ལྡན་ལམ་བཟང་ལ། །འབད་དེ་དེ་ནི་རྒྱལ་བའི་གཞུང་ལམ་ཡིན། །དེ་ཚེ་ཚེ་གཅིག་ཉིད་ལ་རྫོགས་སངས་རྒྱས། །སྒྲུབ་རྣམས་རྣམ་དག་དབང་ཐོབ་དམ་ཚིག་བསྲུང། །ཟབ་ལམ་ལམ་བཟང་བསྐྱེད་རྫོགས་གཉིས་སོགས་ལ། །གོ་རིམ་རིམ་པ་བཞིན་དུ་སློབ་པ་གཅེས། །འོད་གསལ་གསལ་བར་འཆར་བའི་ལུས་ཀྱི་གནད། །མཐར་ཐུག་ཐུགས་ཀའི་རྩ་མདུད་རྫོགས་པར་གྲོལ། །སྤྲོས་ཀུན་ཀུན་གསལ་དབྱིངས་སུ་ཞི་བ་ན། །ངེས་དོན་དོན་དམ་བདེན་


GTD007_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པ་ཡིན། །ལུས་ཀུན་ཀུན་ད་ཞུ་བའི་བདེ་ཆེན་གྱིས། །ཁྱབ་ལས་ལས་རླུང་རྒྱུ་བ་ཀུན་འགགས་ཏེ། །གང་སྣང་སྣང་སྟོང་ལྷ་མི་འཁོར་ལོ་རུ། །ཤར་ཀུན་ཀུན་རྫོབ་བདེན་པའི་རིམ་པ་ཡིན། །བདེན་གཉིས་གཉིས་སུ་མི་ཕྱེད་སྒྱུ་ལུས་དང། །འོད་ཟུང་ཟུང་དུ་འཇུག་པའི་སྒྱུ་འཕྲུལ་གྱིས། །ཀུན་ཁྱབ་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང། །ལེགས་ཐོབ་ཐོབ་བྱའི་འབྲས་བུ་མཐར་ཐུག་ཡིན། །སྒྲ་རྒྱན་རྒྱན་གྱི་ལུགས་དང་མི་འགལ་ཞིང། །བརྗོད་དོན་དོན་གྱི་སྙིང་པོ་ཀུན་འདུས་པའ། །གཏམ་འདི་འདི་འདྲའི་ཚུལ་ལ་མོས་རྣམས་ཀྱིས། །གསན་ཏེ་ཏེ་བོར་ལག་ཏུ་ལེན་པར་མཛོད། །དགེ་བས་བས་མཐར་སྒྲུབ་པའི་བཅུད་མྱོང་ཞིང། །སྙན་ངག་ངག་གི་ལོངས་སྤྱོད་མགྲིན་གླུ་ལེན། །མང་ཐོས་ཐོས་དོན་སྒྲུབ་ལ་གཞོལ་རྣམས་ཀྱིས། །ཚུལ་འདི་འདི་བཞིན་གེགས་མེད་སྤྱོད་གྱུར་ཅིག །དེའང་ཟུང་ལྡན་གྱི་སྦྱོར་ཚུལ་ནི་རྗེ་བླ་མའི་གསུང་རབ་རྣམས་ལས་མང་དུ་འབྱུང་བ་བཞིན། སྔ་ཕྱི་མི་ཟློས་ཤིང་དོན་དང་འབྲེལ་བ་ཞིག་དགོས་ནའང། ད་ལྟ་འགའ་ཞིག་གིས་དཀར་དཀར་མང་མང་བཟང་བཟང་ཟེར་བ་ལྟ་བུ་བསྒྲིགས་འདུག་པ་ནི་དགོས་ནུས་ཆུང་བར་སྣང་བས། མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ཟུང་ལྡན་གྱི་སྒོ་ནས་བསྟན་པ་རྒྱལ་བ་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་འདིའང་རྗེའི་གསུང་གི་རྗེས་སུ་འབྲངས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དལ་འབྱོར་དོན་ཆེ་དང་རྙེད་དཀའ་བསམ་ན། །དོན་མེད་བྱ་བ་ལ་བཀོལ་བ་འཕང་ངོ་། །ནམ་འཆི་ངེས་མེད་དང་བཟློག་མེད་བསམ་ན། །བག་མེད་སོས་དལ་དུ་སྡོད་པ་འཁྲུལ་ལོ། །བཟོད་དཀའ་ཐར་མེད་ཀྱི་


GTD007_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་བསམ་ན། །སྐྱབས་ཤིག་དེ་རིང་རང་མི་བཙལ་ཐབས་མེད། །ལས་འབྲས་ངེས་པ་དང་འཕེལ་ཚུལ་བསམ་ན། །དགེ་སྡིག་ཕྲ་མོར་ཡང་བག་ཟོན་བྱེད་དགོས། །འཁོར་བ་མཐའ་ངན་གྱི་ངང་ཚུལ་བསམ་ནས། །ངེས་འབྱུང་ཚུལ་ཁྲིམས་ལ་སློབ་པར་བྱེད་དགོས། །དྲིན་ལན་འཁོར་མེད་ཀྱི་མ་རྣམས་དོན་དུ། །སེམས་བསྐྱེད་ཕྱིན་དྲུག་གི་སྤྱོད་ལ་སློབ་དགོས། །ཁྱད་པར་མཐའ་བྲལ་གྱི་ལྟ་བས་རྒྱས་བཏབ། །ཟབ་ལམ་གསང་སྔགས་ཀྱི་སྣོན་པ་འདེབས་དགོས། །དེ་དག་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན། །བསྟེན་ཚུལ་རྟེན་འབྲེལ་གྱི་མགོ་ནས་འགྲིག་དགོས། །ཞེས་པའང་རྗེ་ཉིད་ཀྱི་གསུང་ཡིན་ནོ།། །།


previousམདོ་སྔགས་ཀྱི་ལམ་ཡོངས་རྫོགས་ཟུང་ལྡན་གྱི་སྒོ་ནས་བསྟན་པ།next