Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་འཇིགས་མེད་དབང་པོ་ལ་ཐོག་མའི་ཟུང་ལྡན་གྱི་སྒོ་ནས་བསྟོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་མཁྱེན་འཇིགས་མེད་དབང་པོ་ལ་ཐོག་མའི་ཟུང་ལྡན་གྱི་སྒོ་ནས་བསྟོད་པ།next

ཀུན་མཁྱེན་འཇིགས་མེད་དབང་པོ་ལ་ཐོག་མའི་ཟུང་ལྡན་གྱི་སྒོ་ནས་བསྟོད་པ།


GTD007_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་རྡོ་རྗེ་འཆང་ཀུན་མཁྱེན་འཇིགས་མེད་དབང་པོ་ལ་ཐོག་མའི་ཟུང་ལྡན་གྱི་སྒོ་ནས་བསྟོད་པ་དགེ་ལེགས་དཔལ་མཆོག་ཅེས་བྱ་བ་བཞུགས་སོ།། ༈ དགེ་ལེགས་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང། །དགེ་ཚོགས་རིན་ཆེན་རྡུལ་བརྩེགས་ལྷུན་པོའི་སྤོར། །དགེ་འདུན་འདུས་པ་ལྷ་བརྒྱའི་གཙུག་གི་རྒྱན། །དགེ་ལྡན་བསྟན་པའི་གཉེན་གཅིག་རྒྱལ་གྱུར་ཅིག །ལེགས་བྱས་བྱེ་བ་བརྒྱ་ཡིས་བསྐྲུན་པའི་སྐུ། །ལེགས་བཤད་ཟབ་མོའི་དབྱངས་སྙན་སྒྲོགས་པའི་གསུང་། །ལེགས་ཉེས་བླང་དོར་མ་ལུས་གཟིགས་པའི་ཐུགས། །ལེགས་པའི་ལམ་སྟོན་འདྲེན་པ་གཙུག་གིས་མཆོད། །དཔལ་མཆོག་བདེ་བ་ཆེན་པོའི་སྒྱུ་འཕྲུལ་གར། །དཔལ་སྟུག་དག་པའི་བརྟན་གཡོ་རབ་འབྱམས་ཀྱི། །དཔལ་དུ་ཤར་བ་དཀྱིལ་འཁོར་འཁོར་ལོའི་མགོན། །དཔལ་ལྡན་བླ་མ་སྙིང་གི་ཟེའུ་འབྲུར་བཞུགས། །མཆོག་ཏུ་མི་འགྱུར་ཆོས་སྐུའི་མཁའ་དབྱིངས་ལས། །མཆོག་ཐུན་དངོས་གྲུབ་གྲུ་ཆར་འཇོ་བ་ཡིས། །མཆོག་དམན་སྐྱེ་རྒུའི་རེ་བ་རྫོགས་མཛད་པ། །མཆོག་གི་དང་པོའི་མགོན་པོ་དེར་ཕྱག་འཚལ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་མེ་ཤེལ་ཁམས། །རབ་ཡངས་བསྟན་འགྲོའི་ཕན་བདེའི་ནམ་མཁའ་ལ། །རབ་གསལ་འཕྲིན་ལས་འོད་ཀྱི་སྣང་བ་འབུམ། །རབ་ཏུ་སྤྲོ་མཛད་ས་གསུམ་འགྲོ་བའི་མིག །སྐྱབས་གནས་དཀོན་མཆོག་རྣམ་གསུམ་གཅིག་བསྡུས་ཏེ། །སྐྱབས་ཀྱི་མཆོག་གྱུར་བཤེས་གཉེན་ཚུལ་བཟུང་བ། །སྐྱབས་གཅིག་འཇིགས་མེད་དབང་པོའི་ཞབས་པད་ལ། །སྐྱབས་སུ་མཆི་འོ་བྱང་ཆུབ་བར་དུ་སྐྱོངས། །ཀུན་བཟང་སྤྱོད་ཚུལ་


GTD007_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཡས་རྣམ་པར་ཐར། །ཀུན་གསལ་མཐའ་དང་མཉམ་པའི་ཆ་ཙམ་ཞིག །ཀུན་ནས་དང་བའི་ཡིད་ཀྱིས་སྤེལ་བ་འདི། །ཀུན་མཁྱེན་བླ་མ་དགྱེས་པའི་མཆོད་པར་འབུལ། །རྒྱལ་བསྟན་ཀུན་ལ་མང་ཐོས་མཐར་སོན་ཅིང། །རྒྱལ་གསུང་དྲང་ངེས་མ་ལུས་གདམས་པར་ཤར། །རྒྱལ་བའི་དགོངས་པ་ཇི་བཞིན་སྒྲུབ་པ་ཡིས། །རྒྱལ་བ་གཉིས་པའི་རྣམ་ཐར་རང་གིར་མཛད། །རྣམ་འདྲེན་ཡོངས་འཛིན་དུ་མའི་ཞབས་ཀྱི་རྡུལ། །རྣམ་པ་ཀུན་ཏུ་གུས་པས་ལེགས་བསྙེན་ཏེ། །རྣམ་མང་ཆོས་ཀྱི་མཛོད་ལ་མངའ་བརྙེས་པས། །རྣམ་ཐར་དང་པོའི་རྟེན་འབྲེལ་སྒོ་འཕར་ཕྱེས། །གནས་གསུམ་གཞལ་བྱའི་ཁྱོན་ཡངས་ཇི་སྙེད་དང་། །གནས་ལུགས་ཇི་ལྟ་བ་ཡི་དོན་གཟིགས་ཤིང། །གནས་ལྔ་རིག་པའི་ཕ་རོལ་སོན་པ་ཡིས། །གནས་སྐབས་ཀུན་ཏུ་འཁྲུལ་པའི་དྲི་མ་བྲལ། །སྨྲ་ངན་སྤོབས་པ་འཕྲོག་བྱེད་སྒྲ་ཚད་དང། །སྨྲ་བསམ་ལུས་བཟོ་གསོ་བ་རིག་པའི་གཞུང། །སྨྲ་དབང་ཐུབ་བསྟན་སྙིང་པོ་ནང་དོན་ཀུན། །སྨྲ་ལ་ཟླ་མེད་མཧཱ་པཎྚི་ཏ། །ས་སྟེང་མཁས་པ་ཀུན་གྱི་གཙུག་གི་རྒྱན། །ས་གསུམ་ཐར་འདོད་ཡོངས་ཀྱི་མིག་གཅིག་པུ། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཚོགས་ཀྱི་རྗེ། །ས་འདིར་ཀུན་མཁྱེན་འཇིགས་མེད་དབང་པོར་གྲགས། །ཆོས་མཛོད་ཟད་མི་ཤེས་པའི་གཏེར་གྲོལ་ཏེ། །ཆོས་འདོད་སྐལ་ལྡན་ཡོངས་ཀྱི་མོས་པ་བཞིན། །ཆོས་སྦྱིན་མི་ཟད་འདོད་དགུའི་མཆོག་སྦྱིན་པ། །ཆོས་ཀྱི་རྒྱལ་པོ་ཁམས་གསུམ་འགྲོ་བའི་མགོན། །རྒྱ་ཆེན་འཁོར་དབུས་ལེགས་བཤད་འདོམས་པ་ན། །རྒྱ་མཚོ་


GTD007_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གྲུ་གཟིངས་བཏང་བ་བཞིན། །རྒྱ་བོད་མཁས་མང་གཞུང་བརྒྱའི་ཁོག་ཕུབ་སྟེ། །རྒྱ་ཆེར་བཤད་པས་བློ་གྲོས་རྒྱས་པར་བྱེད། །འཇམ་མཉེན་ལྗགས་ཀྱི་དབང་པོ་ཉེར་བཀྲམ་སྟེ། །འཇམ་དབྱངས་བླ་མའི་ལེགས་བཤད་སྙན་དགུའི་ཚོགས། །འཇམ་ཞིང་སྙན་པའི་གདངས་སུ་བསྒྲགས་པ་ན། །འཇམ་དཔལ་གཞོན་ནུ་ཉིད་དང་དབྱེར་མ་མཆིས། །མ་དག་སྲིད་པའི་བཙོན་རར་ཆུད་པ་ཡི། །མ་རྣམས་བདེ་ཆེན་ཐར་པར་འཁྲིད་པའི་ཕྱིར། །མ་ལུས་དབང་ཁྲིད་ལུང་དང་མན་ངག་ཀུན། །མ་ལྟར་བརྩེ་བའི་ཐུགས་ཀྱིས་འདོམས་པར་མཛད། །དུས་ཀྱི་དབང་གིས་ཆོས་རྒྱུན་ཉམས་པ་རྣམས། །དུས་མཐར་དམ་ཆོས་འཛིན་པའི་ཐུགས་བསྐྱེད་མཐུས། །དུས་འདིར་ས་སྟེང་ཀུན་ཏུ་རྒྱས་མཛད་པས། །དུས་གསུམ་རྒྱལ་ཀུན་བཞེད་པ་ཡོངས་སུ་བསྐངས། །ཕྱོགས་གླང་གྲགས་པའི་རིགས་ལམ་ཟབ་མོ་ཡིས། །ཕྱོགས་ལས་རྣམ་རྒྱལ་རྔ་གསང་ལྡིར་བ་ན། །ཕྱོགས་འཛིན་རྨོངས་པས་མངོན་རློམ་གྱིས་མཐོ་བའི། །ཕྱོགས་སྔ་ཀུན་གྱི་སྙིང་རྩ་ལྐོག་མར་བྲོས། །སྨྲ་བ་ངག་གི་དཔལ་ལ་དབང་འབྱོར་བའི། །སྨྲ་བའི་སེང་གེའི་རྩོད་ངག་གད་རྒྱངས་ཀྱིས། །སྨྲ་བ་ངན་པའི་ཝ་སྐྱེས་ཚོགས་རྣམས་ཀུན། །སྨྲ་བཅད་དགུན་གྱི་ཁུ་བྱུག་བཞིན་དུ་བྱས། །ལེགས་སྦྱར་སྒྲ་དོན་རྒྱན་གྱི་འཁོར་ལོ་ཡིས། །ལེགས་གསུང་སྡེ་སྣོད་ནོར་བུའི་མཛོད་འདྲེན་པ། །ལེགས་བཤད་དྲི་མེད་རྩོམ་པའི་དགའ་སྟོན་མཆོག །ལེགས་པར་སྤེལ་བས་མཁས་ཀུན་ཡིད་རབ་ཕྲོགས། །སོ་ཐར་སོགས་ཀྱི་ཚུལ་ཁྲིམས་རྣམ་


GTD007_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག །སོ་ན་གནས་པའི་རྩེ་གཅིག་ཏིང་འཛིན་བརྟན། །སོ་སོར་རྟོགས་པའི་ཤེས་རབ་ཆེར་རྒྱས་པས། །སོ་སོར་རང་རིག་ཡེ་ཤེས་མངོན་དུ་མཛད། །བདག་གཞན་བརྗེ་བའི་བྱང་ཆུབ་སེམས་གོམས་པས། །བདག་བདེ་གཞན་ལ་གཏོང་ཞིང་སྡིག་སྡུག་ཀུན། །བདག་གི་སྟེང་དུ་ལེན་ལ་མི་ཞུམ་པ། །བདག་ཉིད་ཆེན་པོའི་ངང་ཚུལ་ཨེ་མ་རྨད། །རྣམ་དག་ཁྲིམས་ཀྱིས་ཉེས་སྤྱོད་ཀུན་སྡོམ་ཞིང། །རྣམ་ཀུན་དགེ་བའི་ཆོས་ཚུལ་ཡོངས་སུ་སྡུད། །རྣམ་མང་སེམས་ཅན་ཀུན་གྱི་དོན་སྒྲུབ་པས། །རྣམ་གསུམ་ཚུལ་ཁྲིམས་སྤྱོད་པ་ཡོངས་སུ་རྫོགས། །ཕ་མ་རིགས་དྲུག་འགྲོ་ལ་རྗེས་བརྩེ་བས། །ཕ་རོལ་ཕྱིན་དྲུག་སྤྱོད་པའི་གཟིངས་སྦྱར་ཏེ། །ཕ་མཐའ་མི་མངོན་སྲིད་པའི་ཆུ་གཏེར་གྱི། །ཕ་རོལ་སྒྲོལ་བའི་དེད་དཔོན་བླ་ན་མེད། །ཤིན་སྦྱངས་མཆོག་གིས་ཟིན་པའི་ཏིང་ངེ་འཛིན། །ཤིན་ཏུ་གསལ་བའི་མངོན་ཤེས་མེ་ལོང་ངོས། །ཤིན་ལྐོག་བསྐལ་པའི་གནས་རྣམས་མཐའ་དག་ཀྱང་། །ཤིན་ཏུ་གསལ་ཞིང་མ་འདྲེས་འཇའ་ཚོན་བཞིན། །མཐའ་བྲལ་ལྟ་བའི་སྒྲོན་མེས་རྟག་ཆད་ཀྱི། །མཐའ་ལ་ཞེན་པའི་མུན་པ་རབ་བསལ་ཏེ། །མཐའ་སྤངས་དབུ་མའི་ལམ་བཟང་གསལ་མཛད་པས། །མཐའ་དག་ཐར་འདོད་གདུལ་བྱའི་བློ་མིག་ཕྱེས། །སྣང་བ་ཇི་བཞིན་བདེན་པར་མི་དམིགས་ཀྱང། །སྣང་ཙམ་ཉིད་ལ་བྱ་བྱེད་འཐད་པ་སོགས། །སྣང་སྟོང་ཟུང་འཇུག་ཀླུ་སྒྲུབ་དགོངས་པའི་གནད། །སྣང་བྱེད་སྨྲ་བའི་ཟླ་བ་ཁྱོད་མིན་སུ། །རྒྱུད་སྡེ་རྣམ་བཞིའི་དབང་གིས་རྒྱུད་སྨིན་ཅིང། །རྒྱུད་འབྲེལ་མན་ངག་གདམས་པའི་མཛོད་བཟུང་སྟེ། །རྒྱུད་དོན་ཇི་བཞིན་མངོན་དུ་གྱུར་པ་ཡིས། །རྒྱུད་སྡེ་རྒྱ་


GTD007_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཁྱོན་ལ་དབང་བསྒྱུར་ཏེ། །རྡོ་རྗེ་འཆང་དབང་ཐུགས་ཀྱི་དགོངས་པ་བཞིན། །རྡོ་རྗེ་ཐེག་པའི་གནད་རྣམས་འདོམས་མཛད་ཅིང། །རྡོ་རྗེའི་རྣལ་འབྱོར་ཟབ་མོར་གཞོལ་བ་ཡིས། །རྡོ་རྗེ་འཛིན་པའི་ཚོགས་ཀྱི་གཙོ་བོར་གྱུར། །རབ་ཏུ་བརྟན་པའི་རིམ་གཉིས་ལམ་བཟང་གིས། །རབ་རྨོངས་ཀུན་རྟོག་སྤྲོས་པ་སྡེར་བཅས་བཅོམ། །རབ་ཞིའི་དབྱིངས་ལས་སྒྱུ་འཕྲུལ་དྲ་བའི་གར། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བདག་པོར་བཞེངས། །མི་བཟད་སྲིད་པའི་སྡུག་བསྔལ་ལས་འདས་པ། །མི་འགྱུར་བདེ་ཆེན་ཐུགས་དང་རོ་གཅིག་པའ། །མི་ཤིགས་རླུང་གི་རང་འོད་ཟུང་འཇུག་སྐུ། །མི་ཟད་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས། །བསྟན་པ་ཁོ་ན་ལུས་ཅན་ཕན་བདེའི་གཞིར། །བསྟན་བཞིན་ཚད་མའི་ངེས་པ་ལེགས་འཁྲུངས་པས། །བསྟན་པའི་བྱ་བར་གཅིག་ཏུ་གཞོལ་བ་ལ། །བསྟན་འཛིན་ཀུན་གྱི་ཁྲོད་ན་ཟླ་དང་བྲལ། །ཆོས་གཞི་གསར་བསྐྲུན་གསོ་དང་རྟེན་བཞེངས་སོགས། །ཆོས་སྤྱོད་རྣམ་བཅུ་རིས་སུ་མ་ཆད་པ། །ཆོས་ལྡན་བྱ་བའི་འཁོར་ལོ་རྩིབས་སྟོང་གིས། །ཆོས་ཀྱི་རྒྱལ་སྲིད་འཇིག་རྟེན་ཀུན་ཏུ་བསྐྱངས། །ནམ་མཁའི་མཐས་གཏུགས་ཞིང་ཁམས་རབ་འབྱམས་སུ། །ནམ་མཁའ་ཇི་སྲིད་འགྲོ་རྣམས་སྐྱོབ་པ་ལ། །ནམ་ཡང་བསྙེལ་བ་མེད་པའི་ཐུགས་རྗེ་ཅན། །ནམ་མཁའི་རྡོ་རྗེ་ལྷག་པའི་ལྷ་ཡི་མཆོག །གདམས་དང་རྗེས་སུ་བསྟན་པའི་མཛོད་གྱུར་ཀྱང། །གདམས་ཡུལ་དབྱེ་བ་མེད་པར་མི་སྟོན་པར། །གདམས་པའི་བཀའ་བབ་སོ་སོར་འདོམས་པ་


GTD007_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གདམས་དོན་ཇི་བཞིན་ནམ་ཡང་བསླུ་བ་མེད། །རྣམ་གྲོལ་དོན་གཉེར་གདུལ་བྱ་མཆོག་རྣམས་ལ། །རྣམ་ཀུན་མཆོག་ལྡན་སྟོང་དང་རྟེན་འབྱུང་སོགས། །རྣམ་མང་མདོ་རྒྱུད་རྒྱ་མཚོའི་བཅུད་བསྡུས་ནས། །རྣམ་པར་བསྟན་ཏེ་བྱང་ཆུབ་གསུམ་ལ་སྦྱོར། །ཐ་མལ་རྣམས་ཀྱང་ཡལ་བར་མི་འདོར་བར། །ཐ་སྙད་རིགས་ལམ་ཕྲ་མོ་ནས་བཟུང་སྟེ། །ཐ་ན་ཡི་གེ་འདྲི་རྐོས་ཚུན་ཆད་ལ། །ཐ་དད་བློ་དང་འཚམ་པར་སྦྱོར་མཛད་པས། །གང་ཞིག་ཁྱོད་ཞབས་པདྨོ་བསྟེན་པ་རྣམས། །གང་ལས་མ་དྲངས་སྲིད་ཞིའི་རྒུད་པ་དང། །གང་ལ་མ་བཀོད་ཕུན་ཚོགས་ལེགས་བྱས་དཔལ། །གང་དེ་ཀུན་མཁྱེན་གྱིས་ཀྱང་དམིགས་སུ་མེད། །མི་བསྲུན་བདུད་ཀྱི་གཉེན་གྱུར་དུ་མ་ཡིས། །མི་བཟད་གཤེ་སྐུར་གནོད་པའི་ཚོགས་བགྱིས་ཀྱང་། །མི་འཁྲུགས་གནོད་ལན་ཕན་པ་སྒྲུབ་མཛད་ཕྱིར། །མི་མཆོག་སྐྱེས་བུ་འདུལ་བ་བླ་ན་མེད། །དམ་ཚིག་རྡོ་རྗེའི་གདེངས་ཀ་འཕྱར་བ་ཡིས། །དམ་ཅན་ཆོས་སྲུང་རྒྱ་མཚོ་བྲན་དུ་འཁོལ། །དམ་ཉམས་ཚར་གཅོད་སྐལ་ལྡན་རྗེས་འཛིན་སོགས། །དམ་པའི་རྨད་བྱུང་ཐབས་མཁས་བསམ་མི་ཁྱབ། །ཡིད་སྲུབ་སྡེ་དང་བཅས་པའི་དཔུང་འཇོམས་ཤིང། །ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་བ་སྐོང། །ཡིད་ལ་དྲན་པས་སྲིད་ཞིའི་གདུང་སེལ་བ། །ཡིད་ཅན་ཀུན་གྱི་མགོན་དང་སྐྱབས་ཀྱི་ཕུལ། །ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་དང། །ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་ཀུན་དངོས་ཏེ། །ཁྱོད་མིན་སྐྱབས་གཞན་འགའ་ཡང་མི་འཚོལ་བས། །ཁྱོད་ཀྱིས་ཐུགས་རྗེས་ནམ་ཡང་མ་གཏོང་ཞིག །


GTD007_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆེ་རྙེད་དཀའ་དལ་བའི་རྟེན་བཟང་འདི། །དོན་མེད་བྱ་བའི་ངང་དུ་མི་གཏོང་བར། །དོན་ལྡན་ཆོས་ལ་གཅིག་ཏུ་བརྩོན་པ་ཡིས། །དོན་གཉིས་དགའ་སྟོན་འགྲུབ་པར་བྱིན་གྱིས་རློབས། །སྲིད་གསུམ་འཁོར་བ་མེ་འོབས་ལྟར་མཐོང་སྟེ། །སྲིད་པའི་ཕུན་ཚོགས་ཀུན་ལ་ཞེན་ལོག་ནས། །སྲིད་བྲལ་ཞི་བའི་གོ་འཕང་དོན་གཉེར་གྱིས། །སྲིད་ལས་ངེས་པར་འབྱུང་བར་བྱིན་གྱིས་རློབས། །མ་ལུས་རྒྱལ་སྲས་སྤྱོད་པའི་གཞི་དང་རྟེན། །མ་ལྟར་བརྩེ་བ་ཆེན་པོའི་དབང་གྱུར་ཏེ། །མ་རྣམས་སྒྲོལ་འདོད་རིན་ཆེན་བྱང་ཆུབ་སེམས། །མ་བཅོས་རྣལ་མ་སྐྱེ་བར་བྱིན་གྱིས་རློབས། །མཚན་ལྡན་བཤེས་གཉེན་གདམས་པའི་མིག་སྨན་གྱིས། །མཚན་མར་འཛིན་པའི་རབ་རིབ་ཀུན་བསལ་ཏེ། །མཚན་མེད་སྤྲོས་བྲལ་ལྟ་བས་གནས་ལུགས་ཀྱི། །མཚན་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །རིམ་པར་རྒྱུད་སྦྱངས་གསང་སྔགས་སྒོར་ཞུགས་ཏེ། །རིམ་པ་དང་པོའི་ཕྲ་རགས་རྣལ་འབྱོར་དང། །རིམ་ལྔས་བསྡུས་པའི་སྦྱོར་བ་ཡན་ལག་དྲུག །རིམ་བཞིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྲིད་པར་འཆིང་བའི་ཉེས་པ་ཀུན་སྤངས་ཀྱང་། །སྲིད་འདིར་བསམ་བཞིན་སྐྱེ་བའི་གར་མཛད་པ། །སྲིད་གསུམ་བླ་མ་ཐུགས་རྗེའི་བདག་ཉིད་དེས། །སྲིད་པ་ཇི་སྲིད་རྗེས་སུ་འཛིན་གྱུར་ཅིག །ས་མཁན་བཤེས་གཉེན་དམ་པའི་རྗེས་ཞུགས་ཏེ། །ས་དང་ལམ་གྱི་རྟོགས་པ་རིམ་བགྲོད་ནས། །ས་བཅུའི་མཐར་སོན་སྤངས་རྟོགས་ཀུན་རྫོགས་ཏེ། །ས་གསུམ་འགྲོ་བའི་མགོན་དུ་


GTD007_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་ཤོག །བསྟན་པའི་རྩ་ལག་མཆོག་རྣམས་ཞབས་བརྟན་ཅིང། །བསྟན་སྲུང་རྒྱ་མཚོས་འཕྲིན་ལས་ཚུལ་བཞིན་སྒྲུབས། །བསྟན་ལ་གུས་མཆོད་བགྱིད་རྣམས་མངའ་ཐང་རྒྱས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་གྱུར་ཅིག །ཅེས་བཀའ་དྲིན་འཁོར་མེད་ཁྱབ་བདག་རྡོ་རྗེ་འཆང་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ལ་ཐོག་མའི་ཟུང་ལྡན་གྱི་སྒོ་ནས་བསྟོད་པ་དགེ་ལེགས་དཔལ་མཆོག་ཅེས་བྱ་བ་འདི་ནི། ཨ་མཆོག་ལམ་རིམ་གྲྭ་ཚང་གི་སློབ་ཟུར་ལྷག་བསམ་རྣམ་དཔྱོད་ཕུལ་དུ་བྱུང་བ་འཇམ་དབྱངས་ཕུན་ཚོགས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཐུན་མོང་སྣང་ཚོད་ཀྱི་རྣམ་ཐར་རགས་པ་ཙམ་ཞིག་སྒྲོ་སྐུར་སྤངས་ཏེ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགས་བགྱིས་པ་འདིའང་ཚེ་རབས་ཀུན་ཏུ་བླ་མ་མཆོག་གིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།


previousཀུན་མཁྱེན་འཇིགས་མེད་དབང་པོ་ལ་ཐོག་མའི་ཟུང་ལྡན་གྱི་སྒོ་ནས་བསྟོད་པ།next