Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་བ།next

འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་བ།


GTD007_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་བ་བཞུགས་སོ།།


GTD007_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་རྒྱལ་བ་གཉིས་པའི་ཐུགས་ཀྱི་བཅུད། །གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མཛོད་འཛིན་ཅིང། །གྲུབ་རིགས་བྱེ་བའི་གཙུག་གི་རྒྱན་གྱུར་པ། །ཤེས་རབ་སེངྒེའི་ཞབས་ལ་གསོལ་བ་འདེབས། །སྡེ་སྣོད་གསུམ་གྱི་རྒྱ་མཚོའི་འཇིངས་ལ་གནས། །རྣམ་དག་བསླབ་གསུམ་ནོར་བུའི་བང་མཛོད་འཛིན། །འཁོར་ལོ་གསུམ་གྱི་མཛད་བཟང་གྲུ་ཆར་འབེབས། །དགེ་འདུན་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །མང་དུ་ཐོས་པས་ལེགས་བཤད་དགའ་སྟོན་འགྱེད། །ཚུལ་བཞིན་སྒྲུབ་པས་རྟོགས་པ་མངོན་དུ་གྱུར། །འཕྲིན་ལས་བཟང་པོས་རྒྱལ་བསྟན་ཕྱོགས་མཐར་སྤེལ། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །འཁྲུལ་བྲལ་ལྷ་དང་བླ་མའི་བཀའ་ལུང་གིས། །ཉེར་དྲངས་སྐལ་བཟང་དད་པའི་མཁའ་དབྱིངས་སུ། །ལུང་རིགས་འོད་སྟོང་སྤྲོ་མཛད་ཆོས་ཀྱི་རྗེ། །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །ཁེ་གྲགས་དོར་ཏེ་བཤེས་གཉེན་མང་དུ་བསྟེན། །སྐྱོ་ངལ་སྤངས་ཏེ་གཞུང་ལུགས་རྒྱ་མཚོར་སྦྱངས། །འཆད་རྩོད་རྩོམ་པས་སྐལ་ལྡན་རྗེས་སུ་འཛིན། །བསྟན་པའི་རྩ་ལག་དམ་པར་གསོལ་བ་འདེབས། །ཚུལ་ཁྲིམས་རྣམ་པར་དག་པའི་ཀ་ལཱ་ཤ། ། མན་ངག་བདུད་རྩིས་གཏམས་པའི་ཆུ་རྒྱུན་གྱིས། །དུག་གསུམ་ནད་ཀྱི་གདུང་སེལ་འགྲོ་བའི་མགོན། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་
འདེབས། །སྐྱེ་ཞིང་སྐྱེ་བར་རྗེ་བཙུན་བླ་མ་ཡིས། །འབྲལ་བ་མེད་པར་དགྱེས་བཞིན་རྗེས་འཛིན་ཅིང། །གསུང་གི་བདུད་རྩི་ཉམས་སུ་མྱོང་བ་ཡིས། །རྣམ་འདྲེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དད་གཏོང་ལྷག་བསམ་དང་བླང་དོར་འབྱེད་པའི་བློ་གྲོས་སོགས་དཔལ་འཕྲེང་དང་ཆོས་མཚུངས་པ་རྫོང་འགག་རྒྱལ་མོ་བསོད་ནམས་སྒྲོལ་མའི་གསུང་གིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དཱ་ཚང་དགོན་གྱི་བླ་བྲང་བཀྲ་ཤིས་རབ་བརྟན་དུ་བྲིས་པའོ།། ༈ སྐྱབས་གསུམ་ཀུན་འདུས་འཇིགས་མེད་དབང་པོའི་སྡེ། །རིགས་ཀུན་ཁྱབ་བདག་ཆོས་ཀྱི་རྡོ་རྗེའི་ཞབས། །ཐར་ལམ་གསལ་མཛད་བསྟན་པའི་སྒྲོན་མེ་སྟེ། །དཔལ་ལྡན་བླ་མ་གསུམ་ལ་གསོལ་བ་འདེབས། །རྗེ་བཙུན་བླ་མ་རྣམས་ཀྱི་ཐུགས་རྗེའི་མཐུས། །སྒོ་གསུམ་ཆོས་ལྡན་བགྱིས་པ་མ་ལུས་པ། །ཕྱི་ནང་ཉེར་འཚེའི་དབང་དུ་མི་འགྱུར་བར། །ཇི་ལྟར་སྨོན་བཞིན་ལྷུན་གྱིས་འགྲུབ་པར་ཤོག །


previousའཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་བ།next