Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཧལ་ཧ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས།
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousཧལ་ཧ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས།next

ཧལ་ཧ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས།


GTD007_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཧལ་ཧ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས་བཞུགས་སོ།། ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་རབ་རྫོགས་པ། །རྒྱལ་བའི་ཉི་མ་རྣམ་གཟིགས་སྤྱན་སྔ་རུ། །གྱད་ཀྱི་གཙོ་བོ་མཐའ་མེད་སྟོབས་གྱུར་ཏེ། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚེ། །ལྷག་བསམ་དག་པའི་རང་མདངས་ཇི་བཞིན་དུ། །མཆོད་ཚོགས་གསལ་ཞིང་ཉམས་པ་མེད་པར་གྱུར། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་བྱིན་གྱིས་


GTD007_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །དེ་ནས་བརྩམས་ཏེ་མོས་པ་སྤྱོད་པ་དང། །ལྷག་བསམ་རྣམ་དག་རྣམ་པར་སྨིན་པ་ཡི། །གནས་སྐབས་ཀུན་ཏུ་རྫོགས་སྨིན་སྦྱང་བྱས་ཕྱིར། །བར་གྱི་བསྐལ་པ་གྲངས་མེད་གསུམ་གྱི་རིང། །དག་དང་མ་དག་སྐྱེ་བའི་རྣམ་རོལ་གྱིས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་མཛད། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དངོས་འཛིན་བག་ཆགས་དང་བཅས་སྒྲིབ་པ་ཀུན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བཅོམ་སྟེ། །ཉི་ཟླ་སྐར་མའི་འོད་སྐོར་ཞིང་ཁམས་སུ། །ཐ་མར་མངོན་པར་རྫོགས་པར་སངས་རྒྱས་ཏེ། །དེ་བཞིན་གཤེགས་པ་ནམ་མཁའི་ཐིག་ལེ་ཞེས། །མཁའ་མཉམ་ལུས་ཅན་ཀུན་གྱི་མགོན་དུ་གྱུར། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །གསང་གསུམ་སྒྱུ་འཕྲུལ་ཕ་མཐའ་གཞལ་མེད་ཀྱང། །བདེན་ཚིག་རྡོ་རྗེའི་ལུང་གིས་ཟིན་པ་བཞིན། །འབར་བའི་གཙོ་དང་སྤྱོད་འཆང་དབང་པོའི་ཞབས། །ར་ཏན་ཆེན་པོ་བཻ་ཥྗ་རཱ་ཛ་སོགས། །རྒྱ་གར་ཤར་ནུབ་ཨུ་རྒྱན་མི་ཡི་ཡུལ། །ཀུན་ཏུ་མཁས་གྲུབ་རྒྱལ་བློན་རྣམ་པར་བསྟན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བསིལ་ལྡན་ར་བས་བསྐོར་བའི་ལྗོངས་སུ་ཡང། །རོང་ཟོམ་ཆོས་བཟང་རྒྱལ་བ་ཀརྨ་པ། །འབྲུག་སྒྲ་རྒྱལ་མཚན་སངས་རྒྱས་རས་ཆེན་དང། །ཨུ་རྒྱན་པ་སོགས་རིམ་དང་དུས་མཉམ་དུ། །བྱོན་པའི་སྐྱེས་མཆོག་གྲུབ་མཐའ་རིས་མེད་དང། །ཀུན་དགའི་མཚན་གྱི་སྙིང་པོ་གསལ་བྱེད་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བྱེ་བྲག་བློ་བཟང་རྒྱལ་བའི་


GTD007_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལ། །འཕྲིན་ལས་རྨད་བྱུང་བཀྲ་ཤིས་དཔལ་དང་ལྡན། །ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་སྒྲེང་བྱེད་ཅིང། །འགྲོ་བའི་ཡིད་ཀྱི་མུན་སེལ་སྒྲོན་མེ་མཆོག །ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚོ་ཞེས། །བྱང་ཕྱོགས་སྐྱེ་དགུའི་འདྲེན་པ་གཅིག་པུར་གྱུར། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ནམ་མཁའི་མཐས་གཏུགས་བསྟན་དང་འགྲོ་བའི་དོན། །མ་ལུས་བདག་གིར་བཞེས་པའི་ཐུགས་བསྐྱེད་བཞིན། །སླར་ཡང་སྤྲུལ་བའི་གར་གྱིས་རྣམ་རོལ་ཞིང། །འཁོར་ལོ་གསུམ་གྱི་མཛད་བཟང་ལྷུན་གྲུབ་སྟེ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་དགའ་སྟོན་ལ། །འདོད་དགུར་སྤྱོད་པའི་སྐལ་བཟང་མྱོང་བ་དང། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འགྲོ་ཀུན་བདེ་བླག་སྨིན་ཅིང་གྲོལ་གྱུར་ཅིག །ཅེས་པ་འདི་ནི་དད་ལྡན་དཀོན་མཆོག་སྐྱབས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousཧལ་ཧ་རྗེ་བཙུན་དམ་པའི་འཁྲུངས་རབས་གསོལ་འདེབས།next