Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོན་པ་ཐུབ་པའི་དབང་པོ་ལ་མ་བརྗོད་པར་བསྟོད་པ་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྟོན་པ་ཐུབ་པའི་དབང་པོ་ལ་མ་བརྗོད་པར་བསྟོད་པ་སོགས།next

སྟོན་པ་ཐུབ་པའི་དབང་པོ་ལ་མ་བརྗོད་པར་བསྟོད་པ་སོགས།


GTD007_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཐུབ་པའི་དབང་པོ་ལ་མ་བརྗོད་པར་བསྟོད་པ་སྒོ་མཐའ་ཡས་སོགས་བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་བྱིན་རླབས་གཏེར་གྱི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།


GTD007_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མུ་ནི་དྷརྨཱ་ཀཱ་ཡཱ་ཡ། སྣང་དང་གནས་ཚུལ་བདེན་པའི་དྲི་བཞོན་གྱི། །རྗེས་འགྲོ་ཚོགས་གཉིས་སྤྲིན་ཆེན་སྣང་སྟོང་ལས། །ལྷུན་གྲུབ་འཇོ་བ་འཕྲིན་ལས་གྲུ་ཆར་གྱིས། །འཇིག་རྟེན་ཀུན་ཁྱབ་རྒྱལ་བའི་ཡོན་ཏན་ན། །སྲིད་པ་ཡང་འབྱུང་མེད་པར་བཅོམ་པའི་རྒྱུད། །སྤྲོས་བྲལ་ཟག་མེད་བདེ་དང་སྐྱ་བསྒྲིལ་བ། །གསུང་ལས་སྐྱེས་དང་རྐྱེན་རྟོགས་གསུམ་རིག་ཚོགས། །སྤོབས་པའི་ཁྱམས་ལས་རིང་དུ་འདས་གྱུར་ན། །ཀུན་སྦྱོར་འཆིང་བ་མ་གྲོལ་ཟག་བཅས་ཀྱི། །བསོད་ནམས་རྣམ་སྨིན་སྐད་ཅིག་གཟི་ལྡན་པ། །རང་བྱུང་བདེ་འབྱུང་བདག་པོ་འདོད་པ་སོགས། །ཆ་ཙམ་དཔོག་པའི་གོ་སྐབས་ག་ལ་ཞིག །རྒྱལ་བ་སྲས་ཀྱི་ཐུ་བོར་བཅས་རྣམས་ཀྱིས། །མཁྱེན་པས་ཁྱབ་ཀྱང་འཁོར་བའི་མཐའི་བར་དུ། །བརྗོད་པས་རྫོགས་མིན་མཐའ་བྲལ་རང་གི་གཤིས། །མཐའ་ལྡན་བགྱི་བ་བདེན་གཉིས་ཚུལ་ལས་


GTD007_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །དེ་ཕྱིར་ཚིག་གི་ལམ་དུ་མཚོན་མིན་པར། །བསམ་ཡས་མཁའ་མཐའ་མཉམ་པར་ཡིད་ཆེས་པས། །ཐལ་སྦྱར་གུས་པས་བཏུད་པའི་དགེ་བ་འདིས། །ཀུན་ལ་གསང་མཛོད་མངོན་དུ་འགྱུར་བར་ཤོག །ཅེས་སྟོན་པ་ཐུབ་པའི་དབང་པོ་ལ་མ་བརྗོད་པར་བསྟོད་པ་སྒོ་མཐའ་ཡས་ཞེས་བྱ་བ་འདི་ནི། བསྟན་པའི་རྗེས་སུ་སློབ་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཕུལ་བའོ།། ༈ གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་


GTD007_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །ཉི་མའི་འོད་ཟེར་དག་གིས་པདྨ་ཁ་འབྱེད་ལྟར། །གསུང་གི་འོད་ཟེར་དག་གིས་འཇིག་རྟེན་སད་པར་མཛད། །སྟོན་པ་ཤཱཀྱ་ཐུབ་པ་སྒྲོན་མེ་ཐུགས་རྗེ་ཅན། །མྱ་ངན་འདའ་སྟོན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་འོད་སྟོང་གིས། །མི་ཤེས་རྨོངས་པའི་མུན་པ་བསལ་དུ་གསོལ། །ཐོག་མེད་ནས་བསགས་ལས་ཉོན་སྡིག་སྒྲིབ་ཀུན། །ཐུགས་རྗེ་བདུད་རྩིའི་ཆབ་ཀྱིས་སྦྱང་དུ་གསོལ། །གསུང་རབ་རྒྱ་མཚོའི་དགོངས་དོན་ཁོང་དུ་ཆུད། །ཐོས་དོན་ཇི་བཞིན་སྒྲུབ་པས་ཉམས་སུ་ལོན། །བློ་བཟང་རྒྱལ་བསྟན་ཕྱོགས་མཐར་སྤེལ་བ་ཡི། །སྨོན་པ་གེགས་མེད་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་བདག་སོགས་ལྟོས་བཅས་འབྲེལ་ཐོགས་ཀུན། །སྟོན་པ་མཆོག་དེས་འབྲལ་མེད་རྗེས་གཟུང་སྟེ། །བསྟན་ལ་གེགས་མེད་ཚུལ་བཞིན་བསླབ་པ་ཡི། །སྐུ་གསུམ་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་ཆས་པ་རྒྱ་མཁར་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ནས་ཇོ་ཤཱཀ་སོགས་མཇལ་སྐབས་འདོན་རྒྱུའི་གསོལ་འདེབས་སྨོན་ཚིག་ཅིག་དགོས་ཚུལ་བསྐུལ་མ་བྱུང་བ་ལྟར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྒྱལ་བའི་གསུང་གི་གསང་མཛོད་མཐའ་དག་དང། །ཁྱད་པར་རྒྱ་ཆེན་སྤྱོད་པའི་སྲོལ་བཟུང་སྟེ། །སྦས་དོན་མངོན་རྟོགས་རིམ་པ་གསལ་མཛད་པ། །རྒྱལ་ཚབ་


GTD007_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་མགོན་ལ་ཕྱག་འཚལ་ལོ། །ལམ་གྱི་རིམ་པ་ཀུན་ལ་ངེས་རྙེད་ཅིང། །བྱང་ཆུབ་སེམས་མཆོག་མྱོང་བ་མཐར་སོན་ཏེ། །གཞན་ཕན་གཟུགས་སྐུ་འགྲུབ་པའི་ཐབས་ཀྱི་མཆོག །བསོད་ནམས་ཚོགས་ཆེན་རྫོགས་པར་བྱིན་གྱིས་རློབས། །རྒྱལ་བའི་གསུང་གི་གསང་མཛོད་མཐའ་དག་དང། །ཁྱད་པར་ཟབ་མོ་ལྟ་བའི་སྲོལ་བཟུང་སྟེ། །དངོས་བསྟན་སྟོང་ཉིད་རིམ་པ་གསལ་མཛད་པ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཟབ་མོ་རྟེན་འབྱུང་དོན་ལ་ངེས་རྙེད་ཅིང། །ཡང་དག་ལྟ་བའི་མྱོང་བ་མཐར་སོན་ཏེ། །སྒྲིབ་བྲལ་ཆོས་སྐུ་འགྲུབ་པའི་ཐབས་ཀྱི་མཆོག །ཡེ་ཤེས་ཚོགས་ཆེན་རྫོགས་པར་བྱིན་གྱིས་རློབས། །རྗེ་བཙུན་ཨཱརྱ་མཻ་ཏྲི་མཉྫུ་ཤྲཱ། །དབྱེར་མེད་ཐུགས་རྗེ་བདེན་པའི་བྱིན་རླབས་མཐུས། །ཟབ་རྒྱས་ལམ་གྱི་ཉམས་ལེན་མཐར་སོན་ཏེ། །དོན་གཉིས་མཐར་ཕྱིན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དཀོན་མཆོག་ཡེ་ཤེས་ཀྱིས་བསྐུལ་ངོར་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ འཆི་མེད་ཚེ་དང་ཡེ་ཤེས་དཔལ་སྟེར་ཞིང། །མི་བཟད་དུས་ཀྱི་རྒུད་པ་མཐར་མཛད་པ། །འགྲོ་བའི་མགོན་པོ་འཇིག་རྟེན་མཐའ་དག་ལས། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཡིད་འོང་འཇའ་ཚོན་བཀྲ་བའི་གུར་ཁང་དབུས། །པད་ཟླའི་གདན་ལ་སྒེག་པའི་ཉམས་ལྡན་པ། །དཀར་སེར་སྔོ་བའི་ཞལ་དཀྱིལ་རབ་རྒྱས་ཤིང་། །


GTD007_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཉམས་ཀྱིས་རོལ་པ་དེ་ལ་འདུད། །རལ་པའི་ཐོར་ཅོག་རིན་ཆེན་རྒྱན་གྱིས་སྤུད། །སྤྱན་མཛེས་ཤངས་ཀྱི་རྒྱུད་ནི་ཡིད་དུ་འོང། །མཆུ་སྒྲོས་འཛུམ་ལྡན་ནོར་བུའི་རྣ་ལུང་གཡོ། །ཡིད་འཕྲོག་བལྟ་བས་མི་ངོམས་ཁྱོད་ལ་འདུད། །རྡོ་རྗེ་སྣང་མཐའ་མདའ་དང་མཆོག་སྦྱིན་གཡས། །གཡོན་བཞིའི་ཞགས་པ་མི་འཇིགས་ཕྱག་རྒྱ་དང། །གཞུ་དང་འཆི་མེད་བདུད་རྩིའི་བུམ་བཟང་གིས། །མི་ཟད་ཚེ་ཡི་དགའ་སྟོན་སྤེལ་ལ་འདུད། །བརྒྱད་གཉིས་ལང་ཚོའི་དཔལ་མངའ་མཛེས་པའི་སྐུ། །དྲི་མེད་ཤེལ་གྱི་འཁྲི་ཤིང་གཞོན་ནུའི་དངོས། །རྣམ་བཀྲའི་གོས་དང་དོ་ཤལ་རྩེ་དགའ་འཛིན། །གདུལ་བྱའི་ཁམས་བཞིན་སྟོན་པར་མཛད་ལ་འདུད། །རྨོངས་པ་ཀུན་བཅད་བདེན་གཉིས་མངོན་སུམ་གཟིགས། །ཀུན་ལ་སྙོམས་པའི་ཐུགས་རྗེ་རྒྱུན་ཆད་མེད། །འཇིགས་པ་ཀུན་སྐྱོབ་ཕན་དང་བདེ་སྟེར་བ། །མ་ལུས་འགྲོ་བའི་སྐྱབས་མཆོག་ཁྱོད་ལ་འདུད། །རྒྱལ་སྲས་ཕྱག་ན་པདྨ་རྡོ་རྗེ་འཛིན། །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གཙང་མའི་གནས་ཀྱི་གཞོན་ནུ་གཉིས་ལ་སོགས། །དག་པའི་འཁོར་གྱིས་བསྐོར་ལ་ཕྱག་འཚལ་ལོ། །རིང་ནས་བདག་ཅག་དོན་དུ་ཐུགས་བསྐྱེད་ཅིང། །འཕྲིན་ལས་དུས་ལས་ཡོལ་བ་མི་མངའ་ན། །ཇི་སྐད་གསུངས་པའི་གཟུངས་ཀྱི་ཕན་ཡོན་རྣམས། །དེང་འདིར་བདག་ལ་མངོན་དུ་འགྱུར་བར་མཛོད། །ཕྱི་ནང་འགལ་རྐྱེན་ཉེས་ལྟུང་ཀུན་ཞི་ཞིང། །ཚེ་དཔལ་ལུང་རྟོགས་ཡོན་ཏན་རྒྱས་པ་དང། །བྱང་ཆུབ་སྒྲུབ་པའི་ཐབས་ལ་དབང་འབྱོར་ཏེ། །བདུད་དཔུང་འཇོམས་ལ་མཐུ་དང་ལྡན་པར་ཤོག །མདོར་ན་བཤེས་གཉེན་དམ་པ་མཉེས་བྱས་ནས། །


GTD007_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་དགོངས་པ་རྙེད་པའི་མང་ཐོས་ཀྱིས། །བསྒྲུབ་པའི་བྱ་བ་ལེགས་པར་མཐར་ཕྱིན་ནས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །ཅེས་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འདི་ནི་དད་བརྩོན་ལྡན་པ་དཀོན་མཆོག་དམ་ཆོས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྱིན་རླབས་ཀྱི་ཁྱད་ནས་རྗེ་བླ་མའི་གསུང་གི་ཚིག་སྣ་བསྡུས་ཏེ་བསྡེབས་པའོ།། ༈ བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་ལྡན་ཟུར་ཕུད་འབར་བའི་ཀློང། །བདེན་གཉིས་རྭ་གདེངས་སྣང་སྟོང་སྲིན་པོའི་གར། །རྣམ་གསུམ་གཤིན་རྗེའི་གཤེད་དུ་བསྒྱུར་བའི་ལྷ། །ཁྲོ་རྒྱལ་རྡོ་རྗེ་འཇིགས་མཛད་ལ་ཕྱག་འཚལ། །གང་ཐུགས་བདེ་སྟོང་སྒྱུ་མའི་རོལ་བ་ལས། །མི་འགྱུར་ལྷན་ཅིག་སྐྱེས་དགའི་མཆོག་སྦྱིན་ཕྱིར། །བསྐལ་པའི་མཐར་ཡང་སྦྱོར་བའི་ཡུམ་གཅིག་མ། །རྡོ་རྗེ་རོ་ལངས་མ་ལ་ཕྱག་འཚལ་ལོ། །གདུལ་བྱའི་ཁམས་བཞིན་ཞི་ཁྲོའི་རོལ་གར་བརྒྱ། །བསྒྱུར་མཛད་འཇམ་དཔལ་དཔའ་བོའི་བཀོད་པ་བཞིན། །མཛེས་སྡུག་རྒྱ་མཚོའི་ཟླ་རིས་དབྱངས་ལྡན་མ། །དྲག་མོའི་སྐུར་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་མཚན་མཁའ་ལ་གཡོ་བའི་སྤྲིན་སྔོན་གྱི། །ཁོངས་ལས་རྒྱུ་སྐར་ཚོམ་བུ་རྒོད་པ་བཞིན། །གཤིན་རྗེའི་གཤེད་དང་མཉམ་སྦྱོར་གཅེར་མོའི་ལུས། །རུས་པའི་རྒྱན་ཕྲེང་བཀྲ་བ་ཁྱོད་ལ་འདུད། །མེ་ལོང་གཅིག་ལ་རབ་འབྱམས་གཟུགས་སྣང་བཞིན། །དག་པའི་རྟེན་དང་བརྟེན་པ་ལྷའི་འཁོར་ལོ། །མཐའ་ཡས་ཀུན་ཏུ་སྤྲོ་ཞིང་འཛིན་མཛད་པ། །དུས་གསུམ་རྒྱལ་བའི་


GTD007_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ་ཕྱག་འཚལ་ལོ། །བཀའ་ཡི་འཁོར་ལོས་གནས་གསུམ་ཌཱ་ཀིའི་ཚོགས། །ཀུན་ལ་མངའ་བསྒྱུར་ཡེ་ཤེས་མཁའ་འགྲོ་མ། །ཁྱོད་ཞབས་གུས་བསྟེན་དམ་ཚིག་ལྡན་པའི་བུར། །མ་དང་སྲིང་ལྟར་བརྩེ་བས་ཉེར་དགོངས་ཤིག །དེང་ནས་ཇི་སྲིད་འཇམ་དཔལ་གནས་ཐོབ་པ། །དེ་སྲིད་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་སྟེ། །དངོས་གྲུབ་བདུད་རྩིའི་བཅུད་ཀྱིས་རབ་བསྐྱངས་ནས། །ཟག་མེད་དགའ་བའི་ལང་ཚོ་རྒྱས་གྱུར་ཅིག །ཅེས་བཅོམ་ལྡན་འདས་མ་རྡོ་རྗེ་རོ་ལངས་མ་ལ་བསྟོད་པ་འདི་ནི་དགེ་བའི་བཤེས་གཉེན་རྡོ་རམས་པ་འཇིགས་མེད་རྒྱལ་མཚན་གྱིས་བསྐུལ་བ་ལྟར་༸དཀོན་མཆོག་བསྟན་པའི་སྒྲོན་མེས་བཀྲ་ཤིས་འཁྱིལ་དུ་བྲིས་པའོ།། ༈ ན་མོ་བཛྲ་དྷཱ་རཱ་ཡ། གསང་ཆེན་སྒྱུ་འཕྲུལ་གར་གྱི་རི་མོ་འབུམ། །ཅིར་ཡང་འཆར་བའི་ངོ་མཚར་ཐབས་མཁས་ཀྱིས། །ཐར་འདོད་ཐར་པར་འཁྲིད་པའི་ས་མཁན་མཆོག །བཞད་པའི་རྡོ་རྗེ་སྲིད་པ་གསུམ་ན་རྒྱལ། །ཀུན་གསལ་མཐའ་ལས་འགོངས་པའི་ཡོན་ཏན་གྱི། །རིན་ཆེན་སྙེ་མ་གཡུར་དུ་ཟ་བ་ལས། །རང་བློར་དཔག་པའི་རྣམ་ཐར་མུཀྟི་ཀའ། །ཕྲེང་བ་རྣམ་དཔྱོད་སོར་མོས་བསྟར་བར་བྱ། །མི་ལའི་རིགས་འཁྲུངས་མིང་ཐོས་དགའ་བ་ཁྱོད། །ཞི་བའི་མགྲོན་སླད་སྲིད་པའི་རྒུད་པ་བརྒྱས། །སྐྱབས་མེད་དམ་དང་ལྷན་ཅིག་མནར་བྱས་ཀྱང། །ད་དུང་གདངས་སྙན་གླུ་རུ་ལེན་དེ་མཚར། །དེ་ཚེ་ཞེ་སྡང་བདག་མེའི་འཐོར་རླུང་གིས། །ཁྱོད་མཐུ་གསར་པའི་མེ་ཆེན་སྦར་བ་ཡིས། །གཉེན་མི་དགྲ་སྡེ་ཐལ་བར་བརླག་པ་ན། །ཡིད་སྲུབ་རང་གནས་བསྲེག་པའི་ལྟས་ཀྱིས་འཇིགས། །སྒྱུ་མའི་སྡིག་ཆེན་སྤྱོད་པའི་མིག་འཕྲུལ་དུ། །དེད་དཔོན་མང་བཀུར་མཐོ་རིས་རྟེན་ལ་ཡང། །དམྱལ་བའི་སྡུག་བསྔལ་བཟོད་པའི་དཀའ་ཐུབ་ཀྱིས། །མཁར་


GTD007_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ལ་སོགས་ལྟས་མོ་ཅི་ཡང་བསྟན། །དེ་ནས་མར་པ་ལོ་ཙཱ་ཧེ་བཛྲ། །གཉིས་མེད་ཡེ་ཤེས་རང་བཞིན་དཀྱིལ་འཁོར་དུ། །སྐུ་བཞིའི་ས་བོན་འགྲུབ་པའི་དབང་བསྐུར་གྱིས། །སྨིན་ཚེ་གྲོལ་བྱེད་ལམ་ལ་རིངས་པར་ཆས། །ཀུན་རྟོག་ཚེར་མ་གཟིར་བའི་སེམས་ཀྱི་ཟྭ། །བཅུད་དུ་བསྒྱུར་བའི་ཐབས་མཁས་རྣལ་འབྱོར་ཆེ། །ཁྱོད་ཐུགས་སྟོང་པའི་དབྱིངས་སུ་ཞུགས་པ་ན། །སྐུ་ཡང་ནམ་མཁའི་མདངས་བཟང་སྟོན་པ་བཞིན། །འཆི་མེད་ལམ་ལས་བརྒལ་ནས་ཞི་བའི་གྲོང། །བསྙེགས་འདྲ་གཡའ་རི་གངས་ཀྱི་རི་སུལ་ནས། །རས་གོས་རྐྱང་བས་གྲང་རེག་གཞོམ་པ་དེ། །གཏུམ་མོའི་ཚ་ཟེར་ཁོང་ནས་བཞད་མིན་ནམ། །དེ་ཚེ་བཞི་རལ་བརྒྱད་གྱེས་ཁང་པ་དང། །ལྷུ་ཚིགས་ཀུན་ནས་རྒོད་པ་ཨ་མའི་གདུང། །གཏོལ་མེད་ཕྱོགས་མཐར་འཁྱམས་པ་སྲིང་མོས་ཀྱང། །འཁོར་བའི་ངང་ཚུལ་བསྟན་ནས་ཆོས་ལ་བསྐུལ། །བརྩོན་པ་བརྩོན་པའི་བསྐུལ་མ་རྗེས་འགྲོ་ཅན། །དྲག་འཕྱུར་ཁམ་ནག་དབྱར་གྱི་ཆུ་ཀླུང་བཞིན། །ལས་ཉོན་སྒྲིབ་པའི་ལྗན་ལྗིན་མ་ལུས་པ། །ལྷག་མེད་བྱང་ཚེ་རྟོགས་པ་ཀློང་ནས་རྡོལ། །རིམ་གཉིས་གོམ་སྟབས་བསྒྱུར་ལ་སྙིགས་མའི་ཚེ། །ཐུང་ཡང་མི་འུ་ཐུང་གི་གོམ་གཅིག་གིས། །བསྐལ་མང་བགྲོད་དཀའི་སྒྲ་ཆེན་སངས་རྒྱས་ས། །མནན་ཚེ་རྒྱལ་རྣམས་སྟོབས་ལྡན་རྫུ་ལ་བརྟེན། །འོད་གསལ་སྒྱུ་མའི་རས་དཀར་འདབ་མ་ཟུང། །བསྐྱོད་པའི་གཉིས་སྐྱེས་ཀ་ལ་པིང་ག་ཁྱོད། །མགྲིན་པའི་འཁོར་ལོ་གྲོལ་ལས་གསང་ཆེན་གླུ། །ལྷང་ལྷང་བསྒྲགས་ཚེ་ཌཱ་ཀིའི་སྙིང་རྩ་འདར། །ལུང་བསྟན་བུ་སློབ་རྒྱལ་ཕྲན་
སྟོང་གི་དབུས། །ཟུང་འཇུག་འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་མཁན། །འཁོར་བའི་དགྲ་སྡེ་ཀུན་ལས་རྒྱལ་ཁྱོད་ལ། །མི་མིན་འགའ་ཡིས་མ་ཚུགས་མཚར་སྐད་མཚར། །རྫུ་ཞིང་འཕྲུལ་བའི་རྣམ་རོལ་ཕྲ་མོ་ཡིས། །ཁྱོད་ལ་བསྔགས་པའང་བྱིས་པའི་བློ་གྲོས་ཏེ། །སྔོན་ནས་ངོ་མཚར་མ་ལ་ཡ་རླུང་གིས། །འཕགས་ཡུལ་བརྟན་གཡོའི་འདབ་མ་བསྙིལ་མིན་ནམ། །ཨེ་མ་གྲགས་པའི་གཞིར་གྱུར་ཁྱོད་ཀྱི་མཐུ། །ལྕེ་རྩེའི་མཚོ་ལ་དབྱངས་ཅན་ངང་མོ་འབུམ། །ཅིག་ཅར་འཁྱུད་ཀྱང་བསྐལ་བརྒྱར་རྫོགས་མིན་ན། །རྨོངས་པས་རྨོངས་པ་བདག་འདྲས་ཇི་ལྟར་བརྗོད། །འོན་ཀྱང་ཆ་ཙམ་སྤེལ་བའི་དགེ་བ་འདིས། །ཆོས་བརྒྱད་འགོང་པོ་རྡོག་པས་བརྫི་བྱས་ཏེ། །རིམ་གཉིས་ལམ་བཟང་གོམ་པའི་གར་སྟབས་ཀྱིས། །མི་བསྐྱོད་རྒྱལ་བའི་གནས་སུ་བགྲོད་པར་ཤོག །ཅེས་བསིལ་ལྗོངས་གྲུབ་རིགས་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་མི་ལ་བཞད་པའི་རྡོ་རྗེ་ལ་བསྟོད་པ་གྲུབ་དབང་དགྱེས་པའི་འཛུམ་ཟེར་ཞེས་བྱ་བ་འདི་ནི། ཁྱབ་བདག་ཆེན་པོ་དེ་ཉིད་ཀྱི་རྣམ་ཐར་ལ་ཡིད་མོས་ཀྱང་རྐྱེན་དབང་དུ་ཤོར་བའི་སྙོམས་ལས་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་ཉེར་བདུན་པ་ལ་དབེན་གནས་ཡིད་དགའ་ཆོས་འཛིན་དུ་མཚམས་ལ་སྡོད་སྐབས་ཤིག་མཚན་མོ་གཉིད་ཀྱི་བར་སྐབས་སུ་གང་དྲན་ཡིད་ཀྱི་མེ་ལོང་ལ་བྲིས་པའོ།།


previousསྟོན་པ་ཐུབ་པའི་དབང་པོ་ལ་མ་བརྗོད་པར་བསྟོད་པ་སོགས།next