Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ།next

དཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ།


GTD007_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ་ཞེས་བྱ་བ་བཞུགས་སོ།། རྒྱལ་བས་ཆོས་ཚུལ་གང་བསྟན་པ། །འགྲོ་བ་མུན་པས་ཁེབས་པ་ལ། །འོད་གསལ་བ་ཡི་ཕྱིར་ཡིན་པས། །སྒྲོན་མ་ཀླུ་སྒྲུབ་རྒྱལ་གྱུར་ཅིག །དམིགས་ལས་དམིགས་པ་རྣམ་མང་བས། །འགྲོ་བ་དུབ་པར་


GTD007_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རྣམས། །དམིགས་པ་མེད་པ་ཞི་བའི་བདེར། །འཁྲིད་པ་ཁྱོད་ནི་དེད་དཔོན་ལགས། །ཤེས་རབ་ཕར་ཕྱིན་ཤེས་རབ་བསླབ། །ཤེས་རབ་མདོ་སྡེའི་མཆོག་གྱུར་ཕྱིར། །ཤེས་རབ་གཞུང་མཆོག་མཛད་པ་ཁྱོད། །བསྟན་འཛིན་ཀུན་ལས་བླ་མར་གྱུར། །རིག་གནས་ཤེས་བྱར་སྲིད་ཀུན་ལ། །མུན་སངས་བློ་གྲོས་རབ་རྒྱས་པས། །སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཅེས། །དངོས་པོར་སྨྲ་བ་རྣམས་ཀྱང་འདུད། །མ་རིག་འགག་པས་ཡན་ལག་ཀུན། །འགག་པར་མདོ་སྡེ་ཀུན་གསུངས་ཀྱང། །གབ་པ་སྲིད་པའི་སྲོག་རྩ་ན། །གསལ་བར་གཅོད་པའི་རིགས་པ་བྱིན། །གཞན་དག་སྟོང་ཞེས་བཀག་པར་དང། །བརྟེན་ཞེས་སྒྲུབ་པ་ཉིད་གོ་བས། །ཐག་མཁན་སྟབས་བཞིན་ཕྱོགས་སུ་ལྷུང། །ཁྱོད་ཀྱིས་བཟློག་སྟེ་བདེ་བར་བཞུགས། །རྒྱུ་རྐྱེན་ཡན་ལག་དུ་མ་ཞིག །ཚོགས་ནས་ཕར་ལ་འཇོག་དགོས་པ། །ཚུགས་ཐུབ་རང་དབང་བྲལ་བའི་རྟགས། །དེས་ནི་རྟེན་འབྱུང་སྟོང་པར་བཤད། །རང་དབང་ངོ་བོས་མ་དམིགས་ཀྱང། །སྣ་ཚོགས་སྣང་བ་མི་འགག་པས། །རྐྱེན་ཚོགས་འཇའ་ཚོན་སྣང་ཙམ་དང། །འདྲ་བར་སྟོང་པས་རྟེན་འབྱུང་གསུངས། །མ་ཚོགས་པ་ལ་གནས་མེད་ཅིང། །བརྒྱ་སྟོང་ཚོགས་ལ་གཅིག་པ་མེད། །གཅིག་མེད་པ་ལ་དུ་མ་མེད། །གཅིག་དང་གཞན་མིན་ཅི་ཡང་མེད། །དངོས་པོ་རྫས་དང་ལྡོག་པ་ལས། །གཅིག་དང་ཐ་དད་རྣམ་འབྱེད་པ། །གཉིས་ལ་ལྕེ་གཉིས་སྨྲ་བའི་ཚིག །ཇི་བཞིན་བདེན་པར་ག་ལ་འགྱུར། །དེ་བཞིན་ལ་ལར་སྐྱེ་དང་ཡོད། །གཞན་འགར་འགག་དང་མེད་པ་སོགས། །རེས་འགའ་བ་ཀུན་རྫུན་པ་སྟེ། །བདེན་པ་གཅིག་ལས་འགྱུར་བ་མེད། །ཡོད་ན་རྟག་ཏུ་ཡོད་པ་ལ། །རྐྱེན་གྱིས་ཅི་བྱ་གཉིས་ཀ་མཉམ། །མེད་པར་བདེན་པ་


GTD007_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་མི་སྲིད། །ཤི་བ་པོས་ཀྱང་མགྲོན་དུ་མིན། །རྒྱུ་ལ་རྒྱུ་ཡི་དངོས་གནས་ཚེ། །འབྲས་བུར་དེ་འཆར་མྱུག་བཞིན་ན། །སྟོང་ཕྱིར་སྟོང་ཙམ་དེར་འཆར་དེ། །མཁའ་ཉིད་སྣང་དང་མུན་པ་བཞིན། །ཐ་དད་ལྟོས་མེད་རྒྱུ་འབྲས་མིན། །ཡང་ན་ཀུན་ཀྱང་དེར་བརྗོད་རུང། །ཐེར་ཟུག་རྒྱུ་ནི་འབྲས་བུའི་གེགས། །དེ་ཡིས་གྲོལ་བའི་སྐབས་ཀྱང་ཅ། །དབང་བསྒྱུར་བདེན་པ་བཅོས་མེད་ལ། །བདེན་མིན་བཅིངས་ཀྱང་ཐབས་གཞན་ལྡན། །གྲོལ་སོགས་རུང་ཞེས་བདེན་གཉིས་ཀྱི། །སྒྲུབ་པས་ཐར་འདོད་དབུགས་དབྱུང་མཛད། །ལྟ་ངན་ཀུན་གཙོ་འཇིག་ཚོགས་ལ། །ལྟ་བ་སྲིད་པའི་རྩ་བ་ན། །ལྟ་ཀུན་མཆོག་གྱུར་མཐའ་བྲལ་གྱི། །ལྟ་བས་བཅད་ཉིད་ཐར་པར་བཞེད། །དེ་ཕྱིར་བགྲོད་གཅིག་ཤེས་རབ་རྨད། །འོན་ཀྱང་ཐེག་ཆེན་ནམ་མཁའ་ལྟར། །བྱེད་པོ་ཐབས་ནི་དེ་བས་རྨད། །དེས་ན་ཟབ་རྒྱས་ཟུང་དུ་མཛད། །སྟོང་ཡང་སྣང་ངོ་ཞེས་བྱ་འདིས། །བདེན་པའི་བྱ་བྱེད་རང་རོང་གི །འགལ་འདུའི་མི་བདེ་ཀུན་བསྙལ་བས། །ཀླན་ཀའི་གོ་སྐབས་ཡོངས་ལས་འདས། །ཡོད་མེད་མཐའ་བྲལ་དབུ་མའི་ལམ། །ཡོད་མེད་མཐའ་སྤངས་ཟུང་འཇུག་དོན། །གསལ་བར་ལུང་བསྟན་གསལ་བ་གཉིས། །རྒྱལ་བའི་དགོངས་པ་ཚད་མར་གནས། །མར་མེ་མཛད་ཀྱང་བྱོན་པའི་སྔར། །ལུང་བསྟན་བརྙེས་པས་དཔག་དཀའ་ཡང། །ཕལ་པ་ལྟ་བུར་བྱིན་རློབས་པ། །རྒྱལ་བའི་རྣམ་འཕྲུལ་བསམ་མི་ཁྱབ། །རུང་མིན་དོན་མིན་ཀུན་བསལ་ཏེ། །ཆོས་འདུལ་ལྟ་དང་འདུས་པའི་གནད། །གསལ་མཛད་སངས་རྒྱས་གཉིས་པ་དང། །རྒྱལ་བ་གཉིས་པ་མཚན་དོན་གཅིག །དེ་དག་གཤེགས་བཤུལ་ནང་གནས་ཀྱང། །འཕྱེ་བོ་


GTD007_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་བགྲོད་ནུས་མིན། །རྗེས་སུ་འོ་དོད་འབོད་པ་བཞིན། །གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས། །གུས་པས་གསོལ་བཏབ་དགེ་སྨིན་པས། །རྒྱ་ཆེན་ཐབས་ཀྱི་གཤོག་རླབས་ཅན། །ཟབ་མོའི་དེ་ཉིད་རིགས་པ་ཡིས། །དོན་གཉིས་མཁའ་ལ་བགྲོད་གྱུར་ཅིག །ཅེས་དཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ་ཞེས་བྱ་བ་འདི་ནི་ཚུལ་འདིར་མོས་པའི་བློ་ཅན་ཧལ་ཧ་རབ་འབྱམས་པ་སངས་རྒྱས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། ༈ བློ་གྲོས་བུམ་བཟ༷ང་ཚུ༷ལ་ཁྲི༷མས་བདུད་རྩིས་གཏམས། །འཇི༷གས་མེ༷ད་སྤོབས་པས་བསྟ༷ན་པ༷འི་རྒྱ༷ལ་མཚ༷ན་བསྒྲེངས། །རྨད་བྱུང་མཛད་པས་འགྲོ་ཀུན་སྐྱོབ་མཛད་པ། །མཆོག་སྤྲུལ་དམ་པའི་ཞབས་ལ་གསོལ་བ་འདེབས། །བློ༷་གཏེར་ཀུན་བཟ༷ང་སྤྱོད་ཚུ༷ལ་འདབ་བརྒྱ་བཞད། །བསླབ་ཁྲི༷མས་རྣམ་པར་དག་པའི་དྲི་བཟང་འཕྲོ། །འཇི༷གས་མེ༷ད་རྣམ་དཔྱོད་བསྟ༷ན་པ༷འི་དགའ་ཚལ་གྱི། །རྒྱན་གྱུར་སྦྲང་རྩིའི་རྒྱ༷ལ་མཚ༷ན་རྟག་བརྟན་ཤོག །བློ༷་བཟ༷ང་རྒྱལ་བའི་ཆོས་ཚུ༷ལ་སྤེལ་བའི་ཕྱིར། །ཁྲི༷མས་ལྡན་དགེ་འདུན་འདུས་པའི་གཙུག་རྒྱན་དུ། །འཇི༷གས་མེ༷ད་གདོང་ལྔའི་ཁྲི་ལ་རྟག་བཞུགས་ནས། །བཤད་སྒྲུབ་བསྟ༷ན་པ༷འི་རྒྱ༷ལ་མཚ༷ན་བསྒྲེང་གྱུར་ཅིག །བདག་ཀྱང་བློ༷་གསལ་རིག་བཟ༷ང་ཚུ༷ལ་ཁྲི༷མས་དག །སྲིད་ལ་འཇི༷གས་ཤིང་བདག་མེ༷ད་གནས་ལུགས་མཐོང་། །བསྟ༷ན་པ༷འི་ཡང་སྙིང་རྒྱ༷ལ་བའི་བཀའ་བཞིན་བསྒྲུབས། །མཚ༷ན་ལྡན་བཤེས་གཉེན་རྗེས་སུ་སློབ་གྱུར་ཅིག །བློ༷་ལྡན་སྐལ་བཟ༷ང་གདུལ་བྱའི་མོས་གུས་དང། །ཚུ༷ལ་ཁྲི༷མས་རྣམ་དག་སྨོན་པའི་བདེན་ཚིག་མཐུས། །འཇི༷གས་མེ༷ད་བསྟ༷ན་པ༷འི་རྒྱ༷ལ་མཚ༷ན་དཔལ་བཟང་པོ། །སྲིད་ཞིའི་


GTD007_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྩེ་མོར་མཛེས་གྱུར་ཅིག །ཅེས་འཇམ་མགོན་བསྟན་པའི་ཉིན་བྱེད་རྗེ་བཙུན་དམ་པའི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱལ་མཚན་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་དོན་གྱི་སྨོན་ཚིག་འདི་ནི་ཧལ་ཧ་ཁུ་རེ་ཆེན་མོའི་གྲྭ་རིགས་བློ་བཟང་ཚེ་རིང་གིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྒྱལ་ཀུན་ཐུགས་རྗེའི་སྒྱུ་འཕྲུལ་དྲ་བའི་གར། །ནམ་མཁའ་ཞིང་ཁམས་རབ་འབྱམས་ཀུན་ཁྱབ་པས། །མཐའ་ཀླས་བསྟན་དང་འགྲོ་བའི་མགོན་གྱུར་པ། །ཁྱབ་བདག་འཁོར་ལོའི་མགོན་ལ་གསོལ་བ་འདེབས། །ཁྱད་པར་རྗེ་བཙུན་འཇམ་དཔལ་སྙིང་པོ་ཡི། །ལུང་རྟོགས་ཆོས་ཀྱི་བསྟན་པའི་སྲོག་འཛིན་ཅིང། །གཞན་ཕན་འཕྲིན་ལས་ས་གསུམ་ཀུན་ཏུ་ཁྱབ། །མཚུངས་མེད་འདྲེན་མཆོག་དམ་པར་གསོལ་བ་འདེབས། །རིང་ནས་གོམས་པའི་ཐུགས་བསྐྱེད་རྟ་ལྗང་གིས། །ཉེར་དྲངས་མཚུངས་མེད་མཆོག་སྤྲུལ་ནམ་མཁའི་ནོར། །དགེ་ལྡན་ལུགས་བཟང་འདབ་བརྒྱ་བཞད་པའི་གཉེན། །འགྲོ་བའི་སྒྲོན་མེ་བསྐལ་བརྒྱར་ཞབས་བརྟན་ཤོག །འཇམ་དཔལ་བཀའ་ཉན་ཆོས་ཀྱི་རྒྱལ་པོ་སོགས། །བསྟན་འཛིན་སྲུང་མ་དམ་ཅན་རྒྱ་མཚོའི་མཐུས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང། །འཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག །ཁྱོད་ཞབས་གུས་པས་བསྟེན་པ་བདག་ཅག་ཀྱང། །ཇི་སྲིད་བྱང་ཆུབ་རྡོ་རྗེའི་གནས་ཐོབ་པ། །དེ་སྲིད་འབྲལ་མེད་དགྱེས་བཞིན་རྗེས་འཛིན་ཅིང། །མཉེས་པ་གསུམ་གྱིས་མཉེས་པ་སྒྲུབ་པར་ཤོག །གང་གི་ཐུགས་རྗེའི་གྲུ་གཟིངས་ལ་བརྟེན་ནས། །མདོ་སྔགས་ལམ་བཟང་རྒྱ་མཚོའི་འཇིང་བརྒལ་ཏེ། །མཆོག་ཐུན་དངོས་གྲུབ་ནོར་བུའི་དགའ་སྟོན་ལ། །
འདོད་དགུར་སྤྱོད་པའི་སྐལ་བཟང་ཐོབ་པར་ཤོག །མདོར་ན་མགོན་ཁྱོད་ཞབས་པད་རྟག་བརྟན་ཅིང། །སྡེ་འདིར་མདོ་སྔགས་བཤད་སྒྲུབ་བསྟན་པ་རྒྱས། །ཡངས་པའི་འཇིག་རྟེན་བདེ་འབྱོར་གྱིས་འཚོ་བའི། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་སྐྱེ་དགུའི་འདྲེན་མཆོག་དམ་པ་འཇམ་མགོན་བསྟན་པའི་རྩ་ལག་བཙན་པོ་ནོ་མིན་ཧན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་རྗེ་བཙུན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འདི་ནི། དཔའ་རི་འབྲི་གུ་དགོན་ཁྲི་པ་མཁས་བཙུན་བཟང་པོའི་བདག་ཉིད་བློ་བཟང་བསྟན་འཛིན་འཕྲིན་ལས། ཁྲི་ཟུར་སྐལ་བཟང་མཆོག་གྲུབ། ཁྲི་ཟུར་ངག་དབང་ཆོས་རྒྱ་མཚོ། ཁྲི་ཟུར་སྐལ་བཟང་དངོས་གྲུབ་སོགས་ཐུན་མོང་ནས་བསྐུལ་མ་བྱུང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousདཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ།next