Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
ཚ་གན་ཏི་ཡཱན་ཆི་ངག་དབང་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousཚ་གན་ཏི་ཡཱན་ཆི་ངག་དབང་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།next

ཚ་གན་ཏི་ཡཱན་ཆི་ངག་དབང་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།


GTD007_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་བསྟན་པའི་དཔུང་གཉེན་ཚ་གན་ཏི་ཡཱན་ཆི་ངག་དབང་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་བཞུགས་སོ།། ཟླ་མེད་སྟོན་པ་སྨྲ་བའི་ཟླ་བ་མཆོག །སྒྲིབ་མེད་ཡོངས་སུ་དག་པའི་ཡེ་ཤེས་ཀྱིས། །ཇི་བཞིན་ཀུན་ཏུ་གཟིགས་པའི་བདེན་གསུང་དོན། །མངོན་གྱུར་རྒྱལ་བའི་སྲས་པོ་རྒྱལ་གྱུར་ཅིག །རང་བཞིན་དག་པའི་ཟླ་ཤེལ་དྲི་མའི་སྤྲིན། །རྒྱང་བསྲིངས་ཀུན་ཏུ་བཟང་པོའི་བསིལ་ཟེར་འབུམ། །སྲིད་པ་སྲིད་དུ་སྤྲོ་བའི་དཔལ་ཡོན་ཅན། །འགྲོ་བའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །སྤངས་དང་རྟོགས་པ་མངོན་པར་བྱང་ཆུབ་ཀྱང། །གང་འདུལ་བཀོད་པའི་ཟླ་སྣང་སྤྲུལ་བའི་གར། །སྐལ་བཟང་མོས་པའི་རྫིང་བུར་རྟག་འཆར་བ། །བསམ་གཏན་དཀར་པོའི་ཞབས་ལ་གསོལ་བ་འདེབས། །ཐོས་བསམ་སྒོམ་པའི་ཆ་ཤས་ཡོངས་གང་ཞིང། །གཏན་བདེ་ཀུནྡའི་དགའ་ཚལ་རྒྱས་བྱའི་ཕྱིར། །སྡེ་སྣོད་གསུམ་གྱི་འོད་དཀར་སྤྲོ་བ་པོ། །སྨྲ་བའི་དབང་ཕྱུག་མཆོག་ལ་གསོལ་བ་


GTD007_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །ཚུལ་ཁྲིམས་དག་པའི་མཁའ་ལ་རྣམ་རོལ་ཞིང། །ཕུལ་བྱུང་བསམ་གཏན་རི་དྭགས་མཚན་མས་མཛེས། །ཤེས་རབ་འོད་དཀར་དྲ་བ་འབུམ་འགྱེད་པ། །གྲུབ་པའི་དབང་པོ་མཆོག་ལ་གསོལ་བ་འདེབས། །ལྷག་བསམ་མཆོག་གིས་བྱང་ཆུབ་སེམས་གཉིས་ལ། །གཏན་དུ་གོམས་བྱས་བཅུ་དྲུག་ཆ་རྫོགས་པས། །དཀར་པོའི་ཆོས་ཀྱི་ཆུ་གཏེར་ཀུན་ཏུ་རྒྱས། །ཐེག་མཆོག་བཤེས་གཉེན་དམ་པར་གསོལ་བ་འདེབས། །སྐྱེ་བའི་ལྗོན་པ་སྡུག་བསྔལ་གཞིར་མཐོང་བའི། །ངེས་འབྱུང་འགྲོ་ལ་རྗེས་མཚོན་སྙིང་རྗེའི་སེམས། །ཐེག་གསུམ་ཆོས་ཀུན་གཅིག་གྱུར་དགོངས་པ་བརྙེས། །སེམས་དཔའ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དགག་སྒྲུབ་གནང་བཀག་ཕྲ་བའི་ཆ་ལ་ཡང། །དྲན་ཤེས་བག་ཡོད་ངེས་པའི་བརྟུལ་ཞུགས་ཀྱིས། །འདར་མེད་དམ་ཚིག་ཕྱག་རྒྱའི་རེ་ཁ་འཆང། །འདུལ་འཛིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །མ་ཞུམ་སྙིང་སྟོབས་གོ་ཆའི་སྒྲུབ་པ་ཡིས། །ཉོན་མོངས་དགྲ་སྡེའི་གཡུལ་ངོ་གཞོམ་པ་ལ། །བརྣག་དཀའི་བྱང་ཆུབ་སྤྱོད་པ་ཀུན་བཟོད་པ། །དཀའ་ཐུབ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །གྲངས་རིང་བསྐལ་པར་ཕྱིན་དྲུག་བསྡུ་བཞི་སོགས། །སྤྱོད་པ་རྣམ་བཅུའི་ཆོས་ཀྱི་ངང་ཚུལ་ལས། །མི་གཡོ་རང་གཞན་སྨིན་ཅིང་གྲོལ་བྱེད་པ། །དགེ་སྦྱོང་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །མདོར་ན་སྐུ་གཉིས་འགྲུབ་བྱེད་སེམས་མཆོག་གཉིས། །ཡན་ལག་བཅས་ལ་རྟག་གུས་སྦྱོར་བ་ཡི། །ཉམས་ལེན་ཟབ་མོའི་རྟོག་པ་མཐར་སོན་པ། །རྣལ་འབྱོར་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ཐུན་མོང་ལམ་བཟང་གོམས་པའི་


GTD007_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་རྫོགས་ཀྱང། །སྐུ་གསུམ་ཚེ་འདིར་སྒྲུབ་པ་རྡོ་རྗེའི་ཐེག །ཁོ་ནར་གཟིགས་པས་རིམ་གཉིས་རྣལ་འབྱོར་ལས། །གཡོ་མེད་རིག་འཛིན་མཆོག་ལ་གསོལ་བ་འདེབས། །ལས་ཉོན་འཆི་བ་ཆོས་སྐུར་སྦྱངས་པ་ལས། །ལོངས་སྤྱོད་རྫོགས་དང་རགས་པ་སྤྲུལ་བའི་སྐུར། །ཡིད་ངོར་ལྡང་བྱེད་རིམ་པ་དང་པོའི་ལམ། །མཐར་ཕྱིན་སྔགས་འཆང་ཆེན་པོར་གསོལ་བ་འདེབས། །སྐུ་ཡི་རྡོ་རྗེའི་གཞི་ལ་སྔགས་ཀྱི་གདངས། །གསུང་གི་རྡོ་རྗེས་ཟླ་ཉིའི་རྒྱུ་བ་བཅད། །དྷུ་ཏཱིར་ལྷན་ཅིག་སྐྱེས་དགའ་རྡོ་རྗེའི་ཐུགས། །མངོན་གྱུར་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །སྒྲིབ་མེད་འོད་གསལ་གཉིད་དུ་གཡུར་བ་ལས། །སྒྱུ་འཕྲུལ་དྲ་བ་བཞེངས་པས་སྣང་སྟོང་ཆོས། །རིས་མེད་རྒྱན་གྱི་འཁོར་ལོ་མི་ཟད་པར། །དབང་བསྒྱུར་གྲུབ་པ་མཆོག་ལ་གསོལ་བ་འདེབས། །རང་དོན་རྟོག་པ་མཆོག་གི་རྒྱལ་ཐབས་ལ། །དབང་བསྒྱུར་འགྲོ་ལ་བརྩེ་བའི་གཞན་དབང་གིས། །མཛད་བཟང་ཐུབ་དབང་བསྟན་པའི་དཔལ་གྱུར་པ། །བསྟན་པའི་རྩ་ལག་དམ་པར་གསོལ་བ་འདེབས། །ཁྱད་པར་རྒྱལ་ཀུན་དགོངས་པའི་བཅུད་བསྡུས་པ། །མདོ་སྔགས་ཟུང་འཇུག་འཁྲུལ་བྲལ་དགེ་ལྡན་བསྟན། །འཁོར་ལོ་གསུམ་གྱིས་ཕྱོགས་མཐར་སྤེལ་བ་ཡི། །ཐུགས་བསྐྱེད་ལྷུན་གྱིས་གྲུབ་ལ་གསོལ་བ་འདེབས། །མདོར་ན་མང་ཐོས་མཁས་པ་ཀུན་གྱི་གཙོ། །མདོ་སྔགས་ལམ་གྱིས་རྒྱུད་སྦྱངས་གྲུབ་པའི་རྗེ། །བསྟན་འགྲོར་ཕན་དགོངས་བཟང་པོའི་མཐུ་ལྡན་པ། །བསླུ་མེད་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །དེ་ལྟར་ཡོན་ཏན་ཕུང་པོ་ཆུ་ཡི་ཁུར། །ལྷུན་སྟུག་གྲགས་པའི་སྒྲ་བརྒྱ་རྒོད་པ་དེར། །དང་བའི་མདོངས་མཐའ་དགའ་བས་རོལ་པ་ཡིས། །བསྟོད་པའི་ཚིག་


GTD007_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གི་མགྲིན་གླུ་སྙན་པར་འཁྲོལ། །དགེ་བ་ཟླ་བའི་ཞུན་པར་འབེབས་པ་དེས། །བདག་སོགས་དེང་ནས་སྐྱེ་བའི་ཕྲེང་བ་རུ། །བཤེས་གཉེན་དམ་པའི་མགོན་དང་མི་འབྲལ་ཞིང། །ལེགས་གསུང་བདུད་རྩིའི་བཅུད་ཀྱིས་འཚོ་བར་ཤོག །བྱང་ཕྱོགས་འཛིན་མའི་རྒྱན་གྱུར་ཆོས་ཀྱི་གྲྭར། །རྒྱལ་ཡུམ་དངོས་ཤུགས་དགོངས་པའི་ཟབ་རྒྱས་ཆོས། །གཞི་རྟེན་ཆོས་འདུལ་ལུང་རིགས་མངོན་པར་བཅས། །ལེགས་བཤད་མི་ནུབ་རྒྱལ་མཚན་ཚུགས་གྱུར་ཅིག །དབང་གིས་སྨིན་བྱས་དམ་ཚིག་ཞིང་ས་ལ། །གསང་ཆེན་གདམས་པའི་ལོ་འདབ་གཡུར་ཟ་ཞིང། །ཟབ་གསལ་རིམ་གཉིས་རྣལ་འབྱོར་འབྲས་སྨིན་པས། །དོན་གཉིས་དགེ་མཚན་ལྷུན་གྱིས་གྲུབ་གྱུར་ཅིག །སྐྱེ་དགུའི་ཕན་བདེའི་འབྱུང་གནས་ཐུབ་པའི་བསྟན། །ཆ་ཤས་ཀུན་ནས་མི་ཉམས་འཕེལ་རྒྱས་ཤིང། །དེ་འཛིན་དམ་པ་མཆོད་ཡོན་དང་བཅས་པ། །དབྱར་མཚོ་ཇི་བཞིན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་དགེ་སློང་འཇིགས་མེད་རབ་བརྟན་གྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བ་ལྟར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་བྲིས་པའོ།། ༈ བློ༷་གྲོས་དྲི་མ་མེད་པའི་ལྷ་ལམ་ངོས། །ཀུན་བཟ༷ང་སྤྱོད་ཚུལ་ཡིད་འོང་བདུད་རྩིའི་གཏེར། །ཟབ་རྒྱས་ཆོ༷ས་ཀྱི་ཆུ་མཚོ་ད༷ར་རྒྱས་སུ། །སྤེལ་མཛད་སྨྲ་བའི་ཟླ་བ་རྒྱལ་གྱུར་ཅིག །བློ༷་བཟ༷ང་གྲགས་བསྟན་བདུད་རྩིའི་བཅུད་མྱང་སྟེ། །ཆོ༷ས་ཀུན་གཟིགས་པའི་ལང་ཚོ་ད༷ར་ལ་བབ། །དཔལ་ལྡན་མཁས་པ་ཀུན་གྱིས་གུས་བསྟེན་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ༷་ལྡན་སྐལ་བཟ༷ང་རྐང་པ་དྲུག་པའི་ཚོགས། །དམ་ཆོ༷ས་


GTD007_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་རྩིའི་བཅུད་ཀྱིས་ཚིམ་མཛད་པའ། །གྲགས་སྙན་ད༷ར་དིར་དབྱངས་ཀྱིས་ནོར་འཛིན་ཁྱབ། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །བློ༷་གྲོས་རྣམ་པར་རྒྱལ་བའི་ཁང་བཟ༷ང་རྩེར། །ལུང་རྟོགས་ཆོ༷ས་ཀྱི་རྒྱལ་མཚན་མངོན་མཐོ་ཞིང་། །གཞན་ཕན་འཕྲིན་ལས་ད༷ར་གྱི་ཤམ་བུ་གཡོ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐྱབས་གསུམ་ཐུགས་རྗེ་བདེན་མཐུས་བླ་མ་མཆོག །བློ༷་བཟ༷ང་བསྟན་པའི་དཔལ་དུ་ཞབས་བརྟན་ཅིང། །ཆོ༷ས་སྲིད་མཛད་འཕྲིན་ད༷ར་ཞིང་རྒྱས་གྱུར་ཏེ། །འགྲོ་ཀུན་གཏན་བདེའི་དཔལ་ལ་འགོད་གྱུར་ཅིག །ཅེས་བསྟན་པའི་འབྱུང་ཁུངས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བ་འཇམ་མགོན་བསྟན་པའི་གསལ་བྱེད་ཆེན་པོ་བློ་བཟང་ཆོས་དར་བའི་ཞལ་སྔ་ནས་ཀྱི་ཞབས་བརྟན་གསོལ་འདེབས་འདི་ནི་རྣམ་དཔྱོད་ཡངས་པ་འཇིགས་མེད་དམ་ཆོས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ།། ༈ ངག་དབང་མཁྱེན་གཏེར་འཇམ་དཔལ་སྙིང་པོའི་བསྟན། །དགེ་ལྡན་ལུགས་བཟང་མདོ་སྔགས་ཟུང་འབྲེལ་གྱི། །ལེགས་བཤད་དགའ་སྟོན་འགྱེད་པའི་དཔལ་ཡོན་ཅན། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །དེ་ཉིད་སླར་ཡང་སྐ༷ལ་བཟ༷ང་གདུལ་བྱ་ལ། །དགེ༷་ལེ༷གས་རྒྱ༷་མཚོ༷འི་མཆོག་སྦྱིན་སྤེལ་བའི་ཕྱིར། །ཡང་སྲིད་གཞོན་ནུའི་སྐུ་ཡི་རྣམ་རོལ་པ། །མཆོག་སྤྲུལ་དམ་པའི་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་འཇིགས་མེད་དབང་པོ་སོགས། །བཤེས་གཉེན་དམ་པ་དུ་མས་རྗེས་བཟུང་བས། །མཁས་བཙུན་བཟང་པོའི་ཡོན་ཏན་ལྷུན་རྫོགས་པ། །སྐལ་བཟང་དགེ་ལེགས་རྒྱ་མཚོར་གསོལ་བ་འདེབས། །བླ་མ་


GTD007_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་མཆོག་གསུམ་རྒྱ་མཚོ་དང། །ཚེ་ཡི་མཆོག་སྦྱིན་ལྷག་པའི་ལྷ་ཚོགས་མཐུས། །རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང། །ཕྲིན་ལས་སྣང་བ་ཕྱོགས་མཐར་རྒྱས་གྱུར་ཅིག །ཡངས་པའི་ལྗོངས་འདིར་ཆོས་སྲིད་འབྱོར་བ་རྒྱས། །མདོ་སྔགས་ཟུང་འབྲེལ་བཤད་སྒྲུབ་བསྟན་པ་དར། །དགེ་བཅུའི་དཔལ་གྱི་འདབ་བརྒྱ་བཞད་པ་ཡིས། །ངེས་ལེགས་སྦྲང་རྩིའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་བསྟན་པའི་རྩ་ལག་སྐལ་བཟང་དགེ་ལེགས་རྒྱ་མཚོའི་ཞབས་བརྟན་སྨོན་ཚིག་འདི་ནི་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་ཉི་མས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཕུལ་བྱུང་དགེ་མཚན་སྣང་བ་འབུམ་ཕྲག་གིས། །སྲིད་ཞིའི་རྒུད་པའི་མུན་པ་དྲུངས་འབྱིན་ཅིང། །ཕན་དང་བདེ་བའི་ལམ་བཟང་གསལ་མཛད་པ། །མཆོག་གསུམ་ཐུགས་རྗེའི་ཤིས་པས་རིང་དུ་སྐྱོངས། །བློ༷་བཟ༷ང་རྒྱལ་བསྟ༷ན་སྤེལ་བའི་ཐུགས་བསྐྱེད་ཀྱི། །ཆུ་འཛི༷ན་ཀློང་ལས་མདོ་སྔགས་ཆོ༷ས་ཀྱི་ཆར། །འཇོ་བས་གཏན་བདེའི་མྱུ་གུ་འཕེ༷ལ་མཛད་པ། །མཚུངས་མེད་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། །རིང་ནས་གོམས་པའི་ལྷག་བསམ་གྲུ་གཟིངས་མཆོག །མདོ་སྔགས་ཆོས་ཚུལ་ནོར་བུས་ཡོངས་བཀང་སྟེ། །སྐལ་བཟང་གདུལ་བྱའི་ཚོགས་ཀྱི་རེ་སྐོང་བའི། །བཞེད་དོན་གེགས་མེད་ལྷུན་གྱིས་གྲུབ་གྱུར་ཅིག །ཚེ་སྦྱིན་ལྷག་པའི་ལྷ་ཚོགས་བདེན་པའི་མཐུས། །འདྲེན་མཆོག་དམ་པའི་སྐུ་ཚེ་རབ་བརྟན་ཅིང། །མཁས་བཙུན་བཟང་པོའི་མཛད་བཟང་ལྷུན་རྫོགས་པས། །བློ་བཟང་རྒྱལ་བསྟན་ཕྱོགས་མཐར་སྤེལ་གྱུར་ཅིག །སྤྱན་རས་གཟིགས་དབང་མྱུར་མཛད་མགོན་པོ་དང། །མ་


GTD007_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འདོད་ཁམས་དབང་མོའི་མཐུ་སྟོབས་ཀྱིས། །ཕྱི་ནང་ཉེར་འཚེའི་ཚོགས་རྣམས་ཀུན་བཅོམ་སྟེ། །སྨོན་པའི་འབྲས་བཟང་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་བསྟན་པའི་གསལ་བྱེད་བུར་ཧན་བླ་མའི་སྤྲུལ་བའི་སྐུ་བློ་བཟང་བསྟན་འཛིན་ཆོས་འཕེལ་གྱི་ཞབས་བརྟན་གསོལ་འདེབས་འདི་ནི་ཏཱ་བླ་མ་རབ་འབྱམས་པ་ཀུན་དགའ་རྣམ་རྒྱལ། དགེ་བསྐོས་རབ་འབྱམས་པ་བཀྲ་ཤིས་རྣམ་རྒྱལ་སོགས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དཔ༷ལ་ལྡ༷ན་ཡོན་ཏན་དཀྱིལ་འཁོར་ཡོངས་རྫོགས་ཤིང། །ཐུ༷བ་བསྟ༷ན་བཤད་སྒྲུབ་བདུད་རྩིའི་འོད་སྣང་གིས། །རྒྱ༷་མཚོ༷འི་གོས་ཅན་ཀུན་ཏུ་གསལ་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚངས་སྤྱོད་བརྟུལ་ཞུགས་མཆོག་གི་དཔ༷ལ་དང་ལྡ༷ན། །ཐུ༷བ་པའི་སྲས་མཆོག་བསྟ༷ན་པའི་ཁུར་འཛིན་ཞིང། །གསང་ཆེན་རྒྱུད་སྡེ་རྒྱ༷་མཚོ༷འི་ཕ་རོལ་སོན། །མཚུངས་མེད་བཤེས་གཉེན་དམ་པ་ཞབས་བརྟན་ཤོག །འཆི་མེད་དཔལ་སྟེར་ལྷ་ཚོགས་ཐུགས་རྗེའི་མཐུས། །དཔ༷ལ་ལྡ༷ན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཞིང། །ཐུ༷བ་པའི་བསྟ༷ན་སྲུང་རྒྱ༷་མཚོ༷འི་མཐུ་སྟོབས་ཀྱིས། །རྣམ་དཀར་འཕྲིན་ལས་གེགས་མེད་རྒྱས་གྱུར་ཅིག །མཁའ་མཉམ་ལུས་ཅན་ཕན་བདེའི་སྒོ་གཅིག་པུ། །དགེ་ལྡན་རིང་ལུགས་ཕྱོགས་མཐར་འཕེལ་རྒྱས་ཤིང། །དེ་འཛིན་ངུར་སྨྲིག་འཆང་བའི་འདུས་སྡེ་ཡི། །བཤད་སྒྲུབ་བྱ་བ་དབྱར་མཚོ་ལྟར་རྒྱས་ཤོག །མདོར་ན་བསྟན་དང་བསྟན་འཛིན་སྐྱེས་བུ་དང། །བསྟན་པའི་སྦྱིན་བདག་ཆོས་སྲིད་དཔལ་འབྱོར་ཀུན། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བ་ཡིས། །རྫོགས་ལྡན་གསར་པའི་ཀུན་དགའ་རྒྱས་གྱུར་ཅིག །ཅེས་འདན་མ་སྤྲུལ་བའི་སྐུ་རིན་པོ་ཆེ་


GTD007_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཐུབ་བསྟན་རྒྱ་མཚོའི་ཞབས་བརྟན་སྨོན་ཚིག་འདི་ནི་ཕྱག་མཛོད་བློ་བཟང་བཟོད་པ་དང་དཀའ་བཅུ་ངག་དབང་འབྱུང་གནས་གཉིས་ཀྱི་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བློ༷་བཟ༷ང་རྒྱལ་བའི་བསྟ༷༷ན་པ་འཛི༷ན་པ་ཡི། །རླབས་ཆེན་ཐུགས་བསྐྱེད་ས་བོན་སྨིན་པ་ལས། །རྨད་བྱུང་འཕྲི༷ན་ལ༷ས་ཡལ་གའི་ཕྱོགས་རྫོགས་པ། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཚུལ་ཁྲིམས་བདུད་རྩིས་བློ༷་ཡི་བུམ་བཟ༷ང་གཏམས། །བསྟ༷ན་འགྲོར་སྨན་པའི་ལྷག་བསམ་ཁུར་འཛི༷ན་ཞིང་། །གསང་ཆེན་འཕྲི༷ན་ལ༷ས་རྣམ་བཞིའི་མཐུ་ལྡན་པ། །གསུམ་ལྡན་རྡོ་རྗེ་འཛིན་ཁྱོད་ཞབས་བརྟན་ཤོག །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐུགས་རྗེ་ཡི། །བྱིན་རླབས་ཟད་མི་ཤེས་པའི་སྤྲིན་ཕུང་ལས། །དངོས་གྲུབ་རྣམ་གཉིས་གྲུ་ཆར་འཇོ་བ་ཡིས། །རྣམ་དཀར་བཞེད་དོན་ལྷུན་གྱིས་གྲུབ་གྱུར་ཅིག །བདག་སོགས་ཀུན་ཀྱང་སྐྱེ་བའི་ཕྲེང་བ་རུ། །ཡོངས་འཛིན་དམ་པས་འབྲལ་མེད་རྗེས་འཛིན་ཞིང། །རྒྱུ་འབྲས་ཐེག་པའི་ལམ་བཟང་རིམ་བགྲོད་དེ། །བླ་མེད་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག །བླ་མ་ཡི་དམ་མཆོག་གསུམ་བྱིན་རླབས་དང། །བདག་སོགས་རྩེ་གཅིག་མོས་པའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་བཞིན་ལྷུན་གྱིས་གྲུབ་པ་ཡིས། །བསྟན་འགྲོའི་ཕན་བདེའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་པ་འདི་ནི་འབྲི་གུ་དགོན་པའི་སློབ་ཟུར་སྐལ་བཟང་མཆོག་གྲུབ་དང་ཞབས་དྲུང་ངག་དབང་ཆོས་རྒྱ་མཚོ་གཉིས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ སྲིད་གསུམ་བསོད་ནམས་ཕུང་པོ་ལས་རྒྱལ་བ། །དཔལ་སྟུག་སྤྲོས་བྲལ་བདེ་བ་མཆོག་གི་ཚོགས། །ལྷུན་གྲུབ་


GTD007_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་རི་མོར་ཡོངས་སྨིན་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱུ་མེད་འགྲོ་ལ་མཉེས་གཤིན་བདེ་འཐུང་གི །རྩེ་དགའ་རྒྱས་པ་ལྷག་བསམ་ཆུ་ལྡན་ཕྲེང། །ཀུན་རྟོག་རྒྱུ་བ་སད་པའི་སྔོ་བསངས་སྡེར། །རོལ་པ་གྲུབ་པའི་དབང་པོར་གསོལ་བ་འདེབས། །ཐ་དད་ཁམས་ཀྱི་རྫིང་བུ་རབ་འབྱམས་སུ། །གང་འདུལ་བཀོད་པར་འཆར་བའི་གཞན་ཕན་སྟོབས། །ལྷུན་རྫོགས་སྐལ་བ་བཟང་པོའི་འཇིག་རྟེན་མིག །རྗེ་བཙུན་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །དེ་ཉིད་སླར་ཡང་ཐུགས་བསྐྱེད་བརྩོན་པོའི་མཐུ། །ཡིད་སྲུབ་དཔུང་པ་མཐར་བྱེད་རྡོ་རྗེ་ཡི། །གདེངས་ཀ་སྟོང་ཕྲག་ཉི་མའི་གཟི་འབར་བ། །མཆོག་སྤྲུལ་དམ་པའི་ཞབས་ལ་གསོལ་བ་འདེབས། །དཀོ༷ན་མཆོ༷ག་ཐུགས་རྗེ་ཟླ་བ་ནོར་བུའི་འོད། །དགེ༷་ལེ༷གས་ག་བུར་གཟེགས་མ་འབུམ་འགྱེད་པས། །ཕན་བདེའི་རླབས་ཕྲེང་རོལ་བ་ཐུབ་བསྟན་གྱི། །རྒྱ༷་མཚོ༷འི་གཉེན་གཅིག་དམ་པར་གསོལ་བ་འདེབས། །ངེས་འབྱུང་རི་ཥིས་སྦྱངས་པ་ཡིད་བཞིན་མཚོ། །སྐྱོན་བྲལ་བཤད་སྒྲུབ་ནོར་བུས་ཡོངས་གཏམས་པ། །ཐར་འདོད་མངོན་དགའི་པད་ཚལ་རྒྱས་པའི་དཔྱིད། །མཚུངས་བྲལ་འགྲོ་བའི་མགོན་པོར་གསོལ་བ་འདེབས། །ཡོངས་སྨིན་བསྟན་པའི་ཉིན་བྱེད་དམར་བའི་འོད། །དབང་ཕྱོགས་ལྷུན་པོའི་རྩེ་མོར་ཆགས་པའི་ངོགས། །ཐབས་མཁས་འཇུག་པས་མ་རྣམས་སྐྱོང་མཛད་པ། །ཐུགས་རྗེའི་བདག་ཉིད་མཆོག་ལ་གསོལ་བ་འདེབས། །ལུང་རིགས་འདབ་མ་གཡོ་བའི་འཐོར་རླུང་གིས། །སྨྲ་ངན་སྤོབས་པའི་རི་བོ་རལ་བྱེད་ཅིང། །རྒྱལ་བསྟན་ལྷ་ལམ་གཅོད་པའི་གཟི་བྱིན་འབར། །བཤེས་གཉེན་མཁའ་ལྡིང་དབང་པོར་གསོལ་བ་འདེབས། །དཀོ༷ན་མཆོ༷ག་ཀུན་འདུས་བླ་མ་ཡི་


GTD007_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལྷ། །བསྟན་སྲུང་སྡེར་བཅས་མཐུ་ཡིས་འདྲེན་པ་མཆོག །དགེ༷་ལྡན་བསྟན་པའི་དཔལ་དུ་ལེ༷གས་བཞུགས་ཏེ། །ཕྲིན་ལས་རྒྱ༷་མཚོ༷འི་གོས་ཅན་ཁྱབ་གྱུར་ཅིག །མཁས་བཙུན་བཟང་པོའི་ལྟེ་བ་ལས་ཐོན་ཅིང། །རིས་མེད་སྙིང་རྗེའི་མུ་ཁྱུད་ཀྱིས་བསྡམས་པ། །གཞན་ཕན་རྩིབས་སྟོང་རབ་རྫོགས་གསེར་སྦྱང་གི །འཁོར་ལོ་སྲིད་གསུམ་བླ་ན་རྩེན་གྱུར་ཅིག །བདག་སོགས་གྲོལ་བའི་རོ་བདའ་མོས་གུས་ཀྱི། །བདུད་རྩིས་ཡིད་ལ་གཏམས་པའི་རྗེས་འཇུག་ཀུན། །སྐྱེ་བའི་ཕྲེང་བར་རྗེས་བཟུང་བྱང་ཆེན་གྱི། །ནོར་བུའི་ཁྲི་འཕང་མཆོག་ལ་འགོད་གྱུར་ཅིག །ལེགས་སྨོན་དུས་སུ་འཇོ་བའི་གྲུ་ཆར་གྱིས། །དགེ་འདུན་ཆོས་འབྱོར་དཔལ་གྱི་འདབ་རྒྱས་ཤིང། །ས་དབང་སྡེ་བཞིའི་ཕུན་ཚོགས་རླབས་ཕྲེང་འཕྱུར། །སྙན་པ་མཁའ་འགྲོའི་རྫ་རྔ་འཁྲོལ་གྱུར་ཅིག །མི་འགྱུར་གདོད་མའི་རང་བཞིན་ཨ་དར་ཤ །བསླུ་མེད་རྟེན་འབྱུང་སྣང་བ་མི་འགོག་པས། །རྣམ་སྨིན་དཀར་པོར་འཛག་པ་སྨོན་པའི་དངོས། །མ་ལུས་གེགས་མེད་འབྲས་བུར་སྨིན་གྱུར་ཅིག །ཅེས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་བསྟན་པའི་རྩ་ལག་དམ་པར་གྱུར་པ་ཐུ་མེད་ལོ་ཙཱ་བ་བླ་མའི་སྤྲུལ་སྐུ་དཀོན་མཆོག་དགེ་ལེགས་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་འདི་ནི་དད་བརྩོན་ལྡན་པ་གཉེར་པ་ཚེ་འཕེལ། གཞན་ཡང་མང་ཐོས་སྒྲུབ་ལ་གཞོལ་བ་ཡོན་ཏན་རྒྱ་མཚོ་སོགས་ཐུ་མེད་ཤོག་གི་གྲྭ་རིགས་སྤྱི་ནས་བསྐུལ་བ་ལྟར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྒྱལ་དབང་གྲགས་བསྟན་ཆོས་ཀྱི་གདུགས་དཀར་པོ། །ལུས་ཅན་ཡོངས་ལ་ཕན་བདེའི་གྲིབ་བསིལ་ཅན། །སྤེལ་ཕྱིར་སྐྱེ་བའི་ཟློས་གར་ལྷུར་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇི༷གས་མེ༷ད་སྙིང་སྟོབས་ལྷག་


GTD007_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡུ་བ་བརྟན། །གཞུང་ལུགས་མང་ཐོས་དར་གྱི་ཤམ་བུ་བཀྲ། །རྣམ་དག་བསླབ་གསུམ་ནོར་བུའི་ཏོག་གིས་མཛེས། །བསྟན་པའི་རྒྱ༷ལ་མཚ༷ན་འཛིན་ལ་གསོལ་བ་འདེབས། །སྲིད་དང་ཞི་བའི་དགེ་ལེགས་མ་ལུས་པའ། །འབྱུང་གནས་མཆོག་གསུམ་སྤྱི་དང་ཁྱད་པར་དུ། །གཡུང་དྲུང་ཚེ་ཡི་མཆོག་སྦྱིན་ལྷ་ཚོགས་མཐུས། །རྗེ་བཙུན་དམ་པ་བསྐལ་བརྒྱར་ཞབས་བརྟན་ཤོག །ཡི་དམ་ཆོས་སྲུང་རྒྱ་མཚོའི་མཐུ་སྟོབས་ཀྱི། །དཔུང་བས་ནག་ཕྱོགས་བདུད་སྡེའི་གཡུལ་བཅོམ་སྟེ། །བསྟན་དང་འགྲོ་ལ་སྨན་པའི་འཕྲིན་ལས་ཀྱི། །རུ་མཚོན་ཕྱོགས་ཀྱི་འཁོར་ལོར་སྒྲེང་བར་མཛོད། །སྐྱེ་ཞིང་སྐྱེ་བར་བདག་སོགས་ལུས་ཅན་ཀུན། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་འཛིན་ཞིང། །ཡང་དག་ལམ་གྱི་གྲུ་གཟིངས་ལ་བརྟེན་ནས། །སྲིད་པའི་མཚོ་ལས་མྱུར་དུ་སྒྲོལ་གྱུར་ཅིག །ཅེས་བསྟན་པའི་གསལ་བྱེད་དམ་པ་འགྱང་རོ་སྤྲུལ་བའི་སྐུ་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་པའི་ཞབས་བརྟན་སྨོན་ཚིག་འདི་ནི་ཁ་ཀྱའི་རབ་འབྱམས་པ་ངག་དབང་བསམ་གཏན་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རབ་འབྱམས་རྒྱལ་ཀུན་རྟག་པ་དམ་པའི་རྒྱུ། །ཟླ་བ་བདུད་རྩིའི་རང་བཞིན་བྱང་ཆུབ་སེམས། །འཇིག་རྟེན་དབང་ཕྱུག་ཉིད་སྤྲུལ་ཟློས་པའི་གར། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །དགེ༷་མཚན་སྐལ་བཟང་གདུལ་བྱའི་འདུ༷ན་མོས་མཁར། །དཀོ༷ན་མཆོ༷ག་རིན་ཆེན་གསུམ་འདུས་ཉིན་མོར་བྱེད། །བློ༷་བཟ༷ང་རྒྱལ་བསྟ༷ན་འཛི༷ན་མའི་ཁོར་ཡུག་ཁྱོན། །གསལ་མཛད་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། །མཐའ་བརྒྱད་སྤྲོས་བྲལ་ཆོས་ཀྱི་ཕྱག་རྒྱ་ཆེས། །གསང་ཆེན་ཐེག་པར་རྒྱས་བཏབ་བསྟན་པའི་གནད། །ཀུན་རྫོགས་སྙིང་


GTD007_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་པོའི་དགོངས་པ་བཞིན། །སྤེལ་ཕྱིར་རྡོ་རྗེའི་ཁམས་སུ་ཞབས་བརྟན་ཤོག །ཆོས་འདུལ་སྤྱོད་པ་རྣམ་དག་འདབ་མས་མཛེས། །གཞན་ཕན་ལྷག་བསམ་མཆོག་གི་དྲི་བཟང་འཐུལ། །རིམ་གཉིས་རྟོགས་པའི་འབྲས་བུ་གཡུར་ཟ་བ། །འདྲེན་མཆོག་སྦྲང་རྩིའི་རྒྱལ་མཚན་རྟག་བརྟན་ཤོག །ཐུགས་བསྐྱེད་ཀཻ་ལ་ཤ་རིའི་རྒྱུན་བཟང་པོ། །བསྟན་འགྲོའི་དཔྱིད་དུ་འབབ་པ་ལྷ་ཡི་ཆབ། །གྲགས་སྙན་རླབས་ཀྱི་འཁྲི་ཤིང་རལ་པར་བཅས། །ནོར་འཛིན་ཁོར་ཡུག་ཤིས་པས་སྐྱོང་གྱུར་ཅིག །ཅེས་དགེ་ལྡན་བསྟན་པའི་རྩ་ལག་རྫོང་དཀར་ཆེ་ཚང་སྤྲུལ་བའི་སྐུ་དགེ་འདུན་དཀོན་མཆོག་བློ་བཟང་བསྟན་འཛིན་པའི་ཞབས་བརྟན་གསོལ་འདེབས་འདི་ནི་ལྷག་བསམ་རྨད་དུ་བྱུང་བ་སྐུ་སྐྱེ་བློ་བཟང་ཤེས་རབ་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བསོད་ནམས་ཡེ་ཤེས་ཡང་དག་གྲུབ་པའི་དངོས། །ཟུང་དུ་འཇུག་པ་རྣལ་འབྱོར་དགའ་ཚལ་དུ། །དོན་གཉིས་འབྲས་བཟང་སྨིན་པས་སྤ་བ་ཡི། །རྣམ་འདྲེན་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག །འཇི༷གས་མེ༷ད་རྣམ་པར་དཔྱོད་པའི་གསེར་ལྡན་མར། །བཤད་སྒྲུབ་ལུ༷ང་རི༷གས་ཆུ་བོ་འབུམ་འདུས་པ། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རྒྱ་མཚོ་ཆེ། །མཆོག་སྤྲུལ་དམ་པའི་ཞབས་ལ་གསོལ་བ་འདེབས། །བརྩེ་ཆེན་གོམས་པས་ཞི་བའི་མཐའ་ལས་གྲོལ། །རྣམ་འབྱེད་རལ་གྲིས་སྲིད་པའི་དྲ་བ་བཅད། །མཁྱེན་བརྩེའི་བདག་ཉིད་སྐལ་ལྡན་ཡོངས་ཀྱི་མགོན། །རྗེ་བཙུན་དམ་པ་བསྐལ་བརྒྱར་ཞབས་བརྟན་ཤོག །བྱིན་རླབས་བདུད་རྩིའི་སྣང་བ་མི་ཟད་པས། །ཚེ་དཔལ་ཀུནྡ་རྒྱས་བྱེད་སྣང་མཐའ་ཡས། །ཡིད་བཞིན་འཁོར་ལོའི་ལྷ་ཚོགས་དང་བཅས་པས། །སྐུ་ཚེ་བསྐལ་བརྒྱར་


GTD007_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བྱིན་སྩོལ་ཅིག །ཡི་དམ་ཆོས་སྲུང་རྒྱ་མཚོའི་ཐུགས་རྗེ་དང། །མི་བསླུ་འགྱུར་བ་མེད་པའི་རྟེན་འབྲེལ་གཤིས། །སྐལ་བཟང་མོས་གུས་ཚོགས་པའི་ལེགས་བྱས་ཀྱིས། །སྨོན་པའི་འབྲས་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དགེ་ལྡན་བསྟན་པའི་རྩ་ལག་རྫོང་དཀར་ཆུང་བ་ཚང་སྤྲུལ་བའི་སྐུ་འཇིགས་མེད་ལུང་རིགས་རྒྱ་མཚོའི་ཞབས་བརྟན་སྨོན་ཚིག་འདི་ནི་དད་བརྩོན་ཕུལ་དུ་བྱུང་བ་སྐུ་སྐྱེ་བློ་བཟང་ཤེས་རབ་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཇི་སྙེད་སྤྲོས་པའི་དྲ་བ་ཆོས་དབྱིངས་སུ། །ཞི་བ་འོད་གསལ་མཆོག་གི་རང་གདངས་ལས། །གང་འདུལ་སྒྱུ་འཕྲུལ་དྲ་བར་འཆར་བཟོད་པ། །དཔལ་ལྡན་རྡོ་རྗེ་འཛིན་པའི་གཙོ་ལ་འདུད། །ང༷ག་རིག་གྲུབ་པའི་དབ༷ང་པོ་ཡོངས་ཀྱི་རྗེ། །བསྟ༷ན་འཛི༷ན་མཁས་པ་ཀུན་ལ་གཙུག་གི་རྒྱན། །ལྷུན་གྲུབ་འཕྲི༷ན་ལ༷ས་བསྟན་འགྲོའི་དཔལ་དུ་གྱུར། །ཟླ་བྲལ་བཤེས་གཉེན་དམ་པར་གསོལ་བ་འདེབས། །བློ༷་ཆེན་རྒྱལ་ཀུན་བཟ༷ང་པོའི་འཕྲིན་ལས་ཀྱི། །བསྟ༷ན་དང་འགྲོ་བ༷འི་ཕན་བདེ་པདྨའི་ཚལ། །རྒྱས་བྱེད་ཉི༷་གཞོན་འོད་སྟོང་དྲ་བ་ཅན། །དཔལ་ལྡན་བླ་མ༷འི་ཞབས་ལ་གསོལ་བ་འདེབས། །འཇི༷གས་མེ༷ད་སྤོབས་པ་གངས་ཀྱི་རི་བོའི་སྤོར། །ལུ༷ང་རི༷གས་རལ་པ་གསིག་པའི་གདོང་ལྔ་པ། །རི་སྐྱེས་སྐལ་ལྡན་གདུལ་བྱ་རྒྱ༷་མཚོ༷འི་མགོན། །མཆོག་སྤྲུལ་དམ་པའི་ཞབས་ལ་གསོལ་བ་འདེབས། །མཁས་བཙུན་བཟང་པོའི་རྣམ་ཐར་མངར་པོའི་བསུང། །ཕྱོགས་ཀྱི་འཁོར་ལོ་འགེངས་པའི་ས་མཆོག་ལྗོན། །འཕྲིན་ལས་ཡལ་ག་འབུམ་དུ་བྲིས་པ་ཡི། །གྲིབ་བསིལ་དམ་པས་འགྲོ་ཀུན་སྐྱོང་གྱུར་ཅིག །ཐུགས་རྗེ་ཟླ་བའི་འཕེལ་བ་རྩོམ་པ་ཡིས། །མི་ཟད་ཚེ་ཡི་ཆུ་གཏེར་རྒྱས་བྱེད་པ། །ཚེ་སྦྱིན་ལྷ་ཚོགས་


GTD007_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་བདེན་པའི་མཐུས། །སྐྱབས་གཅིག་དམ་པ་བསྐལ་བརྒྱར་ཞབས་བརྟན་ཤོག །ཡེ་ཤེས་སྤྱན་ལྡན་སྲུང་མའི་ཚོགས་རྣམས་ཀྱང། །མི་ཤིགས་རྡོ་རྗེའི་གཡར་དམ་ཉེར་དགོངས་ཏེ། །སྐུ་ཚེ་མཛད་འཕྲིན་རྒྱས་པའི་འཕྲིན་ལས་ཀྱི། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་པར་མཛོད། །ཅེས་དགེ་ལྡན་བསྟན་པའི་རྩ་ལག་དམ་པ་རྫོང་དཀར་ཆུང་བ་ཚང་སྤྲུལ་བའི་སྐུ་འཇིགས་མེད་ལུང་རིགས་རྒྱ་མཚོའི་འཁྲུངས་རབས་གསོལ་འདེབས་འདི་ནི་ལྷག་བསམ་རྨད་དུ་བྱུང་བ་སྐུ་སྐྱེ་བློ་བཟང་ཤེས་རབ་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། རྨད་བྱུང་ཐུགས་རྗེའི་ནོར་བུ་ཆུ་ཤེལ་ཁམས། །མཐའ་ཡས་གཅིག་བསྡུས་བདག་ཉིད་དཀྱིལ་འཁོར་ལས། །རྣམ་དཀར་འཕྲིན་ལས་སྣང་བའི་མཆོག་སྦྱིན་པ། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །གང་ལ་གང་འཚམ་ཐབས་ཀྱིས་འགྲོ་བ་ཀུན། །སྲིད་ཞིའི་འཇིགས་པ་ལས་སྒྲོལ་སྐྱབས་ཀྱི་ཕུལ། །དུག་གསུམ་ནད་གསོ་མཛད་པ་སྨན་པའི་མཆོག །མཉམ་ཉིད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བརྟན་པའི་འཁོར་ལོ་རྒྱལ་དབང་གྲགས་པ་ཡི། །བཀའ་སྲོལ་བསྒྲུབ་རྒྱུད་བསྟན་པ་འཛིན་པའི་གཙོ། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པ། །འཇམ་དཔལ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཐུན་མོང་ལམ་དང་མཚན་བཅས་མཚན་མེད་སོགས། །ཏིང་འཛིན་སྒྱུ་འཕྲུལ་བྱེ་བའི་འཇུག་ལྡང་གིས། །ཟག་མེད་བདེ་བའི་དགའ་སྟོན་མངོན་གྱུར་པ། །ངག་གི་དབང་པོའི་ཞབས་ལ་གསོལ་བ་འདེབས། །ཟབ་རྒྱས་ལམ་གྱི་རྟོགས་པ་མཐར་ཕྱིན་ཀྱང། །སྦས་པའི་ཚུལ་གྱིས་སྐལ་ལྡན་གདུལ་


GTD007_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྣམས། །སྨིན་ཅིང་གྲོལ་མཛད་ཐེག་མཆོག་དགེ་བའི་བཤེས། །ཤེས་རབ་ཉི་མའི་ཞབས་ལ་གསོལ་བ་འདེབས། །ཁྱད་པར་སྤྱན་རས་གཟིགས་དབང་རྣལ་འབྱོར་གྱིས། །འགྲོ་ཀུན་བདེ་ལྡན་ཞིང་དུ་འཁྲིད་པ་ཡི། །བཀའ་བབས་འཕྲིན་ལས་ཟླ་མེད་མ་ཎི་པ། །ཤེས་རབ་བཀྲ་ཤིས་ཞབས་ལ་གསོལ་བ་འདེབས། །བསླབ་གསུམ་རྣམ་པར་དག་པས་ཐུགས་རྒྱུད་དུལ། །སྡེ་སྣོད་མང་ཐོས་གཞུང་ལུགས་གདམས་པར་ཤར། །འཁོར་ལོ་གསུམ་གྱིས་རྒྱལ་བསྟན་སྤེལ་མཛད་པ། །བློ་བཟང་མཁས་མཆོག་ཞབས་ལ་གསོལ་བ་འདེབས། །དགེ་འདུན་དཀོན་མཆོག་འདུས་པའི་དགའ་ཚལ་དུ། །བློ་བཟང་བསྟན་པའི་འདབ་བརྒྱ་རྒྱས་བྱེད་པའ། །ཉི་མ་གཞོན་ནུ་འཕྲིན་ལས་འོད་སྟོང་ཅན། །མཆོག་སྤྲུལ་དམ་པའི་ཞབས་ལ་གསོལ་བ་འདེབས། །ཚེ་ཡི་མཆོག་སྦྱིན་ལྷག་པའི་ལྷ་རྣམས་དང། །ཡི་དམ་ཆོས་སྲུང་རྒྱ་མཚོའི་མཐུ་སྟོབས་ཀྱིས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང། །འཕྲིན་ལས་སྣང་བ་ཕྱོགས་བཅུར་རྒྱས་གྱུར་ཅིག །བདག་སོགས་ཀུན་ཀྱང་སྐྱེ་བའི་ཕྲེང་བ་རུ། །དམ་པའི་ཞབས་རྡུལ་མཆོད་པ་མི་གཏོང་ཞིང། །བཀའ་བཞིན་སྒྲུབ་པ་སྙིང་པོར་བྱས་པ་ཡིས། །ཡང་དག་ལམ་བཟང་མངོན་དུ་འགྱུར་བར་ཤོག །ཁྱད་པར་འདིར་སྣང་འགགས་ཚེ་བླ་མ་དང། །སྤྱན་རས་གཟིགས་དབང་དབྱེར་མེད་ཐུགས་རྗེའི་མཐུས། །ཞིང་མཆོག་བདེ་བ་ཅན་དང་པོ་ཏ་ལར། །དྲངས་ཏེ་སྲས་ཀྱི་ཐུ་བོར་འགྱུར་བར་ཤོག །ཅེས་པ་འདི་ནི་དད་ལྡན་སློབ་མ་དོན་གཉེར་ཅན་དུ་མས་བསྐུལ་ངོར། མཁས་གྲུབ་ཆེན་པོ་ཤེས་རབ་བཀྲ་ཤིས་ཉིད་ཀྱི་གསུང་ལ་གཞི་བྱས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྒྱལ་བའི་ལུང་གིས་ཟིན་པའི་


GTD007_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་བདེ་ཆེན་ནོ།། ༈ རྣམ་འདྲེན་ཀུན་གྱི་ཡེ་ཤེས་སྒྱུ་འཕྲུལ་གར། །རྒྱལ་བ་གཉིས་པའི་ལུགས་བཟང་ཕྱོགས་ཀུན་ཏུ། །དར་ཞིང་རྒྱས་མཛད་འགྲོ་བའི་འདྲེན་པ་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྙོག་བྲལ་ཚུལ་ཁྲིམས་གཙང་མའི་ཀཱ་ལ་ཤ། །མང་ཐོས་མཐར་སོན་བདུད་རྩིའི་བཅུད་ཀྱིས་གཏམས། །རྨད་བྱུང་འཕྲིན་ལས་དཔག་བསམ་ཡལ་འདབ་གཡོ། །ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། །སྐལ་བར་འཚམ་པའི་ལེགས་བཤད་སྤྲིན་ཕུང་འཁྲིགས། །སྨྲ་ངན་ཟིལ་གནོན་རིགས་པའི་བདེ་འཐུང་གཡོ། །དོན་བཟང་སྙན་ཚིག་དབྱར་རྔ་དལ་གྱིས་བཞད། །ཟླ་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཐུབ་བསྟན་སྤེལ་བའི་སྨོན་ལམ་གྲུབ་པའི་མཐུས། །བྱང་ཕྱོགས་འཛམ་གླིང་འཛིན་མའི་ཁོར་ཡུག་ཀུན། །བློ་བཟང་རྒྱལ་བསྟན་སྙིང་པོས་ཁྱབ་མཛད་པ། །བསྟན་པའི་རྩ་ལག་དམ་པར་གསོལ་བ་འདེབས། །ཐབས་མཁས་སྤྱོད་པས་རང་རང་མོས་པ་བཞིན། །ཆོས་སྤྱོད་རྣམ་བཅུའི་སྲོལ་བཟང་ལ་བཀོད་དེ། །མཆོག་དམན་སྐྱེ་བོ་ཡོངས་ལ་ཕན་མཛད་པ། །འགྲོ་བའི་དེད་དཔོན་ཆེན་པོར་གསོལ་བ་འདེབས། །མཚན་ཙམ་དྲན་པའི་ག་བུར་གཟེགས་མ་ཡིས། །དུས་ཀྱི་རྒུད་པའི་ཚ་གདུངས་མཐར་བྱེད་པ། །ཚེ་ཡི་ལྷ་ཚོགས་དཀྱིལ་འཁོར་འཁོར་ལོའི་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ཀྱིས་རྟག་ཏུ་རྗེས་འཛིན་ཞིང། །ཚང་ལ་མ་ནོར་གདམས་པའི་བཅུད་མྱངས་ཏེ། །རྣམ་དག་ལམ་གྱི་


GTD007_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པ་མཐར་ཕྱིན་ཤོག །ཅེས་ལུང་དང་རྟོགས་པའི་ཡོན་ཏན་རྒྱ་མཚོས་མངོན་པར་མཐོ་ཞིང་བྱང་ཕྱོགས་སྐྱེ་འགྲོའི་དཔུང་གཉེན་དམ་པར་གྱུར་པ་ཝང་ཧུ་ཐོག་ཐུ་སྐལ་བཟང་ཡེ་ཤེས་དར་རྒྱས་ཀྱི་ཞབས་བརྟན་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ཨོའུ་ཏན་ཞབས་དྲུང་ཡོན་ཏན་དར་རྒྱས་དང་། དཀའ་བཅུ་ཡོན་ཏན་དཔལ་བཟང་གཉིས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བློ་ལྡན་ཀུན་བཟང་རྒྱལ་བའི་སྲས་པོ་མཆོག །མཁས་དང་གྲུབ་པའི་ཡོན་ཏན་ཉི་གཞོན་ཟེར། །འབུམ་འགྱེད་ཐུབ་བསྟན་པདྨ་རྒྱས་པའི་གཉེན། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །བློ་གྲོས་ལང་ཚོ་དར་བའི་རྣམ་དཔྱོད་ལུས། །བཤེས་གཉེན་པྲོག་ཞུ་གདམས་པའི་དོ་ཤལ་སོགས། །ཐུབ་བསྟན་མཛེས་པའི་རྒྱན་གྱིས་རབ་བཀྲ་བ། །སྨྲ་བའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །ལྟ་བས་རྒྱས་བཏབ་གསང་ཆེན་རྡོ་རྗེ་ཐེག །བློ་བཟང་འཇམ་དཔལ་སྙིང་པོའི་དགོངས་པའི་གནད། །ཉམས་སུ་མྱོང་བའི་སྤངས་རྟོགས་རྩལ་ལྡན་པ། །ཕུལ་བྱུང་དགེ་བའི་བཤེས་ལ་གསོལ་བ་འདེབས། །ཟབ་དང་རྒྱ་ཆེའི་གདམས་པའི་བདུད་རྩིའི་ཆུས། །ཡོངས་གང་ཐུགས་བསྐྱེད་རིན་ཆེན་བུམ་བཟང་གིས། །འགྲོ་བའི་གདུང་སེལ་མཆོད་ཡོན་བསྒྲེང་མཛད་པ། །བསླུ་མེད་འདྲེན་མཆོག་དམ་པར་གསོལ་འདེབས། །བླ་མ་ལྷག་པའི་ལྷ་ཡི་ཐུགས་རྗེའི་མཐུས། །རྗེ་བཙུན་བླ་མའི་ཞབས་པད་བརྟན་པ་དང། །བསྟན་དང་འགྲོ་ལ་སྨན་པའི་མཛད་བཟང་ཀུན། །ལྷག་བསམ་དགོངས་པ་ཇི་བཞིན་འགྲུབ་གྱུར་ཅིག །ཕན་བདེའི་འབྱུང་གནས་བསྟན་པ་རིན་ཆེན་སྒྲོན། །ཡངས་པའི་འཇིག་རྟེན་ཀུན་ཏུ་རབ་གསལ་ཞིང་། །ལེགས་བྱས་སྣང་བས་འཚོ་བའི་ལུས་ཅན་ཀུན། །གཏན་བདེའི་འཇུག་


GTD007_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ངོགས་དམ་པར་གཞོལ་གྱུར་ཅིག །དེ་ཚེ་དམ་པའི་མགོན་གྱིས་མི་གཏོང་ཞིང། །ཡང་དག་ལམ་གྱིས་མཐུན་རྐྱེན་ཀུན་ཚོགས་པས། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཏེ། །སྐུ་གསུམ་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཅེས་བསྟན་པའི་གསལ་བྱེད་སེམས་ཉིད་ཞབས་དྲུང་བློ་བཟང་མཆོག་གྲུབ་ཉི་མའི་ཞབས་བརྟན་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཚུལ། དད་བརྩོན་ལྡན་པ་བློ་བཟང་ལྷུན་གྲུབ་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཨོཾ་བདེ་ལེགས་སུ་གྱུར་ཅིག །སྐུ་དང་ཡེ༷་ཤེ༷ས་དབྱེར་མེད་རྫོགས་སངས་རྒྱས། །རྒྱལ་བའི་འཕྲི༷ན་ལ༷ས་ལུང་རྟོགས་དམ་པའི་ཆོས། །དེ་ཉིད་ར༷བ་ཏུ་རྒྱ༷ས་བྱེད་དགེ་འདུན་ཏེ། །མཆོག་གསུམ་ཐུགས་རྗེས་བྱང་ཆུབ་བར་དུ་སྐྱོངས། །ཕུལ་བྱུང་མཁྱེན་བརྩེའི་ཡེ༷་ཤེ༷ས་ཉིན་མོར་བྱེད། །འཕྲི༷ན་ལ༷ས་འོད་སྟོང་འབར་བའི་རྩེ་དགའ་ཡིས། །ཐུབ་བསྟན་པདྨོའི་ཚལ་ར༷བ་རྒྱ༷ས་མཛད་པ། །དགེ་ལེགས་སྣང་བའི་གཏེར་ཆེན་རྒྱལ་གྱུར་ཅིག །ལྷན་སྐྱེས་ཡེ༷་ཤེ༷ས་མངོན་གྱུར་གྲུབ་པའི་གཙོ། །གཞན་ཕན་འཕྲིན༷་ལས༷་སྤྱོད་པའི་སྐྱེད་ཚལ་ལས། །ངོ་མཚར་དྲི་བསུང་ར༷བ་རྒྱ༷ས་ཡོན་ཏན་གྱི། །མེ་ཏོག་ཕྲེང་མཛེས་མདོ་ཙམ་སྤེལ་བར་བྱ། །མཁའ་མཉམ་འགྲོ་བ་སྲིད་ལས་སྒྲོལ་བྱའི་ཕྱིར། །ཡེ༷་ཤེ༷ས་སྐུ་མངའ་རྒྱལ་བའི་འཕྲི༷ན་ལ༷ས་ཀྱིས། །ཞིང་ཁམས་ར༷བ་འབྱམས་རྒྱ༷ས་པར་འགེངས་པའི་སླད། །སྣ་ཚོགས་སྤྲུལ་བའི་ཟློས་གར་ཅིར་ཡང་བསྒྱུར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡེ༷་ཤེ༷ས་མཚོན་གྱིས་སྲིད་རྩ་དྲུངས་ཕྱུང་ཡང། །སྙིང་རྗེའི་དབང་གིས་ཞི་བའི་མཐའ་སྤངས་ཏེ། །ཡང་སྲིད་ཉེར་བཟུང་དགེ་མཚན་ལྟས་ཀྱི་འཕྲི༷ན། །གཞན་ལ༷ས་


GTD007_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་སྒྲ་སྙན་ར༷བ་ཏུ་རྒྱ༷ས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྗེ་བཙུན་ཡེ༷་ཤེ༷ས་བསྟན་པའི་སྒྲོན་མེ་ཡི། །འཕྲི༷ན་ལ༷ས་ཉིན་བྱེད་འོད་ཀྱིས་ར༷བ་ཕྱེ་སྟེ། །ཐོས་བསམ་འདབ་ཕྲེང་རྒྱ༷ས་པའི་ཀེ་ས་ར། །རྣམ་དག་བསླབ་གསུམ་སྦྲང་རྩིའི་ཁུར་གྱིས་དུད། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྣང་བ་མཐའ་ཡས་དཔལ་ལྡན་ཡེ༷་ཤེས༷་སོགས། །དམ་པས་རྗེས་བཟུང་ཆོས་སྲུང་རྒྱ་མཚོས་ཀྱང། །གཡེལ་མེད་འཕྲི༷ན་ལ༷ས་བསྒྲུབས་པས་ཆོས་ལྡན་གྱི། །བཞེད་དོན་གེགས་མེད་ར༷བ་རྒྱ༷ས་ལྷུན་གྱིས་གྲུབ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡེ༷་ཤེ༷ས་ལྔ་བདག་དགྱེས་པ་རྡོ་རྗེ་ཡི། །དབང་བསྐུར་མཆོག་ཐོབ་བསྙེན་སྒྲུབ་མཐར་སོན་ནས། །འཕྲི༷ན་ལ༷ས་རྣམ་བཞིས་ར༷བ་མང་འགྲོ་བ་ལ། །ཕན་དང་བདེ་བའི་དགའ་སྟོན་རྒྱ༷ས་པར་སྩལ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་ཀུན་ཡེ༷་ཤེ༷ས་གཅིག་བསྡུས་ཙོང་ཁ་པའ། །ལུགས་བཟང་འཕྲི༷ན་ལ༷ས་ར༷བ་ཏུ་རྒྱ༷ས་བྱའི་ཕྱིར། །དགེ་འདུན་སྡུད་ཅིང་བཤད་ཉན་རྟེན་བཞེངས་སོགས། །འཁོར་ལོ་གསུམ་གྱི་རོལ་པ་ཅི་ཡང་སྟོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡེ༷་ནས་ཕུལ་བྱུང་ལྷན་སྐྱེས་ཤེ༷ས་རབ་མཐུས། །ཟབ་རྒྱས་མན་ངག་ཀུན་ལ་དབང་འབྱོར་ཏེ། །འཆད་རྩོད་རྩོམ་པའི་འཕྲི༷ན་ལ༷ས་རྣམ་དཔྱོད་ཀྱིས། །ར༷བ་མང་གདུལ་བྱའི་བློ་གྲོས་རྒྱ༷ས་པར་མཛད། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐར་འདོད་རྣམས་ལ་ཐར་པའི་ལམ་ཕྱེ་སྟེ། །བསོད་ནམས་ཡེ༷་ཤེ༷ས་ཚོགས་གཉིས་རྫོགས་མཛད་ཅིང། །གྲགས་པའི་འཕྲི༷ན་ཡིག་སྲིད་རྩེ་ལ༷ས་བརྒལ་ཚེ། །ར༷བ་དགའ་རྒྱ༷ས་པའི་སྐྱེ་བོ་


GTD007_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱིས་བཀུར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདི་སྣང་ཞེན་པ་ཡོང་ཡེ༷་མི་མངའ་བར། །ཐབས་ཤེ༷ས་ཟུང་འབྲེལ་ཀུན་བཟང་འཕྲི༷ན་ལ༷ས་ཀྱིས། །བགྲང་ཡས་གདུལ་བྱ་སྨིན་ཅིང་གྲོལ་མཛད་པས། །དགེ་ལྡན་ལུགས་བཟང་ཕྱོགས་བཅུར་ར༷བ་ཏུ་རྒྱ༷ས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཨེ་མ་གང་ཚེ་རགས་པའི་གཟུགས་ཀྱི་སྐུ། །འོད་གསལ་ཡེ༷་ཤེ༷ས་ཀློང་དུ་ཐིམ་པ་ན། །ངོ་མཚར་ལྟས་མང་གཡོ་བའི་འཕྲིན༷་ལ༷ས་ཀྱིས། །ར༷བ་དྭངས་དགེ་བའི་ས་བོན་ལྷག་པར་རྒྱ༷ས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འོན་ཀྱང་འགྲོ་སྒྲོལ་དམ་བཅའ་མ་རྫོགས་པས། །ཡེ༷་ཤེ༷ས་དབྱིངས་ལས་སྤྲུལ་བའི་སྐུར་བཞེངས་ཏེ། །བཤད་སྒྲུབ་འཕྲི༷ན་ལ༷ས་དབྱར་གྱི་ཆུ་མཚོ་ལྟར། །ར༷བ་ཏུ་རྒྱ༷ས་པའི་དགེ་མཚན་དར་བར་ཤོག །འདིས་མཚོན་དགེ་བས་རིང་པོར་མ་ཐོགས་པར། །རྣམ་ཀུན་མཁྱེན་པའི་ཡེ༷་ཤེ༷ས་མངོན་གྱུར་ཏེ། །ལྷུན་གྲུབ་འཕྲི༷ན་ལ༷ས་ར༷བ་ཏུ་རྒྱ༷ས་པ་ཡིས། །མ་ལུས་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་ཨ་རོ་ཧོར་ཆིན་ཤོག་གི་བསྟན་པའི་གསལ་བྱེད་བླ་མ་ཞབས་དྲུང་ཡེ་ཤེས་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར་གསོལ་འདེབས་འདི་ནི་དེ་གའི་གྲྭ་རིགས་རྣམས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བགྲང་ཡས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །ངུར་སྨྲིག་གར་བསྒྱུར་རྒྱལ་བ་གཉིས་པ་ཡི། །མདོ་སྔགས་བཤད་སྒྲུབ་བསྟན་པའི་སྒྲོན་མེ་མཆོག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་གྲོས་རྣམ་པར་རྒྱལ་བའི་ཁང་བཟང་རྩེར། །ལུང་རྟོགས་བསྟན་པ་ཡིད་བཞིན་


GTD007_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་རྒྱལ། །ཆོས་ལྡན་རེ་འབྲས་འདོད་དགུའི་ཆར་འབེབས་པ། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཞེས་གོ་ཡུ་ནང་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམ་གཉིས་ཀྱི་གསོལ་འདེབས་མཚན་སྒྲ་དང་བཅས་པ་ཞིག་དགོས་ཞེས་དད་བརྩོན་ལྡན་པ་ཆས་པའི་གྲྭ་པ་འགའ་ཞིག་གིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བློ་བཟང་རྒྱལ་བའི་རིང་ལུགས་དགེ་ལྡན་གྱི། །ལེགས་བཤད་རྩིབས་སྟོང་རྫོགས་པའི་འཁོར་ལོ་ཡིས། །ཐུབ་བསྟན་ནོར་འཛིན་ཡོངས་ལ་མངའ་བསྒྱུར་བ། །ཟླ་མེད་སྨྲ་བའི་དབང་པོར་གསོལ་བ་འདེབས། །རབ་ཡངས་བློ་གྲོས་རིན་ཆེན་བུམ་པ་བཟང། །དགེ་ལེགས་མཆོག་སྦྱིན་བཤད་སྒྲུབ་བདུད་རྩིས་གཏམས། །བསྟན་དང་འགྲོ་བའི་ཕན་བདེའི་སྲོག་འཛིན་པ། །ཕུལ་བྱུང་བཤེས་གཉེན་དམ་པར་གསོལ་བ་འདེབས། །མང་ཐོས་མཐར་སོན་བློ་བཟང་མཁས་པའི་གཙོ། །བདེ་དགེ་ལེགས་ཚོགས་རྩ་བསྟན་བཙུན་པའི་མཆོག །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ལྷག་བསམ་ཅན། །འགྲོ་བའི་འདྲེན་མཆོག་དམ་པར་གསོལ་བ་འདེབས། །བསླུ་མེད་བླ་མ་ལྷ་ཡི་བྱིན་རླབས་དང། །ཡི་དམ་ཆོས་སྲུང་རྒྱ་མཚོའི་ནུས་པའི་མཐུ། །བདག་སོགས་དད་མོས་ཚོགས་པའི་རྟེན་འབྲེལ་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །རླབས་ཆེན་ཐུགས་བསྐྱེད་ལྟ་བ་ལས་ཐོན་ཅིང། །བཤད་དང་སྒྲུབ་པའི་རྩིབས་སྟོང་འབར་བ་ཡི། །འཕྲིན་ལས་གསེར་སྦྱང་འཁོར་ལོས་དབང་བསྐུར་བས། །བསྟན་ལ་རྫོགས་ལྡན་དཔལ་ཡོན་སྦྱིན་གྱུར་ཅིག །བདག་སོགས་ཀུན་ཀྱང་ཚེ་རབས་འཕྲེང་བ་རུ། །དལ་འབྱོར་མཚན་ཉིད་ཚང་བའི་རྟེན་ཐོབ་ཅིང། །བཤེས་གཉེན་དམ་པས་འབྲལ་མེད་རྗེས་བཟུང་སྟེ། །མདོ་སྔགས་ལམ་གྱི་


GTD007_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པ་མཐར་ཕྱིན་ཤོག །མདོར་ན་རྗེ་བཙུན་བླ་མའི་ཞབས་བརྟན་ཅིང། །འཁྲུལ་བྲལ་བློ་བཟང་རྒྱལ་བསྟན་ཕྱོགས་མཐར་རྒྱས། །བསྟན་པའི་སྦྱིན་བདག་ཆབ་སྲིད་དར་བ་ཡིས། །དགེ་བཅུའི་དཔལ་ལ་རྟག་ཏུ་སྤྱོད་གྱུར་ཅིག །ཅེས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་དང་རྗེས་སུ་མཐུན་པ་ལྷ་བཙུན་སྤྲུལ་བའི་སྐུ་སུ་དྷཱི་ཀལྱཱཎ་ཤཱིཥྚ་དྷཱ་རའི་ཞབས་བརྟན་གསོལ་འདེབས་འདི་ནི་དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་ཡེ་ཤེས་སོགས་གྲྭ་རིགས་རྣམས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བློ༷་བཟ༷ང་རྒྱལ་བའི་དམ་ཆོས་འཛིན་པའི་ཕྱིར། །ཚེ༷་རབས་མང་པོར་གོམས་པའི་ལེགས་སྨོན་མཐུ། །འཕེ༷ལ་བས་བཤད་སྒྲུབ་འཕྲིན་ལས་ལྷུན་གྱིས་གྲུབ། །མཚན་ལྡན་བཤེས་གཉེན་དམ་པར་གསོལ་བ་འདེབས། །བློ༷་ལྡན་སྐལ་བཟ༷ང་གདུལ་བྱའི་ཚོགས་རྣམས་ལ། །ཚེ༷་གཅིག་སངས་རྒྱས་སྒྲུབ་པའི་མྱུར་ལམ་ཀུན། །ཇི་བཞིན་འདོམས་པས་ཐུབ་བསྟན་འཕེ༷ལ་མཛད་པ། །ཐར་པའི་ས་མཁན་མཆོག་ལ་གསོལ་བ་འདེབས། །བློ༷་ཆེན་རྒྱལ་ཀུན་བཟ༷ང་པོའི་ཐུགས་བསྐྱེད་དང། །ཚེ༷་ཡི་དཔལ་སྟེར་ལྷ་ཚོགས་བདེན་པའི་མཐུས། །མཚུངས་མེད་བཤེས་གཉེན་དམ་པ་ཞབས་བརྟན་ཅིང། །རྣམ་དཀར་མཛད་འཕྲིན་གོང་དུ་འཕེ༷ལ་གྱུར་ཅིག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །འཕེལ་བའི་རྩ་བ་རིག་གྲོལ་འདུས་པའི་སྡེ། །བཤད་སྒྲུབ་བྱ་བ་ལས་ཀྱི་འཁོར་ལོར་བཅས། །དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་གྱུར་ཅིག །བདག་སོགས་ཀུན་ཀྱང་ཚེ་རབས་ཕྲེང་བ་རུ། །ཡང་དག་དགེ་བའི་བཤེས་ཀྱིས་རྗེས་འཛིན་ཅིང། །ས་དང་ལམ་གྱི་རྟོགས་པ་མྱུར་


GTD007_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་ནས། །ཟུང་འཇུག་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཅེས་བཤད་པ་དང་སྒྲུབ་པའི་རྒྱལ་མཚན་འཛིན་པའི་བཤེས་གཉེན་དམ་པ་གུ་ཤྲཱི་བློ་བཟང་ཚེ་འཕེལ་བའི་ཞབས་བརྟན་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་དབོན་པོ་ཆོས་རྗེ་བློ་བཟང་བསྟན་འཛིན། དཀའ་བཅུ་དཀོན་མཆོག་དཔལ་ལྡན། དཀའ་བཅུ་དཀོན་མཆོག་དབང་རྒྱལ་རྣམས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བརྩེ་ཆེན་དབྱིངས་སུ༷་དྷཱི༷་ཡིག་ས་བོན་ལས། །ཉེར་འཁྲུངས་རཏྣ༷་ཨ་བྷེ༷ནྡྲ་ལ་སོགས། །བཤེས་གཉེན་མང་བསྟེན་ལེགས་གསུང་མཛོད་འཛིན་པ། །ཆོས་ཀྱི་དབང་ཕྱུག་དམ་པར་གསོལ་བ་འདེབས། །གང་གི་བློ༷་གྲོས་ཡིད་བཟ༷ང་རོལ་བའི་ལམ། །མི་འཇི༷གས་སྤོབས་པའི་ཉིན་བྱེད་འབར་བའི་གཟིས། །ཐུབ་བསྟན་དྲི་མེད༷་འདབ་བརྒྱའི་ཚལ་འབྱེད་པ། །བསྟན་པའི་རྩ་ལག་དམ་པར་གསོལ་བ་འདེབས། །བློ༷་ལྡན་སྐལ་བཟ༷ང་གདུལ་བྱའི་མོས་པ་བཞིན། །སྒྲ་ཚད་སྙན་ངག་ཀུན་དང་ཁྱད་པར་དུ། །མདོ་སྔགས་བསྟན་པའི་གནད་ཀུན་འདོམས་མཛད་པ། །འཇི༷གས་མེ༷ད་སྨྲ་བའི་དབང་པོར་གསོལ་བ་འདེབས། །འཆད་པའི་བློ༷་གྲོས་ནམ་མཁའི་མཐའ་ལྟར་ཡངས། །དོན་བཟ༷ང་སྡེབ་ལེགས་རྩོམ་པའི་རྒྱན་འཕྲེང་འཛིན། །རྩོད་ངག་ང་རོས་རྒོལ་ངན་འཇི༷གས་མཛད་པ། །བཤེས་གཉེན་མཚུངས་མེ༷ད་དམ་པར་གསོལ་བ་འདེབས། །བློ༷་ཆེན་རྒྱལ་བ་ཀུན་གྱི་ཐུགས་རྗེ་དང། །བཟ༷ང་པོའི་ཐུགས་བསྐྱེད་ལྷག་བསམ་བདེན་པའི་མཐུས། །འཇི༷གས་བྲལ་རྡོ་རྗེའི་ཁམས་སུ་ཞབས་བརྟན་ཅིང། །བཤད་སྒྲུབ་མཛད་བཟང་གེགས་མེ༷ད་མཐར་ཕྱིན་ཤོག །བློ༷་བཟ༷ང་རྒྱལ་བསྟན་སྲུང་མའི་ཚོགས་ཀྱིས་ཀྱང། །མི་འཇི༷གས་བཞི་ལྡན་ཚེ་དཔག་མེ༷ད་མགོན་བཞིན། །རྗེ་བཙུན་བླ་མ་


GTD007_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བརྒྱར་ཞབས་བརྟན་པའ། །འཕྲིན་ལས་སྡོངས་གྲོགས་ལྷུན་གྱིས་གྲུབ་པར་མཛོད། །བདག་ཀྱང་བཤེས་གཉེན་དམ་པས་རྗེས་འཛིན་ཅིང། །བློ༷་གཏེར་འཇམ་པའི་དབྱངས་དང་ཀུན་བཟ༷ང་ལྟར། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སོན་ནས། །འཇི༷གས་མེ༷ད་སྟོབས་བཅུ་མངའ་བའི་གནས་ཐོབ་ཤོག །ཅེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་གྲྭ་ཚང་གི་སློབ་ཟུར་ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་བློ་བཟང་འཇིགས་མེད་པའི་ཞབས་བརྟན་སྨོན་ཚིག་འདི་ནི། བཟང་པོའི་བག་ཆགས་ཡོངས་སུ་སྨིན་པས་སྔོན་བྱོན་དམ་པའི་རྣམ་ཐར་གྱི་རྗེས་སུ་གཞོལ་བ་ལྷ་བཙུན་སྤྲུལ་བའི་སྐུ་སུ་དྷཱིཿ ཀལྱཎ་ཤྲཱིཥྚ་དྷ་རས་བསྐུལ་བའི་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ལྷན་སྐྱེས་ཡེ་ཤེས་མངོན་གྱུར་པདྨ་འབྱུང་། །འཁྲུལ་ཞིག་གྲུབ་དབང་འགྱུར་མེད་རྡོ་རྗེའི་ཞབས། །ཆོས་ཀྱི་རྒྱལ་པོ་འཇིགས་མེད་དབང་པོའི་སྡེ། །མཚུངས་མེད་འདྲེན་པ་གསུམ་ལ་གསོལ་བ་འདེབས། །ཡི་དམ་ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང། །རིམ་གཉིས་ཟབ་མོའི་རྟོགས་པ་མངོན་དུ་གྱུར། །རྒྱལ་བསྟན་སྤེལ་བའི་ལེགས་སྨོན་མཐུ་གྲུབ་པ། །དཀོན་མཆོག་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །དམ་པའི་མགོན་ལས་ཟབ་རྒྱས་གདམས་པ་མནོས། །ཚུལ་བཞིན་སྒྲུབ་པས་གོ་འཕང་མཆོག་བརྙེས་ཏེ། །མཐའ་ཡས་གདུལ་བྱ་སྨིན་ཅིང་གྲོལ་མཛད་པ། །འཕྲིན་ལས་རབ་བརྟན་ཞབས་ལ་གསོལ་བ་འདེབས། །བསྟན་དང་འགྲོ་ལ་སྨན་པའི་ཐུགས་བསྐྱེད་ཀྱི། །འབྲས་བུ་ཡོངས་སྨིན་ཕུལ་བྱུང་མཛད་བཟང་གིས། །ལུས་ཅན་ཐར་པར་འཁྲིད་པའི་ས་མཁན་མཆོག །ངག་དབང་བསྟན་འཛིན་ཞབས་ལ་གསོལ་བ་འདེབས། །


GTD007_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འཁོར་ལོ་སྤྲོ་ཞིང་སྡུད་པ་ཡིས། །ངོ་མཚར་འཕྲིན་ལས་རྣམ་བཞིའི་ཟློས་གར་གྱིས། །གསང་ཆེན་བསྟན་ལ་མངའ་བསྒྱུར་གྲུབ་པའི་རྗེ། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །ནམ་མཁའི་མཐས་གཏུགས་འགྲོ་ལ་རྗེས་ཆགས་པས། །རྣམ་ཀུན་མཆོག་ལྡན་ཡེ་ཤེས་གཟུགས་ཀྱི་སྐུར། །བཞེངས་པ་མཚུངས་མེད་བཤེས་གཉེན་དམ་པ་ཁྱོད། །བདག་སོགས་གདུལ་བྱའི་མགོན་དུ་བརྟན་གྱུར་ཅིག །ཚེ་རབས་ཕྲེང་བར་དམ་པས་རྗེས་བཟུང་སྟེ། །ཐུན་མོང་ཐུན་མོང་མིན་པའི་ལམ་བཟང་ལ། །ངེས་པ་རྙེད་ནས་རྩེ་གཅིག་སྒྲུབ་པ་ཡིས། །ཟུང་འཇུག་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་བསྟན་པའི་གསལ་བྱེད་ཙར་ཡུ་ཨ་ལག་ངག་དབང་བསྟན་འཛིན་པའི་ཞབས་བརྟན་སྨོན་ཚིག་འདི་ནི། ཐང་ལུང་གཅོད་པ་སྤུན་དང། དཔའ་ཆུང་དགོན་བཅས་ཀྱིས་བསྐུལ་ངོར་རཏྣའི་མིང་གིས་བྲིས། ༈ ཚེ་དང་ཡེ་ཤེས་འོད་སྟོང་འབར་བ་ཡིས། །འཆི་བདག་མུན་པའི་སྨག་རུམ་མཐར་མཛད་པ། །བཅོམ་ལྡན་ཚེ་མཐའ་ཡས་པའི་གཟི་བྱིན་གྱིས། །མཚུངས་བྲལ་བཤེས་གཉེན་དམ་པ་ཞབས་བརྟན་ཤོག །མཁྱེན་གཏེར་ང༷ག་གི་དབ༷ང་ཕྱུག་ཀུནྡའི་གཉེན། །རྣམ་འབྱེད་ཤེ༷ས་ར༷བ་ལྷ་ཡི་ལམ་ཡངས་པོར། །རོལ་པའི་ལེགས་བཤད་འོད་དཀར་དྲ་བ་ཅན། །སྨྲ་བའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །ང༷ག་ལ་དབ༷ང་བསྒྱུར་མཁས་མཆོག་པདྨ་དཀར། །རྣམ་དག་ཚུལ་ཁྲིམས་སྦྲང་རྩིའི་བཅུད་ལྡན་ཞིང། །ཤེ༷ས་དང་ཏིང་འཛིན་འདབ་སྟོང་ར༷བ་ཏུ་རྒྱས། །བསྟན་པའི་རྩ་ལག་མཆོག་ལ་གསོལ་བ་འདེབས། །མདོ་རྒྱུད་མན་ང༷ག་ཀུན་ལ་དབ༷ང་བསྒྱུར་ཞིང། །ཇི་ལྟར་ཤེ༷ས་པའི་གནད་རྣམས་ཚུལ་བཞིན་དུ། །ཉམས་སུ་བཞེས་


GTD007_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པས་གྲུབ་མཆོག་ར༷བ་བརྙེས་པ། །ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། །མཆོག་གསུམ་བྱིན་རླབས་བདག་ཅག་དད་མོས་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང། །མཛད་འཕྲིན་འོད་སྣང་ཕྱོགས་བརྒྱར་སྤྲོ་བ་ཡིས། །བསྟན་འགྲོའི་ཕན་བདེའི་པད་ཚལ་རྒྱས་གྱུར་ཅིག །གང་གི་འཕྲིན་ལས་མ་ལ་ཡར་སྐྱེས་དྲ། །ཕྱོགས་བརྒྱར་འདྲེན་བྱེད་བསྟན་པའི་སྦྱིན་བདག་ཆེ། །མི་ཡི་དབང་ཕྱུག་སྡེར་བཅས་དཔལ་འབྱོར་ཀུན། །དབྱར་གྱི་ཆུ་མཚོ་བཞིན་དུ་འཕེལ་རྒྱས་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་མདོ་སྔགས་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོ་ཇ་ཧཱུ་བླ་མ་ངག་དབང་ཤེས་རབ་ཀྱི་ཞབས་བརྟན་སྨོན་ཚིག་འདི་ནི་དཀའ་བཅུ་ངག་དབང་ཆོས་གྲགས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས། ༈ བསྐལ་བཟང་རྣམ་འདྲེན་ཀུན་ལས་ཁྱད་པར་དུ། །པད་དཀར་ལྟ་བུར་བསྔགས་པའི་ཐུགས་རྗེ་ཅན། །རྒྱུ་འབྲས་ཐེག་པ་མ་ལུས་སྟོན་མཛད་པ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །མཐའ་བྲལ་ལྟ་བས་རྒྱས་བཏབ་རྡོ་རྗེ་ཐེག །ཐུབ་བསྟན་སྙིང་པོ་ཡོངས་སུ་རྫོགས་པའི་གནད། །ཉི་ལྟར་གསལ་མཛད་ས་གསུམ་འགྲོ་བའི་མིག །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་ཐུབ་བསྟན་ཕྱོགས་བཅུར་སྤེལ་སླད་དུ། །ཀུན་མཁྱེན་འཇིགས་མེད་དབང་པོའི་གསང་གསུམ་གྱི། །རྒྱ་མཚོའི་ཀློང་ལས་སླར་ཡང་ཉེར་འཁྲུངས་པ། །མཚུངས་མེད་མཆོག་སྤྲུལ་དམ་


GTD007_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ་བ་འདེབས། །རིགས་ཀུན་ཁྱབ་བདག་ཆོས་ཀྱི་ཉི་མའི་ཞབས། །སླར་ཡང་ས་གསུམ་འགྲོ་བའི་དཔུང་གཉེན་དུ། །སྤྲུལ་བའི་གར་གྱིས་རྣམ་རོལ་ལྷུར་མཛད་པ། །འདྲེན་མཆོག་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས། །དཀོ༷ན་མཆོ༷ག་ཀུན་འདུས་དམ་པའི་མགོན་ལ་བརྟེན། །བསྟ༷ན་པ༷འི་གནད་རྣམས་ཇི་བཞིན་གཏན་ལ་ཕབ། །ལེགས་བཤད་སྒྲོ༷ན་མེ༷ས་འགྲོ་ལ་ཐར་ལམ་སྟོན། །ཐེག་མཆོག་བཤེས་གཉེན་དམ་པར་གསོལ་བ་འདེབས། །བསླབ་པའི་སྒོར་བཅུག་གཙུག་ལག་ལམ་སྟོན་ཅིང། །དབང་ཁྲིད་མན་ངག་གདམས་པའི་བདུད་རྩིའི་ཆུས། །སྒྲིབ་སྦྱངས་ཐར་པའི་ས་བོན་སྨིན་མཛད་པའ། །བླ་མ་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །ནམ་ཡང་མི་ཁོམ་གནས་སུ་མི་ལྟུང་ཞིང། །རྣམ་སྨིན་ཡོན་ཏན་ཚང་བའི་དལ་འབྱོར་རྟེན། །རིམ་བརྒྱུད་བཤེས་གཉེན་དམ་པས་རྗེས་འཛིན་ཞིང། །བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་པར་ཤོག །དེ་ཡི་ལེགས་གསུང་གདམས་པའི་བཅུད་མྱང་སྟེ། །མཐའ་དག་སྲིད་པའི་གནས་ལ་ཡིད་འབྱུང་ཞིང། །འགྲོ་དྲུག་ཕ་མར་ཤེས་པའི་བྱང་ཆུབ་སེམས། །བསྐྱེད་ནས་རྒྱལ་སྲས་སྤྱོད་ལ་སློབ་པར་ཤོག །སྔགས་ཀྱི་སྒོར་ཞུགས་དམ་ཚིག་ཚུལ་བཞིན་བསྲུང། །མཚན་འཛིན་དམིགས་མེད་ལྷ་ཡི་རྣལ་འབྱོར་གྱིས། །བདེན་གཉིས་ཟུང་འཇུག་གོ་འཕང་མྱུར་ཐོབ་སྟེ། །མཁའ་མཉམ་འགྲོ་ཀུན་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་པ་འདི་ནི་སུ་ཉིད་ཤོག་ནས་དད་བརྩོན་ལྡན་པ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྣམ་འདྲེན་རྒྱལ་བ་


GTD007_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་ཚོགས་རྣམས་དང། །ཡི་དམ་ཆོས་སྲུང་རྒྱ་མཚོར་བཅས་པ་ཡིས། །དགེ་ལེགས་མེ་ཏོག་བྱེ་བའི་གྲུ་ཆར་གྱིས། །བསྟན་དང་འགྲོ་ལ་ཕན་བདེའི་མཆོག་སྦྱིན་མཛོད། །རིང་ནས་གོམས་པའི་ཐུགས་བསྐྱེད་རྟ་ལྗང་གིས། །ཉེར་དྲངས་བཀྲ༷་ཤི༷ས་དགེ་མཚན་འོད་སྟོང་གིས། །ཐུབ་བསྟན་པད་ཚལ་འབྱེད་པའི་ཉི༷་མ༷་མཆོག །མཚུངས་མེད་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། །ལེགས་བཤད་དར་གྱི་ཤམ་བུ་རྣམ་བཀྲ༷་ཞིང། །ཤི༷ས་པའི་གདངས་སྙན་གཡེར་ཁའི་སྒྲ་བརྒྱ་འཁྲོལ། །བསླབ་གསུམ་ནོར་བུའི་ཏོག་མཛེས་ཉི༷་ལྟར་གསལ། །རྗེ་བཙུན་བླ་མ༷འི་ཞབས་ལ་གསོལ་བ་འདེབས། །བྱང་ཕྱོགས་ནོར་འཛིན་ཡངས་པའི་ཁོར་ཡུག་ཏུ། །འཇམ་དཔལ་སྙིང་པོའི་རིང་ལུགས་དྲི་མ་མེད། །སྐྱེ་བའི་འཕྲེང་བར་སྤེལ་བའི་ཐུགས་བསྐྱེད་བཞིན། །བཤད་སྒྲུབ་བསྟན་པའི་དཔལ་དུ་ཞབས་བརྟན་ཤོག །ཐུགས་རྗེ་བྱིན་རླབས་འོད་རྣོན་འབུམ་ཕྲག་གིས། །འཆི་བདག་མུན་པའི་སྨག་རུམ་མཐར་བྱེད་པ། །རྣམ་པར་རྒྱལ་མ་ལ་སོགས་ཚེ་ལྷ་རྣམས། །མཆོག་སྤྲུལ་དམ་པའི་སྐུ་ཚེ་བསྐལ་བརྒྱར་སྤེལ། །རིང་ནས་བསྟེན་པའི་ཆོས་སྲུང་རྒྱ་མཚོས་ཀྱང། །ཕྱི་ནང་འགལ་རྐྱེན་ཉེར་འཚེའི་གཡུལ་བཅོམ་སྟེ། །ཆོས་དང་སྲིད་ཀྱི་དཔལ་འབྱོར་མ་ལུས་པ། །ཡར་ངོའི་ཟླ་བཞིན་རྒྱས་པའི་འཕྲིན་ལས་མཛོད། །ཡངས་པའི་ལྗོངས་འདིར་ནད་མུག་འཁྲུག་རྩོད་ཞ། །རྒྱལ་བློན་སྡེར་བཅས་མངའ་ཐང་དཔལ་འབྱོར་རྒྱས། །ཀུན་ཀྱང་དགེ་བཅུའི་དཔལ་ལ་སྤྱོད་པ་ཡིས། །གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག །ཅེས་འཇམ་དབྱངས་གོང་མའི་ལུང་གིས་ཧམ་ཤིག་པོ་ཡན་ཐུ་སུ་མའི་མཁན་པོ་


GTD007_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཐེང་རི་ཐོ་ཡན་བླ་མའི་སྤྲུལ་སྐུ་གུ་ཤྲི་ཕུན་ཚོགས་རྣམ་རྒྱལ་གྱི་ཡང་སྤྲུལ་བཀྲ་ཤིས་ཉི་མའི་ཞབས་བརྟན་གསོལ་འདེབས་འདི་ནི་དད་གཏོང་རྒྱན་གྱིས་མཛེས་པ་མིའི་དབང་ཕྱུག་ཨུ་རད་གུང་རཏྣ་པཱ་ལས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དགེ་ལེགས་ཡོངས་འདུའི་ས་བོན་སྨིན་པ་ལས། །ཚོགས་གཉིས་སྤྱོད་པ་ཡལ་གའི་ཕྱོགས་རྫོགས་ཤིང། །རྨད་བྱུང་དོན་གཉིས་འབྲས་བུའི་ཁུར་གྱིས་བརྗིད། །འདྲེན་མཆོག་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག །བློ་བཟང་འཇམ་དཔལ་སྙིང་པོའི་ལུང་རྟོགས་བསྟན། །སྤེལ་བའི་ཐུགས་བསྐྱེད་སྨོན་ལམ་མཐུ་གྲུབ་པས། །ཐར་འདོད་ཡོངས་ཀྱི་ས་མཁན་གཅིག་པུར་གྱུར། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མདོ་རྒྱུད་མན་ངག་ཀུན་ལ་དབང་འབྱོར་ཅིང། །འཆད་རྩོད་རྩོམ་པའི་ག་བུར་གཟེགས་མ་ཡིས། །རྒྱལ་བསྟན་ཕྱོགས་མཐར་དར་ཞིང་རྒྱས་མཛད་པ། །འགྲོ་བའི་འདྲེན་མཆོག་དམ་པར་གསོལ་བ་འདེབས། །བློ་ལྡན་སྐལ་བཟང་དད་པའི་མཁའ་དབྱིངས་སུ། །དཀོན་མཆོག་ཐུགས་རྗེའི་རྟ་བདུན་གྱིས་དྲངས་པ། །བསྟན་པའི་གཉེན་གཅིག་མཚུངས་བྲལ་རྒྱལ་བའི་སྲས། །མཚན་ལྡན་བཤེས་གཉེན་དམ་པར་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་ཡི་དམ་ཆོས་སྲུང་དང། །དཀོན་མཆོག་རྣམ་གསུམ་བདེན་པ་ཆེན་པོའི་མཐུས། །མཆོག་སྤྲུལ་དམ་པ་བསྐལ་བརྒྱར་ཞབས་བརྟན་ཅིང། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཚུགས་གྱུར་ཅིག །ཕུལ་བྱུང་མཁྱེན་བརྩེའི་ཆུ་འཛིན་ཕུང་པོ་ལས། །ཟབ་རྒྱས་ཆོས་ཀྱི་གྲུ་ཆར་འཇོ་བ་ཡིས། །ཐར་འདོད་ཞིང་པའི་ཚོགས་ཀྱི་རེ་སྐོང་ཞིང། །སྲིད་ཞིའི་དགེ་མཚན་ཆུ་གཏེར་རྒྱས་གྱུར་ཅིག །སྐྱེ་བའི་འཕྲེང་བར་བཤེས་གཉེན་དམ་པ་ཡིས། །རྗེས་བཟུང་གདམས་


GTD007_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདུད་རྩིའི་བཅུད་མྱང་སྟེ། །ཡང་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །མཁའ་མཉམ་ལུས་ཅན་ཀུན་གྱི་མགོན་གྱུར་ཅིག །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་ཆས་པ་རྒྱ་མཁར་སྤྲུལ་བའི་སྐུ་སོགས་ཀྱིས་བསྐུལ་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཕུན་ཚོགས་དགེ་ལེགས་ལུང་རྟོགས་ནོར་བུའི་མཛོད། །བགྲང་ཡས་ཐར་འདོད་ཐར་པར་འཁྲིད་པའི་གཉེན། །བློ༷་བཟ༷ང་བསྟན་པའི་པད་ཚལ་རྒྱས་མཛད་པ། །སྨྲ་བའི་ཉི༷་མ༷་ལུས་ཅན་གཙུག་ན་རྒྱལ། །དག་པའི་སར་གནས་སྲིད་ཞི་མཉམ་ཉིད་དུ། །གཟིགས་ཤིང་སྨོན་ལམ་ཕ་རོལ་ཕྱིན་རྫོགས་པས། །གང་འདུལ་སྤྲུལ་བའི་བཀོད་པ་ཆུ་ཟླ་བཞིན། །སྟོན་མཛད་རྒྱལ་སྲས་ཆེན་པོར་གསོལ་བ་འདེབས། །དུས་མཐར་ཐུབ་བསྟན་ཡང་སྙིང་ཕྱོགས་ཀྱི་མཐར། །སྤེལ་བའི་ཐུགས་བསྐྱེད་བཟང་པོའི་རྩལ་རྫོགས་པས། །རྨད་བྱུང་དོན་གཉིས་དགའ་སྟོན་ལྷུན་གྱིས་གྲུབ། །བཟང་པོ་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །བཀྲ་ཤིས་དགེ་མཚན་ཆ་ཤས་ཡོངས་གང་ཞིང། །ལྷུན་གྲུབ་འཕྲིན་ལས་འོད་དཀར་དྲ་བ་ཡིས། །ཆོས་སྲིད་ཀུན་དའི་དགའ་ཚལ་རྒྱས་མཛད་པ། །བཀྲ་ཤིས་ལྷུན་གྲུབ་ཞབས་ལ་གསོལ་བ་འདེབས། །སྤོང་བ་བསམ་གཏན་འཁོར་ལོ་ལ་གནས་ཤིང། །ཁྱད་པར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱིས། །གྲུབ་པ་མཆོག་བརྙེས་རྟོགས་པ་ཀློང་དུ་གྱུར། །ཟ༷་ཁུ༷་སྒོམ༷་ཆེན༷་ཞབས་ལ་གསོལ་བ་འདེབས། །བློ་གཏེར་འཇམ་མགོན་ལུགས་བཟང་མདོ་སྔགས་ཀྱི། །བསྟན༷་པ༷འི་རྒྱལ༷་མཚ༷ན་བསྒྲེངས་ཤིང་ལུས་ཅན་རྣམས། །ཕན་བདེའི་དགའ་སྟོན་དཔལ་ལ་སྦྱོར་མཛད་པ། །བསྟན་པའི་རྒྱལ་མཚན་ཞབས་


GTD007_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །རྣམ་དག་བསླབ་གསུམ་བདུད་རྩིའི་རྒྱུད་གཏམས་ཤིང། །སྡེ་སྣོད་གསུམ་གྱི་ལེགས་བཤད་དགའ་སྟོན་སྤེལ། །འཇམ་དཔལ་གཞོན་ནུས་རྗེས་བཟུང་ང༷ག་གི་དབ༷ང། །ཕྲིན༷་ལས༷་རྣམ༷་རྒྱལ༷་ཞབས་ལ་གསོལ་བ་འདེབས། །ང༷ག་གི་དབ༷ང་ཕྱུག་བློ༷་བཟ༷ང་རྒྱལ་བའི་བསྟན། །སྤེལ་ཕྱིར་འཕྲིན༷་ལས༷་རྣམ་བཞིའི་གྲུ་གཟིངས་ཀྱིས། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སོན་པ། །བློ་བཟང་འཕྲིན་ལས་ཞབས་ལ་གསོལ་བ་འདེབས། །སླར་ཡང་ངེས་ལེགས་སྦྲང་རྩིའི་སྙིང་པོ་ཅན། །བསྟན་འགྲོའི་ཕན་བདེའི་འདབ་བརྒྱ་བཞད་པའི་ཕྱིར། །མཁས་བཙུན་བཟང་པོའི་རྣམ་རོལ་སྤྲུལ་བའི་སྐུ། །བློ༷་བཟ༷ང་ཉི༷་མ༷འི་ཞབས་ལ་གསོལ་བ་འདེབས། །དབང་ཕྱོགས་སྐལ་ལྡན་གདུལ་བྱའི་ཚོགས་རྣམས་ལ། །ཟབ་རྒྱས་གདམས་པའི་དགའ་སྟོན་མཆོག་སྦྱིན་ཞིང། །ཐུབ་བསྟན་མི་ནུབ་རྒྱལ་མཚན་བསྒྲེང་མཛད་པ། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །བླ་མ་ཡི་དམ་མཆོག་གསུམ་མཐའ་དག་དང། །རིང་ནས་བསྟེན་པའི་ཆོས་སྲུང་རྒྱ་མཚོའི་མཐུས། །འདྲེན་མཆོག་དམ་པ་བསྐལ་བརྒྱར་ཞབས་བརྟན་ཅིང། །འཕྲིན་ལས་ནོར་འཛིན་ཀུན་ཏུ་རྒྱས་གྱུར་ཅིག །རྣམ་དག་ཁྲིམས་ལྡན་མདོ་སྔགས་ལུང་རིགས་ཀྱི། །དབྱངས་སྙན་སྒྲོགས་པའི་མཁས་པའི་སྐྱེ་བོ་ཡིས། །སྡེ་འདི་ཡོངས་གང་བསྟན་པའི་བྱ་བ་ཀུན། །མི་ཉམས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །མདོར་ན་རྗེ་བཙུན་བླ་མའི་ཞབས་བརྟན་ཅིང། །དགེ་འདུན་ཐུགས་མཐུན་བཤད་སྒྲུབ་གོང་དུ་འཕེལ། །ཡུལ་ལྗོངས་དགེ་མཚན་དཔལ་གྱིས་ཕྱུག་པ་ཡི། །བཀྲ་ཤིས་དབྱངས་སྙན་ས་གསུམ་ཁྱབ་གྱུར་ཅིག །ཅེས་འཇམ་མགོན་


GTD007_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་གཉིས་པའི་བསྟན་པའི་རྩ་ལག་དམ་པ་སྟག་ལུང་སྤྲུལ་བའི་སྐུ་བློ་བཟང་ཉི་མའི་འཁྲུངས་རབས་གསོལ་འདེབས་འདི་ནི། བསྟན་པའི་གསལ་བྱེད་སེ་ར་པཎྚི་ཏའི་སྤྲུལ་བའི་སྐུ་ཡེ་ཤེས་ཆོས་བཟང་གྲགས་པ། ཐོའུ་ཟི་དོན་གྲུབ་སེང་གེ། ནང་སོ་དོན་འགྲུབ་རབ་བརྟན། ཆོས་རྗེ་བློ་བཟང་སྙན་གྲགས། དགོན་པའི་ལས་སྣེ་གྲྭ་བགྲེས་རྣམས་དང་བཅས་སྤྱི་ཚོགས་ནས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཀུན་བཟང་རྒྱལ་སྲས་སྤྱོད་པའི་ཟློས་གར་འབུམ། །དགེ་ལྡན་བསྟན་པའི་རྒྱན་དུ་ལེགས་སྒྱུར་བ། །ཐར་འདོད་སྐྱེ་དགུའི་འདྲེན་པ་བླ་ན་མེད། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །དགེ་ལྡན་ལུགས་བཟང་བྱང་ནས་བྱང་གི་མཐར། །སྤེལ་བའི་ཐུགས་བསྐྱེད་ཡང་ནས་ཡང་གོམས་པས། །དམ་པའི་འཁྲུངས་རབས་གཅིག་ནས་གཅིག་བརྒྱུད་དེ། །འགྲོ་བའི་དེད་དཔོན་མཛད་ལ་གསོལ་བ་འདེབས། །བློ་གྲོས་རབ་ཡངས་ཀུན་ཏུ་དགའ་བའི་ཚལ། །བཤད་སྒྲུབ་འཕྲིན་ལས་པདྨ་འབུམ་བཞད་ཅིང། །ཐུབ་བསྟན་སྙིང་པོའི་འབྲས་བཟང་གཡུར་དུ་ཟ། །རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །གང་གི་རྨད་བྱུང་ཐུགས་བསྐྱེད་མེ་ཤེལ་ཁམས། །དཀོན་མཆོག་ཐུགས་རྗེའི་མཁའ་ལ་རྣམ་རོལ་བས། །ཐུབ་བསྟན་སྦྲང་རྩིའི་རྒྱལ་མཚན་རྒྱས་མཛད་པ། །མཚུངས་མེད་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། །རྨད་བྱུང་འཕྲིན་ལས་འོད་རྣོན་འབུམ་ཕྲག་གིས། །དགེ་ལེགས་འཛིན་མའི་ཁོར་ཡུག་གསལ་བྱེད་ཅིང། །བསླབ་གསུམ་རྩལ་ལྡན་ལུང་རིགས་དབྱངས་སྒྲོགས་པའ། །རྐང་དྲུག་འདུས་པའི་སྡེ་ཆེན་གང་གྱུར་ཅིག །གང་གི་ཞབས་རྡུལ་མཆོད་པ་ལྷུར་ལེན་པའ། །འཁོར་སློབ་སྦྱིན་པའི་


GTD007_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་མཐའ་དག་ཀྱང་། །ཕྱི་ནང་ཉེར་འཚེའི་གཡུལ་ལས་རྣམ་རྒྱལ་ཏེ། །ཆོས་དང་སྲིད་ཀྱི་དཔལ་འབྱོར་རྒྱས་གྱུར་ཅིག །ལྗོངས་འདིར་ནད་མུག་འཁྲུག་རྩོད་ཀུན་ཞི་ཞིང། །ས་དབང་འཁོར་བཅས་ཚེ་དཔལ་མངའ་ཐང་རྒྱས། །ཀུན་ཀྱང་དགེ་བཅུའི་དཔལ་ལ་སྤྱོད་པ་ཡིས། །བཀྲ་ཤིས་དགེ་མཚན་རྟག་ཏུ་རྒྱས་གྱུར་ཅིག །ཅེས་བྱང་ཕྱོགས་བསྟན་འགྲོའི་དཔུང་གཉེན་ཉིད་ཚེང་ཨེར་ཏི་ནི་མེ་རྒན་ཧུ་ཐོག་ཐུ་དཀོན་མཆོག་ཐུབ་བསྟན་རྒྱལ་མཚན་གྱི་ཞབས་བརྟན་སྨོན་ཚིག་འདི་ནི་བློ་གྲོས་དང་ལྷག་བསམ་ཕུལ་དུ་བྱུང་བ་ཞབས་དྲུང་ངག་དབང་གྲགས་པས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །རྨོངས་པའི་འཇིགས་འཕྲོག་ཁྲོ་རྒྱལ་མི་གཡོ་མགོན། །རྒྱལ་ཀུན་འཕྲིན་ལས་སྒྲུབ་མཛད་སྒྲོལ་མ་ཡུམ། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པའི། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས་གསུངས་སོ།། ༈ བསླུ་མེད་དཀོན་མཆོག་ཐུགས་རྗེ་གཅིག་བསྡུས་ནས། །མཁས་ཤིང་གྲུབ་པའི་བཤེས་གཉེན་རྣམ་རོལ་ཏེ། །བསྟན་པའི་སྒྲོན་མེ་འཛིན་ལ་ཟླ་མེད་པ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །ཡི་དམ་རྒྱལ་བ་རྒྱ་མཚོ་སྤྲོ་བསྡུའི་བདག །བླ་མ་ལྷ་ཡིས་འབྲལ་མེད་རྗེས་གཟུང་སྟེ། །མདོ་དང་སྔགས་ཀྱི་ལམ་བཟང་རིམ་བགྲོད་ནས། །བདེ་ཆེན་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དགེ་སློང་དཀོན་


GTD007_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དར་རྒྱས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲ་བ་ཡིས། །ཕྱི་ནང་གསང་བའི་གཤིན་རྗེ་མཐར་བྱེད་པ། །འཇམ་དཔལ་རྡོ་རྗེ་མི་ཡི་ཟློས་གར་མཁན། །བློ་བཟང་རྒྱལ་བའི་དབང་པོར་གསོལ་བ་འདེབས། །དགེ་ལྡན་མདོ་སྔགས་བསྟན་པའི་གནད་ཀུན་ལ། །འཇམ་མགོན་བླ་མ་ཉིད་དང་དབྱེར་མེད་པ། །འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །འཇམ་དབྱངས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །རྣམ་དག་བསླབ་གསུམ་ནོར་བུས་ཡོངས་སུ་གཏམས། །འཁོར་ལོ་གསུམ་གྱི་རླབས་ཕྲེང་ཆེས་ཆེར་གཡོ། །ཐར་འདོད་ཀླུ་དབང་ཚོགས་ཀྱི་ཉེར་འཚོའི་གཞ། །བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །མདོ་རྒྱུད་མན་ངག་གདམས་པའི་བདུད་རྩི་ཡིས། །ཟླ་བྲལ་གྲུབ་པའི་གོ་འཕང་མཆོག་བརྙེས་ནས། །བགྲང་ཡས་གདུལ་བྱ་སྨིན་ཅིང་གྲོལ་མཛད་པ། །བློ་བཟང་བཀྲ་ཤིས་ཞབས་ལ་གསོལ་བ་འདེབས། །དམིགས་མེད་སྙིང་རྗེའི་རྩ་བ་ལས་ཐོན་པའ། །བཤད་སྒྲུབ་རྩིབས་སྟོང་རྫོགས་པའི་འཁོར་ལོ་ཡིས། །ཐུབ་བསྟན་ནོར་འཛིན་ཁྱོན་ལ་མངའ་བསྒྱུར་བ། །འཇིགས་མེད་དབང་པོའི་ཞབས་ལ་གསོལ་བ་འདེབས། །ཟླ་བྲལ་བཤེས་གཉེན་དམ་པའི་མགོན་གྱིས་བཟུང། །རྒྱ་ཆེན་གཞུང་མང་ཐོས་པའི་ཕ་རོལ་སོན། །ལེགས་བཤད་བདུད་རྩིའི་དགའ་སྟོན་འགྱེད་ལ་མཁས། །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །དེང་ནས་བརྩམས་ཏེ་སྐྱེ་ཞིང་སྐྱེ་བ་རུ། །དམ་པ་རྣམས་ཀྱིས་འབྲལ་མེད་རྗེས་འཛིན་ཞིང། །བཀའ་བཞིན་སྒྲུབ་པ་སྙིང་པོར་བྱེད་པ་


GTD007_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །མཐའ་ཡས་ལེགས་ཚོགས་རྩ་བ་ཚུགས་པར་ཤོག །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྔོན་འགྲོ་བས། །གསང་བ་མཆོག་གི་ལམ་དུ་སྨིན་བྱས་ནས། །སྐུ་གསུམ་གོ་འཕང་བདེ་བླག་མངོན་གྱུར་ཏེ། །མཁའ་མཉམ་འགྲོ་བ་སྲིད་ལས་སྒྲོལ་བར་ཤོག །མདོར་ན་མཆོག་གསུམ་བདག་ཉིད་བླ་མ་དང། །ཡི་དམ་ཆོས་སྲུང་རྒྱ་མཚོའི་ཐུགས་རྗེའི་མཐུས། །ཇི་ལྟར་སྨོན་པའི་རྣམ་དཀར་འབྲས་བུ་ཀུན། །གེགས་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཁྱ་དགེ་ལེགས་བཤད་གླིང་ནས་རྣམ་དཔྱོད་ཡངས་པའི་དགེ་བསྐོས་ཕུན་ཚོགས་རྒྱ་མཚོ་དང་དབུ་མཛད་ངག་དབང་བསམ་གཏན་གཉིས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའོ།། ༈ དཀོན་མཆོག་རིན་ཆེན་ཐུགས་རྗེའི་མཁའ་དབྱིངས་ངོས། །ལུང་རིགས་འོད་བརྒྱ་འབར་བའི་གཟི་བྱིན་གྱིས། །ཐུབ་བསྟན་པད་ཚལ་བཞད་པའི་དཔལ་ཡོན་ཅན། །འགྲོ་བའི་སྒྲོན་མེ་མཆོག་ལ་གསོལ་བ་འདེབས། །འདི་ཡང་རྗེ་ཉིད་ཀྱི་གསུང་ངོ་།། ༈ བློ་བཟང་ཐུབ་བསྟན་པདྨ་དཀར་པོའི་ཚལ། །འཇིགས་མེད་རྣམ་དཔྱོད་ཉི་མའི་འོད་སྣང་གིས། །རྒྱ་མཚོའི་གོས་ཅན་ཀུན་ཏུ་རྒྱས་མཛད་པ། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །ཕུལ་བྱུང་མཁྱེན་རབ་གསེར་གྱི་ཤིང་རྟ་ཡིས། །མདོ་སྔགས་ཐུབ་བསྟན་ཡོངས་རྫོགས་ནོར་བུའི་དཔྱ། །དྲངས་ཏེ་ཐར་འདོད་ཡོངས་ཀྱི་རེ་སྐོང་བའི། །རྣམ་དཀར་བཞེད་དོན་ལྷུན་གྱིས་འགྲུབ་པར་ཤོག །གང་གི་མཛད་བཟང་སྤྲིན་གྱི་སྒྲ་དབྱངས་དང། །ལྷན་ཅིག་འདུས་པའི་སྡེ་ཆེན་མདོངས་མཐའི་ཚོགས། །བཤད་སྒྲུབ་གཏོས་བཟང་འཛིན་པའི་འཇོ་སྒེག་གིས། །དགེ་ལྡན་བསྟན་པའི་


GTD007_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཚལ་མཛེས་གྱུར་ཅིག །ཅེས་པ་འདི་ནི་༸སྐྱབས་མགོན་མཆོག་ནས་དབུས་སུ་གསན་སྦྱོང་གི་བཞེད་དོན་འགྲུབ་པའི་སྨོན་ཚིག་ཅིག་དགོས་ཞེས་ལྷག་བསམ་རྣམ་དཔྱོད་ཡངས་པ་ཇ་རོད་ཐོ་ཡོན་འཇིགས་མེད་འཇམ་དབྱངས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་གུ་རུ་ཤྲཱི་མཧཱ་ཀ་ལཱ་ཡ། ཤེས་བྱ་ཀུན་ལ་ཁྱབ་པའི་མཁྱེན་པ། །ལུས་ཅན་ཡོངས་ལ་བརྩེབའི་སྙིང་རྗེ། །ཟུང་དུ་འཇུག་པ་བསླུ་མེད་སྐྱབས་མཆོག །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །བདག་དང་ཕ་མ་རིགས་དྲུག་འགྲོ་ཀུན། །འདི་ཕྱི་བར་དོའི་འཇིགས་ལས་སྒྲོལ་བའི། །མགོན་སྐྱབས་རེ་ས་གཞན་ན་མ་མཆིས། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །རྙེད་དཀའ་ལན་ཅིག་ཐོབ་པའི་དལ་འབྱོར། །དེ་རིང་ཕན་ཆད་སྟོང་པར་ཟད་དོ། །ཚེ་ལྷག་ཆོས་ཀྱིས་དོན་ལྡན་ནུས་པར། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །ལོངས་སྤྱོད་གཉེན་འབངས་ཐམས་ཅད་བསྐྱུར་ཀྱང། །དེ་དང་འབྲེལ་བའི་སྡིག་ལྟུང་ཁུར་ནས། །རང་ཉིད་གཅིག་པུ་ཕྱི་མར་འགྲོ་ཚེ། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །ཡུན་རིང་འགྲོགས་པའི་ལུས་སེམས་གཉིས་ཀྱང། །འཆི་བདག་བདུད་ཀྱིས་སོ་སོར་ཕྲལ་ཏེ། །རྟེན་མེད་རྣམ་ཤེས་རླུང་གིས་ཁྱེར་ཚེ། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །རྒྱུས་མེད་བར་དོའི་སྲིད་པར་འཁྱམས་ཤིང། །འཁྲུལ་སྣང་གཤིན་རྗེའི་འཇིགས་པས་བདས་ཏེ། །རང་ཉིད་ཅི་བྱ་གཏོལ་མེད་གྱུར་ཚེ། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །སྐྱེ་ཤིའི་འཁྲུལ་འཁོར་སྲིད་པའི་འཕྲང་རིང། །ཐར་མེད་ངན་སོང་གསུམ་གྱི་གཡང་སར། །


GTD007_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེའི་ལས་ཀྱི་གོམ་སྟབས་འཁྱོར་ཚེ། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །སྒོ་གསུམ་བག་མེད་སྤྱོད་ཚུལ་འདི་ཡིས། །སྐྱེ་གནས་ངན་སོང་གསུམ་ལས་མ་འདས། །དེ་ཡི་སྡུག་བསྔལ་བཟོད་གླགས་མེད་པས། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །མཐའ་ཀླས་རྒྱལ་པོའི་གན་མཛོད་བཞིན་དུ། །ཤེས་རྒྱུད་གང་བ་སྡིག་པའི་ཕུང་པོ། །བྱིན་རླབས་བདུད་རྩིའི་ཆབ་ཀྱིས་བྱང་བར། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །བློ་སྙིང་དཀོན་མཆོག་གསུམ་ལ་གཏད་དེ། །ལས་འབྲས་བླང་དོར་ཚུལ་བཞིན་སྒྲུབ་པས། །ངན་སོང་ངན་འགྲོའི་སྐྱེ་སྒོ་ཁེགས་པར། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །འཁོར་བའི་བདེ་འབྲས་ཅི་ཙམ་ཐོབ་ཀྱང། །མ་ངོམས་བཞིན་དུ་དབང་མེད་འདོར་དགོས། །བསླུ་བྲིད་བཙོན་ར་འདི་ལས་ཐར་བར། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །ཡང་ཡང་དྲིན་གྱིས་བསྐྱངས་པའི་མ་རྣམས། །སྡུག་བསྔལ་གསུམ་གྱིས་མནར་བའི་ཚུལ་ལ། །བཅོས་མིན་སྙིང་རྗེས་ཕན་པ་བསྒྲུབ་པར། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །རྒྱལ་སྲས་སྤྱོད་ལ་དཔའ་བའི་སྙིང་སྟོབས། །སྲིད་པའི་རྩ་བ་འབྱིན་པའི་ཤེས་རབ། །ཟུང་འབྲེལ་ལམ་བཟང་མངོན་དུ་འགྱུར་བར། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །སྙིང་གའི་འདབ་བརྒྱད་དྷུ་ཏིའི་དབུས་སུ། །གང་གི་ཐུགས་རྗེའི་ཉི་འོད་ལྷུང་བས། །ཐ་མལ་ཀུན་རྟོག་མུན་པ་སངས་པར། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །སྤྱན་རས་གཟིགས་དབང་ཞི་ཁྲོའི་གོ་འཕང། །མངོན་དུ་བྱས་ནས་མཁའ་མཉམ་འགྲོ་ཀུན། །གཏན་བདེར་འགོད་པའི་ནུས་པ་རྙེད་པར། །བླ་མགོན་དབྱེར་མེད་ཐུགས་


GTD007_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གཟིགས་ཤིག །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང། །སྐྱབས་གསུམ་ཀུན་འདུས་ངོ་བོར་བལྟས་ཏེ། །གདུང་ཤུགས་དྲག་པོས་གསོལ་བ་འདེབས་སོ། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །མདོར་ན་སྐྱིད་སྡུག་ལེགས་ཉེས་ཀུན་ལ། །ཁྱོད་མིན་རེ་ས་གཞན་ན་མེད་དོ། །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །བླ་མགོན་དབྱེར་མེད་ཐུགས་རྗེས་གཟིགས་ཤིག །ཅེས་བླ་མ་མགོན་པོ་དབྱེར་མེད་ལ་འདི་ཕྱི་བར་དོའི་འཇིགས་ལས་སྒྲོལ་བའི་ཕྱིར་དུ་གདུང་དབྱངས་ཀྱིས་གསོལ་བ་འདེབབས་པ་ལམ་གྱི་ལུས་དང་འབྲེལ་བ་འདི་ནི་དད་བརྩོན་རྣམ་དཔྱོད་ཡངས་པ་འཇམ་དབྱངས་ཕུན་ཚོགས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སེར་ལུང་ལ་རྩར་བྲིས་པའོ།། ༈ ཕུལ་བྱུང་ལེགས་བཤད་ཟབ་མོའི་སྒྲ་དབྱངས་ཀྱིས། །ས་གསུམ་དཀྱིལ་འཁོར་ཀུན་ཁྱབ་བག་ཡོད་པའ། །སྤྱོད་ཚུལ་མ་སྨད་གཡས་སུ་འཁྱིལ་བའི་དུང། །དགེ་ལེགས་ཆུ་གཏེར་སྙིང་པོ་རྒྱལ་གྱུར་ཅིག །བྱིན་རླབས་ཉི་མའི་གདེངས་ཀ་མཐོ། །མན་ངག་རྒྱ་མཚོའི་འཇིང་ལ་གནས། །ལྷག་བསམ་གསེར་གྱི་རང་བཞིན་ཅན། །བཤེས་གཉེན་ལྷུན་པོའི་དྲུང་ན་མཛེས། །ཆེར་རློམ་རི་བོའི་ཕྲེང་བ་ཡིས། །མ་བཟུང་མང་དུ་ཐོས་པའི་ཆབ། །འདུན་ལྡན་ཐུགས་ཀྱི་གཤོང་བུ་རུ། །ལུང་རིགས་ལྦུ་བ་འཛུམ་ཞིང་འཁྱིལ། །ཚུལ་བཞིན་དཔྱོད་པའི་རལ་གྲི་ཡིས། །ཐེ་ཚོམ་དྲ་བ་མ་ལུས་པ། །ཅིག་ཅར་བཅད་པའི་རྣོ་རྒྱུན་གྱིས། །སྲིད་པའི་བཙོན་ར་ཤིག་ཤིག་འདར། །ལས་འབྲས་མ་འཆོལ་གོམ་སྟབས་ཅན། །ངེས་འབྱུང་ཤུགས་ཀྱིས་བགྲོད་བྱེད་ཅིང། །རྒྱལ་སྲས་སྤྱོད་པའི་ཁུར་འཛིན་པའ། །གླང་པོ་ལམ་གྱི་རིམ་པར་འགྲོ། །དོན་དང་མ་འབྲེལ་


GTD007_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམ་བཤད་དང། །གཞུང་དང་མ་འབྲེལ་སྙན་ཚིག་ཀུན། །བརྒལ་བརྟག་མེ་ལྷའི་ཞལ་ཟས་སུ། །སྟོབ་པའི་བློ་གྲོས་རྣམ་པར་དག །དཔལ་འབྱོར་ཁུར་གྱིས་དུབ་རྣམས་ཀྱིས། །རིང་དུ་དོར་བྱའི་དབང་ཁྲིད་ལུང། །ནོར་བུའི་དོ་ཤལ་མ་ལུས་པ། །ཁྱོད་ཀྱི་མགྲིན་པར་ལྷན་ཅིག་འདྲིལ། །དབྱངས་ཅན་ངག་གི་ལོངས་སྤྱོད་ལ། །དབང་མཛད་དེ་ཡི་ཞལ་གྱི་སྒོར། །བློ་གསལ་ཚོགས་ཀྱི་རེ་བའི་མིག །བུ་ལོན་ཆགས་པ་བཞིན་དུ་གཏོང། །གསང་ཆེན་ཆོས་ཀྱི་ཆུ་ཀླུང་བརྒྱ། །འདུས་པ་འདུས་པའི་རྒྱ་མཚོ་ཆེར། །དམ་ཚིག་རྒྱ་བ་འཛིན་མཁས་དེར། །རིམ་གཉིས་ནོར་བུ་ལག་རྩེར་གནས། །ཇི་ལྟར་བསྟན་པ་འཛིན་བྱེད་པའ། །ཡན་ལག་ཀུན་རྫོགས་ཁྱོད་ལྟ་བུ། །གང་ལས་འབྱུང་དེ་དབུས་འགྱུར་དུ། །མཚོན་བྱེད་གྲགས་པའི་མཚན་མ་ཡིན། །དེ་སླད་སྨྲ་བའི་སེངྒེ་ཁྱོད། །ཐར་འདོད་མགོན་དུ་རྟག་བརྟན་ཅིང། །རྒྱལ་བའི་བསྟན་དང་ཆབས་ཅིག་པར། །བཟང་པོའི་འཕྲིན་ལས་རྒྱས་གྱུར་ཅིག །ཅེས་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་སློབ་ཟུར་དཀོན་མཆོག་རྒྱལ་མཚན་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི། དད་བརྩོན་བློ་དང་ལྡན་པ་དཀོན་མཆོག་མཁྱེན་རབ་ཀྱིས་བསྐུལ་བར་བརྟེན། དེང་དུས་ཆེ་མཐོའི་རིགས་ལ་འུད་ཀྱིས་བསྟོད་པ་ལྟ་བུ་མ་ཡིན་པར། མཁས་པའི་ཡོན་ཏན་མཐོང་སྟེ་རང་བཞིན་བརྗོད་པའི་ཚིག་གིས་གཟེངས་བསྟོད་པ་སྔོན་བྱོན་དམ་པའི་ལུགས་སྲོལ་བཞིན་དུ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་འདིའང་བློ་དང་ལྡན་པ་རྣམས་ཆོས་ཀྱི་རྗེས་སུ་འབྲང་བའི་རྒྱུར་གྱུར་ཅིག །༈ སྟོབས་བཅུའི་དཀྱིལ་འཁོར་རྫོགས་པའི་ཉིན་མོར་བྱེད། །ལུང་རྟོགས་འོད་ཀྱི་དྲ་བ་འབུམ་འགྱེད་པས། །རིག་གྲོལ་འདབ་འཕྲེང་བཞད་པའི་པད་ཚལ་བཅས། །


GTD007_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསུམ་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །རིང་ནས་ཐུགས་བསྐྱེད་བཙན་པོའི་གོ་བགོས་ཏེ། །འཕགས་བོད་ཀུན་ཏུ་སྐྱེ་བའི་རྣམ་རོལ་གྱིས། །རླབས་ཆེན་རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ལ། །བསླབ་པའི་ངོ་མཚར་བཀོད་པ་བསམ་མི་ཁྱབ། །ཁྱད་པར་བློ་བཟང་རྒྱལ་བའི་ཆོས་ཚུལ་ཀུན། །ཐོས་བསམ་སྒོམ་པས་ཇི་བཞིན་ལེགས་རྟོགས་ནས། །རྩེ་གཅིག་སྒྲུབ་པས་གཏན་བདེའི་མཆོག་བརྙེས་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཟབ་རྒྱས་མན་ངག་སྤྱན་སྟོང་ལྷ་ཡི་དབང། །ཐུབ་བསྟན་རིན་ཆེན་ས་འཛིན་རྩེར་འགྱིང་ཞིང། །སྐལ་བཟང་ལྷ་བརྒྱའི་ཚོགས་ཀྱི་གཉེན་གྱུར་པ། །དཀྱིལ་འཁོར་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །དཀོན་མཆོག་རྒྱལ་བའི་ཆོས་མཛོད་མདོ་སྔགས་བསྟན། །འཛིན་ཕྱིར་སླར་ཡང་ཐུགས་རྗེའི་སྒྱུ་འཕྲུལ་གྱིས། །འགྲོ་ལ་དགེ་ལེགས་རྒྱ་མཚོའི་ཆར་འབེབས་པ། །མཚུངས་མེད་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། །ཡི་དམ་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེའི་དཔུང། །རླབས་ཆེན་ཐུགས་བསྐྱེད་མཐུ་དང་བསྒྲིལ་བ་ཡིས། །འདྲེན་མཆོག་དམ་པའི་སྐུ་ཚེ་བརྟན་པ་དང། །དོན་གཉིས་མཛད་བཟང་ལྷུན་གྱིས་གྲུབ་གྱུར་ཅིག །ཚུལ་ཁྲིམས་རྣམ་པར་དག་པའི་ཚངས་སྐུད་ཐོགས། །ཟབ་གསང་ཏིང་འཛིན་བདུད་རྩིའི་རིལ་བ་སྦྲེངས། །ཤེས་རབ་འོད་འབར་སྦྱིན་སྲེག་ལ་བརྩོན་པའ། །དྲང་སྲོང་ཚོགས་ཀྱིས་སྡེ་འདི་ཡོངས་གང་ཤོག །རིང་ནས་རྩ་བརྒྱུད་བླ་མས་བཀའ་བསྒོས་པའ། །རྡོ་རྗེ་གཡར་དམ་ལྷུར་མཛད་སྲུང་ཚོགས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་སྡེ་དང་


GTD007_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །རྟག་ཏུ་སྲུང་སྐྱོབ་འཕྲིན་ལས་གཡེལ་མེད་མཛོད། །མདོར་ན་དེང་ནས་བྱང་ཆུབ་གནས་ཐོབ་པར། །འདྲེན་པ་མཆོག་གིས་དགྱེས་བཞིན་རྗེས་འཛིན་ཞིང། །ཡང་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །མཐའ་ཡས་འགྲོ་ཀུན་འདྲེན་པའི་དཔལ་གྱུར་ཅིག །ཅེས་བསྟན་པའི་གསལ་བྱེད་ལུང་བཟང་ནང་སྤྲུལ་སྐུ་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་འདི་ནི་མང་ཐོས་སྒྲུབ་པའི་རྒྱལ་མཚན་འཛིན་པ་བློ་བཟང་དཀོན་མཆོག་གིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བློ༷་ཆེན་ཀུན་བཟ༷ང་ཐུགས་བསྐྱེད་དཔ༷ལ་དང་ལྡ༷ན། །བསོད་ནམས་ཡེ༷་ཤེ༷ས་ཚོགས་གཉིས་དཀྱིལ་འཁོར་རྒྱས། །ཐུབ་དབང་བསྟ༷ན་པ༷འི་པད་ཚལ་བཞད་པའི་གཉེན། །མཚུངས་མེད་འགྲོ་བའི་མགོ༷ན་པོ༷ར་གསོལ་བ་འདེབས། །མངོན་མཐོ་ཆོ་རིགས་གཙང་མའི་མ་ལ་ཡར། །ལེགས་འཁྲུངས་དཔལ་འབྱོར་ཡལ་གའི་ཕྱོགས་རྫོགས་ཀྱང། །ངེས་འབྱུང་དྲི་བཞོན་གཡོ་བའི་ཚུལ་ཁྲིམས་ཀྱི། །ངད་ལྡང་འདུལ་འཛིན་ཆེན་པོར་གསོལ་བ་འདེབས། །མར་གྱུར་འགྲོ་བའི་ངང་ཚུལ་ཟླ་སྣང་འབུམ། །གསལ་འཆར་སྙིང་རྗེ་མ་དྲོས་མཚོར་སྨིན་པའ། །རིན་ཆེན་སེམས་མཆོག་གསེར་བཟང་འོད་འབར་བ། །རྒྱལ་སྲས་དཔའ་བོ་མཆོག་ལ་གསོལ་བ་འདེབས། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྒོར་ཞུགས་ཏེ། །དངོས་གྲུབ་རྩ་བ་དམ་ཚིག་ཚུལ་བཞིན་བསྲུང་། །རིམ་གཉིས་བདེ་སྟོང་ཏིང་འཛིན་མཆོག་ལ་གཞོལ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཟབ་ཡངས་མཁྱེན་རབ་གཏིང་མཐའ་བྲལ་བའི་ངོགས། །ལུང་རིགས་རླབས་ཀྱི་ཕྲེང་བ་འབུམ་འགྱེད་ཀྱང། །མང་ཐོས་ཆུ་ཀླུང་བྱེ་བས་མི་ངོམས་པ། །སྨྲ་བའི་དབང་ཕྱུག་མཆོག་


GTD007_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །བཤད་སྒྲུབ་ཉི་ཟླའི་འོད་ཀྱིས་འཁྱུད་པ་ཡི། །རྣམ་དག་ཚུལ་ཁྲིམས་ཀུན་གསལ་མེ་ལོང་ངོས། །ཉེས་ལྟུང་རྙོག་པའི་སྤྲིན་གྱིས་མ་གོས་པ། །བསྟན་པའི་རྩ་ལག་དམ་པར་གསོལ་བ་འདེབས། །ཡུལ་དུས་ཐ་མར་བསྟན་པའི་ཁུར་བཟུང་ནས། །དགེ་འདུན་སྤེལ་ཞིང་ཆོས་སྤྱོད་རྣམ་པ་བཅུའ། །འཁོར་ལོ་གསུམ་གྱི་མཛད་བཟང་ལྷུན་གྱིས་གྲུབ། །འགྲོ་བའི་འདྲེན་མཆོག་དམ་པར་གསོལ་བ་འདེབས། །བླ་མ་ཡི་དམ་དམ་ཅན་རྒྱ་མཚོའི་ཚོགས། །སྤྱི་དང་ཚེ་ཡི་མཆོག་སྦྱིན་ལྷ་རྣམས་མཐུས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ཡི། །ཞབས་ཟུང་གཡོ་མེད་རྡོ་རྗེ་ལྟར་བརྟན་ཤོག །གང་གི་འཕྲིན་ལས་རྩིབས་སྟོང་འཁོར་ལོ་ཡིས། །ཐུབ་བསྟན་འཛིན་མའི་གཞི་ལ་མངའ་བསྒྱུར་བའི། །དགེ་མཚན་འགོག་པ་མེད་པའི་གཟི་བྱིན་གྱིས། །ཆོས་སྲིད་རྫོགས་ལྡན་དགའ་སྟོན་རྒྱས་གྱུར་ཅིག །བདག་སོགས་ཀུན་ཀྱང་མཐོ་རིས་ཡོན་ཏན་གྱིས། །དཔལ་ཡོན་རྫོགས་པའི་རྟེན་བཟང་རིམ་བརྒྱུད་དེ། །འབྲལ་མེད་བཤེས་གཉེན་དམ་པས་རྗེས་འཛིན་ཅིང། །ཡང་དག་ལམ་བཟང་གེགས་མེད་བགྲོད་གྱུར་ཅིག །བླ་མ་མཆོག་གི་ཞབས་པད་རྟག་བརྟན་ཅིང། །སྡེ་འདིར་བཤད་སྒྲུབ་བསྟན་པ་རྒྱས་པ་དང། །མི་དབང་སྡེར་བཅས་མངའ་ཐང་དར་བ་ཡི། །ཕུན་ཚོགས་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བསྟན་འགྲོའི་ཕན་བདེའི་རྩ་ལག་དམ་པར་གྱུར་པ་བློ་བཟང་དཔལ་ལྡན་ཡེ་ཤེས་བསྟན་པའི་མགོན་པོའི་ཞབས་བརྟན་སྨོན་ཚིག་དང་བཅས་པ་འདི་ནི། མི་ཕམ་ཆོས་གླིང་གི་དགེ་བསྐོས་གུ་ཤྲི་གྲགས་པ་བཟང་པོ། བླ་བྲང་ཕྱག་མཛོད་ཆོས་རྗེ་ངག་དབང་ཤེས་རབ། སྤྱི་སོའི་སྡེ་པ་ནང་སོ་ངག་དབང་བསྟན་འཛིན་སོགས་འདུས་སྤྱི་ནས་དངུལ་གྱི་མཎྜལ། གོས་


GTD007_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་ལྷ་དར་བཅས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བདེ་མཆོག་བླ་བརྒྱུད་ཀྱི་ཁ་སྐོང་ནི། བློ་བཟང་རྒྱལ་བ་གཉིས་པ་དང། །དབྱེར་མེད་ཆོས་ཀྱི་རྒྱལ་མཚན་ཞབས། །ཀུན་མཁྱེན་སངས་རྒྱས་བཀྲ་ཤིས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཟབ་རྒྱས་མན་ངག་མཛོད་འཛིན་པ། །བློ་བཟང་ངག་གི་དབང་པོ་དང། །སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བགྲང་ཡས་སྐལ་ལྡན་གདུལ་བྱའི་ཚོགས། །སྨིན་མཛད་ངག་དབང་བསྟན་འཛིན་དང། །གྲུབ་མཆོག་དངོས་གྲུབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉམས་རྟོགས་ཡོན་ཏན་མཐར་སོན་པ། །འཇམ་དབྱངས་བདེ་བའི་རྡོ་རྗེ་དང། །གནུབ་སྟོན་བཞད་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དགེ་ལྡན་བསྟན་པའི་གཉེན་གཅིག་པུ། །ཀུན་མཁྱེན་འཇིགས་མེད་དབང་པོ་དང། །རྗེ་བཙུན་བསྟན་པའི་སྒྲོན་མེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ངེད་ལས་དངོས་སུ་ཐོབ་པ་རྣམས་ནི་རྩ་བའི་བླ་མའི་གསོལ་འདེབས། ཧེ་རུ་ཀ་དཔལ་ཞེས་སོགས་ཀྱིས་འཐུས་ཤིང། ས་ལུགས་མ་གཏོགས་པའི་བཀའ་བབ་གཞན་ལྔ་ཡོད་པ་དང། སྐྱབས་མགོན་དེ་ཉིད་ནས་གཞན་འགའ་ལས་ཀྱང་གསན་འདུག་ཅིང། ངེད་ཀྱིས་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ཀྱང་ཐོབ་པ་སོགས་འདིར་མ་ཐེབས་པའི་བརྒྱུད་པའང་མང་སྟབས། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས། བརྒྱུད་པའི་བླ་མ་མཆོག་རྣམས་ལ། ཞེས་བསྒྱུར་ན་བདེའོ།། ༈ ནཱ་རོ་མཁའ་སྤྱོད་མའི་བརྒྱུད་འདེབས་ཁ་སྐོང་ནི། ཐུབ་བསྟན་སྲོག་ཤིང་འཇིགས་མེད་དབང་པོའི་སྡེ། །ལམ་འདིའི་བཀའ་བབ་ཆོས་ཀྱི་རྡོ་རྗེའི་ཞབས། །ཐར་ལམ་གསལ་མཛད་བསྟན་པའི་སྒྲོན་མེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཞེས་པའོ།། ༈ འཇིགས་


GTD007_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བླ་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོང་ནི། སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་པ། །ལུང་རྟོགས་མངའ་བདག་སངས་རྒྱས་ཡེ་ཤེས་ཞབས། །རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་དང། །བསྟན་པའི་རྩ་ལག་བསྟན་འཛིན་འཕྲིན་ལས་ཞབས། །རིག་འཛིན་ཆེན་པོ་འཇམ་དབྱངས་གྲགས་པ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་སྡེ། །འཇིགས་མཛད་མངོན་གྱུར་བློ་བཟང་ཤེས་རབ་དང། །གྲུབ་པའི་དབང་ཕྱུག་བདེ་བའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ལུང་རྟོགས་མངའ་བདག་དགེ་འདུན་རྒྱ་མཚོ་དང། །རིགས་ཀུན་ཁྱབ་བདག་འཇིགས་མེད་དབང་པོའི་སྡེ། །བཀའ་དྲིན་མཚུངས་བྲལ་བསྟན་པའི་སྒྲོན་མེ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཞེས་སོ།། ༈ ལྷུན་གྲུབ་འཕྲིན་ལས་འོད་ཟུང་གསུམ་གྱི་གུར། །ཚེ་དང་ཡེ་ཤེས་ཨུཏྤལ་གྱིས་གཏམས་པར། །སྐལ་བཟང་སྐྱེ་བོ་བུ་བཞིན་སྐྱོང་མཛད་པ། །བཅོམ་ལྡན་ཡིད་བཞིན་འཁོར་ལོར་གསོལ་བ་འདེབས། །ངག་གི་དབང་ཕྱུག་ནས་བརྒྱུད་ཇོ་བོ་ལུགས། །ས་ལུགས་རྡོ་རྗེ་གདན་པའི་བརྒྱུད་པ་དང། །བཀའ་བབ་གསུམ་པ་ཁ་ཆེ་པཎ་ཆེན་བརྒྱུད། །བཞི་པ་ཨ་བྷྱཱ་ཀཱ་རའི་བརྒྱུད་པ་དང། །པཎ་ཆེན་མ་ཏི་བརྒྱུད་པ་གཉན་ལོའི་ལུགས། །ནི་སྐ་ལཾ་ག་ནས་བརྒྱུད་དཔྱལ་ལུགས་དང། །བདུན་པ་རྔོག་ལུགས་མར་པ་ལོ་ཙཱའི་བརྒྱུད། །རོལ་པའི་རྡོ་རྗེ་ཉེ་བརྒྱུད་སྒར་ལུགས་དང། །དགུ་པ་པཎ་ཆེན་ནགས་


GTD007_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རིན་བརྒྱུད་པ་སྟེ། །བཀའ་བབ་དགུ་ཡི་བརྒྱུད་པ་རིམ་བྱོན་ནས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་བར། །གདམས་པའི་སྲོལ་འཛིན་རྣམས་ལ་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོ་ངག་དབང་ལྷུན་གྲུབ་ཞབས། །ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་སྡེ། །མང་ཐོས་མཐར་སོན་དགེ་འདུན་རྒྱ་མཚོ་སྟེ། །མཁས་གྲུབ་ཆེན་པོ་གསུམ་ལ་གསོལ་བ་འདེབས། །རིགས་ཀུན་ཁྱབ་བདག་འཇིགས་མེད་དབང་པོ་དང། །སྤངས་རྟོགས་མཐར་སོན་ཆོས་ཀྱི་ཉི་མའི་ཞབས། །ཐུབ་བསྟན་གསལ་མཛད་བསྟན་པའི་སྒྲོན་མེ་སྟེ། །བཀའ་དྲིན་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེའི་སྤྲིན། །མཁྱེན་བརྩེའི་གདེངས་ཀ་འབུམ་དུ་དར་བ་ལས། །བྱིན་རླབས་ཆར་རྒྱུན་འཛད་མེད་འཇོ་བ་ཡིས། །རེ་བའི་ཞིང་ས་ཡོངས་སུ་སྨིན་པར་མཛོད། །དུས་མིན་འཆི་བའི་གཡུལ་ལས་རྣམ་རྒྱལ་ཏེ། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ཅིང། །ལྟོས་བཅས་སྐལ་བཟང་སྐྱེ་བོ་མཐའ་དག་ཀྱང། །འཆི་མེད་དགའ་སྟོན་དཔལ་ལ་སྦྱོར་གྱུར་ཅིག །ཅེས་པ་འདི་ནི་བཟང་པོའི་བག་ཆགས་ཀྱི་མཐུ་བརྟས་པ་ཏ་ལེའི་ཆོས་རྗེ་ཞབས་དྲུང་དཀོན་མཆོག་རྣམ་རྒྱལ་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ གསང་ཆེན་བསྟན་པའི་མངའ་བདག་ཤེར་སེང་དང། །འདུལ་འཛིན་ཆེན་པོ་བློ་གྲོས་སྦས་པའི་ཞབས། །སྡེ་སྣོད་གསུམ་འཛིན་ཡེ་ཤེས་རྩེ་མོ་སྟེ། །ཐུབ་བསྟན་རྩ་ལག་གསུམ་ལ་གསོལ་བ་འདེབས། །ཟབ་ལམ་མངོན་གྱུར་སྐྱབས་མཆོག་དཔལ་བཟང་དང། །ཟུང་འཇུག་སར་གཤེགས་རྒྱལ་བ་དབེན་ས་པ། །མཁས་ཤིང་གྲུབ་བརྙེས་སངས་རྒྱས་ཡེ་ཤེས་ཏེ། །ཐར་པའི་ས་མཁན་གསུམ་ལ་གསོལ་བ་


GTD007_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །བློ་བཟང་རྒྱལ་བ་གཉིས་པ་ཆོས་རྒྱན་ཞབས། །དེ་སྲས་ཐུ་བོ་བརྩོན་འགྲུས་རྒྱལ་མཚན་དང། །སེམས་དཔའ་ཆེན་པོ་ངག་དབང་བློ་གྲོས་ཏེ། །སྐྱེ་དགུའི་འདྲེན་མཆོག་གསུམ་ལ་གསོལ་བ་འདེབས། །སྨྲ་བའི་ཁྱུ་མཆོག་བློ་བཟང་ཤེས་རབ་དང། །རྣལ་འབྱོར་དབང་ཕྱུག་དགེ་འདུན་བཀྲ་ཤིས་ཞབས། །སྤངས་རྟོགས་མཐར་སོན་ངག་དབང་བློ་བཟང་སྟེ། །བཀའ་དྲིན་ཟླ་མེད་གསུམ་ལ་གསོལ་བ་འདེབས། །དུས་མཐར་མདོ་སྔགས་ཡོངས་སུ་རྫོགས་པ་ཡི། །ཐུབ་བསྟན་མི་ནུབ་རྒྱལ་མཚན་བསྒྲེངས་པ་ལ། །ཐུགས་བསྐྱེད་ཟླ་བྲལ་འཇིགས་མེད་དབང་པོའི་སྡེ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །ཞེས་ལམ་རིམ་ཆུང་ངུའི་བཤད་ལུང་གི་བརྒྱུད་འདེབས་ཁ་སྐོང་འདི་ནི། བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དུས་འཁོར་སློབ་ཟུར་དཀོན་མཆོག་དར་རྒྱས་པའི་གསུང་གིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ སྐྱབས་གསུམ་ཀུན་འདུས་འཇིགས་མེད་དབང་པོའི་ཞབས། །སླར་ཡང་ཐུགས་རྗེས་སྤྲུལ་བའི་གར་མཛད་པ། །རྗེ་བཙུན་བློ་བཟང་འཇིགས་མེད་རྒྱ་མཚོའི་སྡེ། །གདུང་འཚོབ་དམ་པ་ཁྲི་ཆེན་རྣམ་གཉིས་བཅས། །མཚུངས་མེད་ཡབ་སྲས་རྣམས་ལ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ཀུན་བཟང་མཆོད་པའི་སྤྲིན་འདི་ལེགས་འབུལ་ཞིང། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང། །བདག་སོགས་མགོན་དུ་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་ཏེ། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་གཞོམ་ཞིང། །ཡང་དག་ལམ་བཟང་བགྲོད་པར་བྱིན་གྱིས་


GTD007_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །བླ་མ་ཡི་དམ་མཆོག་གསུམ་འདུས་པའི་དངོས། །སྐྱབས་ཀྱི་དམ་པ་ཁྱོད་མིན་གཞན་མེད་པས། །བྱང་ཆུབ་བར་དུ་དགྱེས་བཞིན་རྗེས་འཛིན་ཅིང། །རྟག་ཏུ་ཁྱོད་མཉེས་འབའ་ཞིག་སྒྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་ཞེས་སོགས་བྱ། ཞེས་པ་འདི་ནི་ཉམས་ལེན་ལ་མཆོག་ཏུ་བརྩོན་པའི་རི་ཁྲོད་པ་ངག་དབང་དཀོན་མཆོག་གིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousཚ་གན་ཏི་ཡཱན་ཆི་ངག་དབང་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས།next