Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དེབ་ཡིག་མགོ་རྒྱན་སོགས་དེབ་རྒྱན་སྣ་ཚོགས།
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དེབ་ཡིག་མགོ་རྒྱན་སོགས་དེབ་རྒྱན་སྣ་ཚོགས།next

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དེབ་ཡིག་མགོ་རྒྱན་སོགས་དེབ་རྒྱན་སྣ་ཚོགས།


GTD007_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དེབ་ཡིག་མགོ་རྒྱན་ཕུན་ཚོགས་འདོད་དགུའི་རོལ་མཚོ་སོགས་དེབ་རྒྱན་སྣ་ཚོགས་བཞུགས་སོ།།


GTD007_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་རབ་དགའ་ཞེས་བྱ་བའི་པྲསྟཱ་རས་མངོན་པར་མཛེས་པའོ། །
ཨོད ཡྱཱ སུ ཤུ བྷ ཙ ཤཱ ནྟ བྷཱ བདྷཱ ཏོ། སརྦེ བྷི རྦྷ བ པ རི ཎ མྱ ཙ སྠ ཙ ཨཱ། མཱ རཱ དྫི དྡ ཤ བ ལ ཙ པ རཱ ཀ མཱ ནཱ། ཐཱ ཤྲཱི མ ནྶུ ཤུ བྷ ཀུ ལཱ པ ཏཱི ན ཡ ཙྪ།
དགེ་ལེགས་དངོས་པོ་སྲིད་དང་ཞི་བ་ཡི། ། རྒྱུད་དུ་དར་བ་ཡོངས་ཀྱིས་གུས་བསྟེན་གནས། །སྟོབས་བཅུའི་ཤུགས་ཀྱིས་ཡིད་སྲུབ་ལས་རྒྱལ་མགོན། །དཔལ་ལྡན་རིགས་ཀུན་བདག་པོའི་དགེ་ལེགས་སྩོལ།།


GTD007_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་སྔོ་བསངས་སྡེ་ལ་གསང་ཆེན་གྱི། །སྤྲིན་འཕྲེང་ལྟ་བའི་བདེ་འཐུང་རྒྱས་པ་ཅན། །རྒྱལ་བ་གཉིས་པའི་ཞབས་དང་ཤེར་སེང་སོགས། །འཁོར་ལོའི་མགོན་པོ་རིམ་བྱོན་ཕྱག་གི་ཡུལ། །ཁྱད་པར་འཇམ་དབྱངས་བླ་མའི་མདོ་སྔགས་ཀྱི། །པད་ཚལ་བཞད་པའི་གཉེན་གཅིག་རྡོ་རྗེ་འཆང། །འཇིགས་མེད་དབང་པོར་མཚན་གསོལ་རྒྱལ་ཀུན་གྱི། །འདུས་ཞལ་ཐུགས་རྗེའི་བདག་ཉིད་གཙུག་ན་མཛེས། །བློ་བཟང་ཆོས་ཀྱི་གསང་མཛོད་འཛིན་པ་ཡི། །གྲགས་པ་དོན་མཐུན་གྲུབ་པའི་དཔའ་བོ་སོགས། །སྡེ་འདི་འཁོར་ལོ་གསུམ་གྱིས་སྐྱོང་མཛད་པའ། །བཤེས་གཉེན་རིམ་བྱོན་བཀའ་དྲིན་རྗེས་སུ་དྲན། །སླར་ཡང་བློ་བཟང་མཁྱེན་པའི་ཟླ་ཤེལ་ཐུགས་བསྐྱེད་ཆ་ཤས་ཡོངས་གང་ཞིང། །ཐུབ་བསྟན་ཀུན་དའི་གཉེན་གྱུར་འཇིགས་མེད་རྣམ་དཔྱོད་བསིལ་ཟེར་དྲ་བ་ཅན། །སྐྱབས་


GTD007_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དམ་པའི་འཕྲིན་ལས་འདུས་སྡེའི་བཤད་སྒྲུབ་སྲིད་ཞིའི་ཕུན་ཚོགས་ཀུན། །ཆབས་ཅིག་རྒྱ་མཚོའི་གོས་ཅན་ཀུན་ཏུ་རྒྱས་པའི་དགེ་ལེགས་མཆོག་སྦྱིན་མཛོད། །སྐལ་བཟང་བསོད་ནམས་ཀ་ཤིའི་རས་བཟང་ངོས། །ཡབ་རྗེའི་ཐུགས་བསྐྱེད་པིར་གྱིས་བྲིས་པ་ལས། །མ་ཚང་མེད་པའི་དགེ་མཚན་མཐའ་དག་ཏུ། །འཆར་བཟོད་བྱེད་པོའི་རི་མོ་ཡོངས་སུ་སྨིན། །མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་རྡོ་རྗེ་ཐེག །བཤད་སྒྲུབ་དཔུང་བས་འཛིན་ལ་མཐུན་པའི་རྐྱེན། །ཇི་སྙེད་མཁོ་དགུས་བསྐྱངས་པའི་དྲིན་གྱི་ཁུར། །རྗེས་འཇུག་ཕྲག་པར་ལྕི་ཡང་བཀུར་བའི་འོས། །རིག་འཛིན་རྩ་བརྒྱུད་བླ་མའི་དམ་ཚིག་གི །རེ་ཁ་ཐོད་དུ་བཅིངས་པའི་སྲུང་མའི་ཚོགས། །སྤྱི་དང་ཁྱད་པར་སྔགས་འཆང་བཀའ་སྲུང་གཙོ། །དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །སྡེ་འདིའི་ཆོས་སྲིད་ལོངས་སྤྱོད་བྱ་བ་ཀུན། །སྙིང་ནས་བཅོལ་ལོ་གཉེར་རོ་བདག་མཛད་དེ། །བསམ་སྦྱོར་ལོག་པའི་དགྲ་སྡེ་གཞོམ་པ་དང། །མཐུན་རྐྱེན་འདོད་དགུའི་ལེགས་ཚོགས་ཆར་དུ་བསྙིལ།། ཅེས་དགེ་ལེགས་སུ་བྱེད་པའི་གཏམ་གྱིས་ཐོག་དྲངས་ཏེ་གླེང་བར་བྱ་བ་ནི། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་གྲགས་པའི་གདུགས་དཀར་སྲིད་ཞིའི་བླ་ན་འཁོར་བ་དེ་ཉིད་ཀྱིས་ཡི་དམ་ལྷའི་ལུང་བསྟན་བཞིན་མདོ་སྨད་ཀྱི་ལྗོངས་འདིར་རིག་པ་འཛིན་པའི་སྡེ་འདི་ཉིད་དང་དགོན་ལུང་གི་རྒྱུད་གྲྭ་


GTD007_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཏབ་སྟེ་གསང་ཆེན་བསྟན་པ་དར་བའི་བྱིན་རླབས་དང་རྟེན་འབྲེལ་གྱི་སྒོ་ཕྱེས། གྲུབ་དབང་སྡེ་ཁྲི་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་འདིར་ཆོས་སྲིད་ཀྱི་རྐང་ཚུགས་ཤིང། དེ་ནས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོས་འཁོར་ལོ་གསུམ་མ་ཚང་བ་མེད་པའི་སྒོ་ནས་ཡུན་དུ་བསྐྱངས་ཏེ། ད་ལྟ་སྤྱིར་རྒྱུད་སྡེ་རབ་འབྱམས་དང། སྒོས་སུ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བའི་འཆད་ཉན་ལད་མོ་ཙམ་མ་ཡིན་པར་རྒྱུད་དོན་མན་ངག་གིས་ཕྱེ་བས་མཐའ་ཆོད་པ་དང། དཔལ་ལྡན་སྨད་རྒྱུད་ལྟར་གྱི་བསྒྲིག་ལམ་ཕྲ་ཞིབ། ཆོ་ག་ཕྱག་ལེན། འདོན་རྟ་དབྱངས་སོགས་སྒོ་གང་ཐད་ནས་བསྟན་པའི་མཛེས་རྒྱན་དུ་འགྱུར་ངེས་པ། དེ་དང་རྗེས་སུ་མཐུན་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོད་རྫས་རོལ་ཆ་དབང་ཆས་སོགས་ཀྱི་སྐོར་དང། ཉེ་བར་མཁོ་བའི་ཕྱི་ནང་གི་ཡོ་བྱད། གདན་ཆ། ཐབ་ཆ་སོགས་ཀྱི་སྐོར། ཕོག་ཇ་ཚུལ་ཐེབས་ཀྱི་སྤྱི་རྫས། སུ་རུག་ཞིང་ས་དང་བཅས་པ་གང་ས་ནས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པར་ཕུན་སུམ་ཚོགས་པ་འདི་བཞིན་ལ། སླན་ཆད་ཀྱང་སྔ་མས་བསྒྲིགས་བཞག་པ་འདི་ཆུད་མ་ཟོས་པའི་སྟེང་ནས་ཡར་ཚེས་ཀྱི་ཟླ་བ་བཞིན་གོང་འཕེལ་དུ་གཏོང་དགོས། འོན་ཀྱང་དེབ་སྔ་མ་གོང་འོག་འཛོལ་ཆ་དང་འབྱིན་འཇུག་ཧ་ཅང་མང་


GTD007_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྫོབ་བོར་སོང་སྐྱོན་གྱིས་དེབ་རང་ལ་ཆ་བཞག་མི་ཆོག་པར་སོ་སོའི་ཁ་ལ་ལྟོས་དགོས་སྟབས། ལ་ལས་སྤྱི་དོན་ཁུར་ལེན་གྱི་ལྷག་བསམ་གཙང་མས་ཞིབ་ཐིགས་སུ་བྱེད་ནའང། འགའ་ཞིག་རིག་པ་རྩད་པས་ཆལ་ཆོལ་དུ་འགྲོ་བ་དང། འགའ་ཞིག་ལས་འབྲས་གོ་ལོག་གིས་གཞུང་དོན་སྟེང་ནས་མི་བཟང་བྱེད་པ་དང། འགའ་ཞིག་རང་འདོད་ཕྱོགས་ལྷུང་གི་རྫུན་འཕོང་འགེབས་པ་སོགས་འཐེན་ཁྱེར་སྣ་ཚོགས་པས་མཐོ་དམན་ཧང་སོང་ཆེ་བ་ཡོང་གིན་འདུག་གཤིས། རབ་བྱུང་བཅུ་བཞི་པའི་བགྲང་བྱ་གསུམ་པ་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་དཔོན་སློབ་ཁྲི་ཐོག་པ་མཐའ་ཡས་རྒྱ་མཚོ། བླ་མ་དབུ་མཛད་དཀོན་མཆོག་དབང་ཕྱུག །བླ་བྲང་སྐུ་ཚབ། གྲྭ་ཚང་གི་ལས་སྣེ། དགེ་རྒན་བཞི་བཅས་འཛོམ་ཐོག་ནས་ཞིབ་དཔྱོད་ཀྱིས་དེབ་གསར་བསྒྲིག་འདི་བཞིན་བགྱིས་པ་ཡིན། འཕྲལ་དུ་བཀོལ་དགོས་རྣམས་དང་པོ་ནས་མདོ་ཕུགས་འབྱེད་པ་མ་གཏོགས། དེབ་ཆེན་དུ་ཐེབས་ཕྱིན་དེ་ལ་གྲས་རྒྱག་པ་གྲྭ་ས་ཆེན་པོའི་ལུགས་སྲོལ་ལ་མེད་པས་ཕྱིན་ཆད་རྩིས་སྤྲོད་ཐམས་ཅད་འདི་ག་སོར་བཞག་བྱེད་དགོས། རྩིས་སྤྲོད་སྐབས་དེབ་ཀྱི་ས་ཁུངས་མ་སྟོངས་པ་ཁོ་ནས་མི་ཆོག་པར། རྒྱུན་དུའང་རང་རང་ལ་གང་བབ་ཀྱི་དོ་དམ་ལེ་ཤོར་མེད་པ་གལ་ཆེ་བས། སྐུ་གསུང་ཐུགས་རྟེན་རྣམས་ལ་སྣད་མ་ཞུགས་པའི་རྡུལ་ཕྱིས། ཕན་ཚུན་ཀུན་ཏུ་མཆོད་པ། སྒྲུབ་མཆོད་སོགས་སྐབས་སོ་སོར་གལ་ཆེ་ཆུང་དང་བསྟུན་ནས་མཆོད་རྫས་རབ་འབྲིང་ཐ་མའི་རིམ་པས་བཤམ་ཚུལ། རྔ་རོལ་སོགས་བཀྲམ་སྡུད་སྐབས་སྐྱོན་ཡོད་མེད་ལྟ་བ། ཚེ་འབར་རྐང་དུ་ཡོད་


GTD007_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མ་ཆད་པ་དགོས་པས་མཚན་མོ་མེ་ཟོན་གཟབ་པ། ཕན་ཚུན་གང་དུའང་སྡོད་མཁན་མེད་སྐབས་སྒོ་ཕྱེས་ནས་མི་འཇོག་པར་སྒོ་ལྕགས་རྒྱག་རྒྱུ། འདུ་ཁང་གི་ཕྱི་ནང་ཐམས་ཅད་ལ་གད་དར། སྟེང་གི་ཝ་ཁ་ཐིགས་ཚགས་གདན་ཆ་ཡོལ་བ་ཐུག་སོགས་ཀྱི་བཟོ་བཙེམ། ས་རྩི་དཀར་དམར་ནག་གསུམ། རྡོ་ཡབ་དང་པུ་ཤུའི་ཁ་སོགས་གསོ་བ། བཙན་ཁང་དུ་གང་བྱུང་མི་གཏོང་ཞིང་མཆོད་པ་བསང་རྫས་སོགས་གཙང་སྦྲ་ཐོན་ངེས། རུང་ཁང་དུ་ཡང་གཙང་སྦྲ་དང་ཚ་གྲང་ཆུ་ཚོད་ཤིན་ཏུ་ཐིག་པས་དད་རྫས་དགེ་འདུན་གྱི་ཐེབས་སུ་འགྲོ་ངེས་པ། སྤྱི་བས་ཀྱང་གཏོང་སྒོ་གང་དགོས་སྔར་རྒྱུན་མ་ཉམས་པ་དང། ལྷག་པར་རྒྱུན་ཇ་གྲྭ་པའི་རྐྱེན་ཐེག་ངེས་གལ་ཆེ་བས་རྣམ་པ་ཀུན་ཏུ་སོ་སོ་ནས་ཐེག་པ་ཁུར་བླང་དང། ལས་སྣེ་མོས་ངོ་དགའ་ཟོལ་འཇོག་ཏུ་མ་སོང་བར་ལེགས་ཉེས་ཀྱི་སྟངས་འཛིན་མ་ལྷོད་པ་ཉི་མ་གཅིག་ལ་ཆ་བཞག་པ་ལྟ་བུ་ཞིག་བྱེད་དགོས། དེ་ལ་དཀོན་གཉེར་རྩིས་སྤྲོད་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་ཀྱི་སྐོར། ཇ་མའི་རྩིས་སྤྲོད་བཙན་ཁང་དང་རུང་ཁང་གི་སྐོར། གཉེར་པའི་རྩིས་སྤྲོད་ཀྱི་སྤྱི་རྫས་ཀྱི་སྐོར་དང་གསུམ། ༈ ཡེ་ཤེས་སྒྱུ་འཕྲུལ་དྲ་བ་སྣང་བའི་མཛོད། །ཉོན་མོངས་འཆིང་བརྒྱ་གཅོད་པའི་འོད་རྣོན་ཟེར། །ཐེག་གསུམ་རྣམ་གྲོལ་འདབ་བརྒྱ་བཞད་པའི་གཉེན། །བུ་རམ་ཤིང་པས་དུས་ཀུན་དགེ་ལེགས་སྩོལ། །བློ་བཟང་དཀྱིལ་འཁོར་མཁྱེན་བརྩེའི་རི་དྭགས་གཟུགས། །གྲགས་པ་བསིལ་ཟེར་བྱེད་པའི་ཕྲེང་བ་ཡིས། །ཐུབ་བསྟན་ཆུ་གཏེར་མདོ་སྔགས་རླབས་ཕྲེང་གི །རོལ་པས་ནོར་འཛིན་ཁྱོན་ཡངས་ཤིས་པས་སྐྱོངས། །འཇམ་དབྱངས་གཞོན་ནུའི་རོལ་པའི་ལྡིང་ཁང་


GTD007_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བློ་གྲོས་ལང་ཚོ་བཞད་པའི་འཛུམ་དཀར་གྱིས། །རྡོ་རྗེ་དབྱིངས་ཀྱི་དཔལ་མོར་རྗེས་ཆགས་པ། །ཀུན་མཁྱེན་བླ་མའི་ཞབས་པད་གཙུག་གིས་མཆོད། །ངོ་མཚར་ལེགས་བྱས་ཁྱོན་ཡངས་དབྱིག་ལྡན་དུ་ཀཱུ་ལ་ཡི་རས་བཟང་ངོས། །ཐུགས་བསྐྱེད་སྤྲིན་སྔོན་པིར་གྱིས་བྲིས་པའི་དགེ་མཚན་གར་གྱི་རི་མོ་ན། །བཤད་སྒྲུབ་བྱ་བ་རྒྱ་ཆེན་བཻ་ཌཱུར་དག་པའི་ཁམས་སུ་འཕོས་པ་ཡི། །ཐུབ་བསྟན་དབྱར་གྱི་ལང་ཚོ་མི་ཉམས་འཇིགས་མེད་དབང་པོའི་ཞབས་ལ་འདུད། །རྣམ་འདྲེན་ཉིན་མོར་བྱེད་པ་གང་གི་མཐུ། །གསེར་བཟང་འོད་ཀྱིས་བཀྲ་བ་པདྨོའི་ཕྲེང་། །དགེ་ལེགས་འདབ་བརྒྱའི་སྙིང་པོ་མཆོག་གསུམ་རྟེན། །མཆོད་པའི་རྫས་བཅས་སྦྲང་རྩིའི་ཁུར་གྱིས་མཛེས། །བདེ་ཆེན་ཡེ་ཤེས་རང་མདངས་སྐུ་ལྔ་ལས། །གསུང་གི་རྒྱལ་པོ་གནས་ཆུང་པེ་ཧ་ར། །ལ་སོགས་མཐུ་ལྡན་སྲུང་མའི་ཚོགས་རྣམས་ཀྱིས། །དུས་ཀུན་གཡེལ་མེད་སྟངས་འཛིན་བྱ་ར་མཛོད། །ཁྱད་པར་ཀུན་གཟིགས་ཡེ་ཤེས་དྲི་མེད་ཀྱི། །རང་བཞིན་མཆོག་སྤྲུལ་དམ་པའི་འཕྲིན་ལས་དང། །ཆབས་ཅིག་ཆོས་སྲིད་འབྱོར་བ་མི་ཟད་པའ། །དགེ་མཚན་ཡངས་པ་རྟག་ཏུ་བརྟན་གྱུར་ཅིག །ཅེས་ཤིས་པ་བརྗོད་པའི་ཚིག་གིས་སྔོན་བསུས་ཏེ་གླེང་བ་སྐབས་ཀྱི་དོན་ནི། འགྲོ་བའི་ཕན་བདེ་མཐའ་དག་གི་གཞི་རྟེན་རྒྱལ་བའི་བསྟན་པ་ཉག་གཅིག་ཡིན་ཅིང། དེའི་རྩ་བར་གྱུར་པ་ནི་ཆོས་འདུལ་བ་ཡིན་ལ། དེའང་ཚུལ་བཞིན་འཛིན་པའི་དགེ་འདུན་གྱི་སྡེ་དང། ལས་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞི་སོགས་ལ་རག་ལས་པའི་དབང་གིས་བླ་མ་གོང་མ་རྣམས་ཀྱིས་ཀྱང་དགེ་འདུན་གྱི་སྡེ། གཙང་ཁང། སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པ་


GTD007_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བསྐྲུན་ཉམས་གསོས་སོགས་ཀྱི་སྒོ་ནས་བསྟན་པའི་རྨང་གཞི་འཛིན་པར་མཛད་ཅིང། ཁྱད་པར་དུ་སྐྱབས་མགོན་ཐུགས་རྗེའི་བདག་ཉིད་མཚན་བརྗོད་པར་དཀའ་བ་ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས། ཆོས་སྡེ་ཆེན་པོ་འདིར་འཛམ་གླིང་གི་དཔལ་འབྱོར་ཐམས་ཅད་གཅིག་ཏུ་འདུས་པ་ལྟར། ལྷ་རྟེན། མཆོད་རྫས། ཉེར་སྤྱད་སོགས། འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་ཆ་ལག་དང་བཅས་གཞན་འགྲན་མེད་པ་འདི་ལྟ་བུ་བྱུང་ཡང་སླར་ཉམས་ཆག་ཏུ་མི་འགྱུར་བ་ཤིན་ཏུ་གལ་ཆེ་ལ། སྔ་སོར་གྱི་དེབ་རྙིང་རྣམས་འཛོལ་ཆ་ཆེ་བར་འདུག་སྟབས། ས་རྟའི་ཟླ་ཚེས་ལ་རབ་འབྱམས་པ་ཤེས་རབ་རྒྱ་མཚོས་ཁུར་བླངས་ཐོག་ཚོགས་འདུ་ལྷན་རྒྱས་ཀྱིས་དེབ་གསར་དུ་བསྒྲིགས་ཏེ། མཆོད་རྫས་གསར་རྙིང་ཐམས་ཅད་ལྷག་ལུས་སུ་མི་འགྱུར་ཞིང་མཛེས་པའི་ཆེད་དུ། བཟང་གྲས། འབྲིང་གྲས། ཞེར་བའི་གྲས། གསར་རྙིང་སོགས་ཚན་ཚན་དུ་བསྒྲིགས་ཏེ་ཐོ་བཀོད་པ་འདི་དོན་ལྟར་གནས་ཤིང་ཝ་ཁ་ཐིགས་ཚགས་སྟེང་འོག་ཀུན་ཏུ་རེས་མོས་ཀྱིས་མཆོད་འབུལ་མ་ཆག་པ། ཕྱི་ནང་ཐམས་ཅད་དུ་གད་དར། དུས་ཚིགས་སོ་སོར་བབ་འོས་ཀྱི་མཆོད་རྫས་བཀྲམ་སྡུད། ཐ་ན་གྲལ་གདན་དང་སྟེང་འོག་གི་ཡོལ་བའི་བཟོ་བཙེམ་ཚུན་ཆོད་ཧོར་ཁུངས་སུ་མ་ལུས་པ་དགོས་པའི་རྟིང་གནོན་ཀུན་གྱིས་འགན་ཁུར་བཞེས་དགོས་ལ། དངོས་གཞི་སྐུ་གསུང་ཐུགས་རྟེན། མཆོད་ཆ་སོགས་ཀྱི་རིམ་པ་ནི། ཞེས་དཀྱུས་དང་སྦྲེལ་ལོ། །དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པའི་དེབ་


GTD007_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཕུན་ཚོགས་བྱེ་བའི་གན་མཛོད་ཀྱི་མགོ་རྒྱན་དུ་སྩལ་བའོ།། ༈ སྟོབས་བཅུའི་དཔལ་མངའ་རྒྱལ་བའི་ཉིན་མོར་བྱེད། །སྲིད་པའི་མུན་འཕྲོག་ཆོས་ཀྱི་འོད་བརྒྱའི་རླབས། །རེག་པས་ལྡན་གྲོལ་འདབ་ཡངས་འཕགས་ཚོགས་བཅས། །མཆོག་གསུམ་ཤིས་པའི་མེ་ཏོག་ཆར་དུ་སྙིལ། །ཕུལ་བྱུང་སྨོན་ལམ་བདུད་རྩིའི་ཆུ་རྒྱུན་གྱིས། །ནད་རིམས་གདོན་སོགས་སྙིགས་མའི་གདུང་བ་ཀུན། །བཅིལ་ནས་འཆི་མེད་ཐར་པའི་སྲོག་སྦྱིན་པ། །བདེ་གཤེགས་བདུན་གྱི་བདེན་པས་དེང་འདིར་སྐྱོངས། །གང་གི་ཐུགས་བསྐྱེད་གོ་ལའི་ལམ་ཡངས་པོར། །མདོ་སྔགས་རིག་གནས་སྣང་བྱེད་འཕྲེང་བ་ཀུན། །ཐུབ་བསྟན་ནམ་མཁའི་རྒྱན་དུ་རྟག་འཆར་བ། །ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་ལ་འདུད། །བློ་བཟང་ཐུབ་བསྟན་ཡང་སྙིང་གསེར་གྱི་རི་བོའི་སྤོར། །འཇིགས་མེད་རྣམ་དཔྱོད་གཟིམས་པར་མཆོག་སྤྲུལ་ཉི་མའི་འོད། །འདུས་སྡེ་པདྨའི་དགའ་ཚལ་བཤད་སྒྲུབ་སྦྲང་རྩིའི་བཅུད། །འགྲན་པ་ཇི་བཞིན་དར་བའི་དགེ་མཚན་རྒྱས་གྱུར་ཅིག །སྔགས་འཆང་བཀའ་སྲུང་ཟངས་ཀྱི་བེག་ཙེ་ཅན། །མཧཱ་ཙི་ནའི་ཡུལ་སྐྱོང་བཀྭན་ཡུན་ཆིང། །གསོ་རིག་སྐྱོང་མཛད་ཞང་བློན་དབྱེར་མེད་པས། །དུས་རྣམས་ཀུན་ཏུ་སྲུང་སྐྱོབ་བྱ་ར་མཛོད། །ལེགས་བྱས་དཔལ་ཡོན་དར་བའི་དགའ་ཚལ་དུ། །འདྲེན་མཆོག་ཐུགས་རྗེའི་ཉི་འོད་འཁྱིལ་པ་ཡིས། །འཁོར་ལོ་གསུམ་གྱི་པད་དཀར་བཞད་པའི་བསུང། །སྐལ་བཟང་རྐང་དྲུག་ཡོངས་ཀྱི་གསོས་སུ་གྱུར། །ཁྱད་པར་མི་འཇིགས་སྐྱབས་ཀྱི་སྦྱིན་པའི་ཕུལ། །སྲོག་ཟུངས་རྡོ་རྗེའི་ཁམས་སུ་སྒྲུབ་པ་པོ། །གསོ་རིག་གཞན་ཕན་གླིང་གི་


GTD007_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང། །བརྟེན་པར་བཅས་པའི་དཀར་ཆག་འདིར་བརྗོད་བྱ།། དེའང་ལུས་ཅན་ཡོངས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གནས་གཅིག་པུ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་འཛིན་པའི་ཚུལ་བཤད་པ་དང་སྒྲུབ་པ་ཟུང་ལས་མ་འདས་ཀྱང། བཤད་སྒྲུབ་གཉི་གའང་བྱ་བ་ལས་ཀྱི་འཁོར་ལོ་ལ་བརྟེན་དགོས་པ་དམ་པའི་ཆོས་འདུལ་བར་ཡང་གཞི་བཅུ་དྲུག་གི་རྗེས་སུ་དེ་དག་རྣམས་ཀྱི་རྟེན་གནས་མལ་གྱི་གཞི་ཞེས་གསུངས་ཤིང། དོན་འདི་ལ་དགོངས་ཏེ་བླ་མ་གོང་མ་རྣམས་ཀྱིས་ཀྱང་དགེ་འདུན་གྱི་སྡེ་ཕྱག་འདེབས་དང། དེའི་གཙུག་ལག་ཁང་སྐུ་གསུང་ཐུགས་རྟེན་དང་བཅས་པ་གསར་བཞེངས་སོགས་བྱ་བའི་འཁོར་ལོ་འདི་ལ་ནན་ཏན་ཆེ་བར་མཛད་དོ། །ཁྱད་པར་དུ་སྐྱབས་མགོན་ཐུགས་རྗེའི་བདག་ཉིད་རྗེ་བཙུན་འཇིགས་མེད་དབང་པོ་དེ་ཉིད་ཀྱིས་བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་བརྣག་པས་གྲྭ་ཚང་འདི་ཉིད་ཀྱང་གསར་དུ་བཏབ་སྟེ་རིག་གནས་ཆེན་པོ་ལྔའི་ཡ་གྱལ་གཞན་རྗེས་སུ་འཛིན་པ་གསོ་བ་རིག་པའི་ལག་ལེན་གཙོར་གྱུར་གྱི་འཆད་ཉན་དང་བསྒྲིག་ལམ་ལ་སོགས་པའི་སྲོལ་གསར་དུ་བཙུགས། དགེ་བའི་བཤེས་གཉེན་ཆེན་པོ་དུས་འཁོར་དཔོན་སློབ་ངག་དབང་དོན་གྲུབ་ལ་བཀའ་གནང་སྟེ་ཁོང་གིས་གྲྭ་ཁང་གསར་རྒྱག་བྱས་ཤིང། དད་པ་དང་གཏོང་བའི་རྒྱན་གྱིས་སྤ་བ་ཐོ་ཡོན་རབ་རྒྱས་ཀྱིས་ཀྱང་རྟེན་བཞེངས་སྤྱི་རྫས་སོགས་གང་ཅིའི་སྦྱིན་བདག་གི་མཐིལ་བྱས། གཞན་ཡང་སྐྱབས་མགོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་ཕྱོགས་རིས་མེད་ཀྱི་གྲྭ་རིགས་སྦྱིན་བདག་དུ་མས་གུས་མཆོད་དང་


GTD007_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བླང་གིས་ལྷ་རྟེན་མཆོད་རྫས་སོགས་གང་ཐད་ནས་ཕུན་སུམ་ཚོགས་པར་ཡོད་པ་འདི་བཞིན་སླད་ཀྱང་ཉམས་ཆག་ཏུ་མི་འགྱུར་བ་ཤིན་ཏུ་གལ་ཆེ་བས། ལས་བྱེད་ཚང་མས་ཁུར་དུ་བླངས་ཏེ་འདུ་ཁང་གི་ཝ་ཁ་ཐིགས་ཚགས། ཕྱི་ནང་གི་གད་དར་རྒྱུན་གྱི་མཆོད་འབུལ་དང། སྐབས་སྐབས་ཀྱི་མཆོད་རྫས་བཀྲམ་སྡུད་སོགས་གང་ལའང་ཁྲལ་ཆོས་དང་སླ་ཆོས་སུ་མ་སོང་བར་གྲྭ་ཚང་གི་ཞབས་འདེགས་སུ་བསམ་སྟེ་ཚགས་སུ་ཐོན་ངེས་པ་བྱེད་དགོས། དེ་ལ་ཐོག་མར་སྐུ་གསུང་ཐུགས་རྟེན་གྱི་རིམ་པ་ནི། ༈ བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དམ་ཅན་རྡོ་རྗེ་ལེགས་པའི་སྒོ་ནས་ཤོ་མོ་བརྟག་པར་འདོད་པའི་གང་ཟག་གིས་ཤོ་རྡེལ་གསུམ་རྒྱུ་དང་རི་མོ་འགོད་ཚུལ་སོགས་ལག་ལེན་བཞིན་བྱས་ལ། ཆེད་དམིགས་ཀྱི་སྒྲུབ་པའང་སྔོན་དུ་བཏང་ན་ལེགས་པས་རྟེན་དང་མཆོད་གཏོར་སོགས་འདུ་བྱས་ཏེ། རྟེན་གྱི་དྲུང་དུ་འབྲུ་དཀར་གྱི་སྟེང་དུ་དར་དཀར་པོའི་གདན་ལ་ཤོ་རྡེལ་རྣམས་བཞག །རང་ཡི་དམ་དུ་གསལ་བས་དམ་ཅན་གྱི་མངོན་རྟོགས་རྒྱས་བསྡུས་ཅི་རིགས་པའི་སྒོ་ནས་བསྙེན་པ་གྲངས་གསོག་དང། ཐུན་གྱི་མཐར་སྔགས་ཀྱི་མཇུག་ཏུ། ལེགས་ཉེས་ཀྱི་བླང་དོར་མ་ལུས་པ་གསལ་བར་སྟོན་ཅིག །ཅེས་སྤེལ་ཚིག་བཏགས་པ་དང་ཡེ་དྷརྨྨ་ཅི་འགྲུབ་བཟླ། སྲུང་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཤོ་རྡེལ་ལ་ཐིམ་པས་བླང་དོར་འཁྲུལ་མེད་དུ་སྟོན་པའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པའི་དམིགས་པ་བྱ། གཏོར་འབུལ་སོགས་དཀྱུས་བཞིན་བྱས་ལ་ཚུལ་དེ་ལྟ་བུའི་སྒོ་ནས་རབ་རྟགས་ཐོན་གྱི་བར་དང། དེ་མིན་ཡང་ཞག་གྲངས་ཅི་ནུས་སུ་བསྒྲུབས་ཏེ་གདུང་ཤུགས་དྲག་པོས་གསོལ་འདེབས་དང་ཡིད་ཆེས་ཀྱིས་བློ་འགེལ་ཐུབ་པ་བྱ། དེ་རྗེས་ལག་ལེན་ལ་འདེབས་པའི་ཚེ། ༈ ནུབ་ཕྱོགས་ཕ་ཝང་ལོང་


GTD007_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྐུ་མཁར་ནས། །དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས། །ལེགས་ཉེས་བླང་དོར་ཇི་བཞིན་སྟོན་པའི་ཕྱིར། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ཤིག །རིང་ནས་རྩེ་གཅིག་གུས་པས་ཁྱོད་བསྟེན་ཅིང། །བསྙེན་སྒྲུབ་མཆོད་གཏོར་འབད་པ་ལྷུར་བླངས་ཏེ། །ཡིད་ཆེས་བརྟན་པོས་རེ་ལྟོས་འཆའ་བ་ལ། །ནམ་ཡང་བསླུ་བ་མེད་པའི་སྡོང་གྲོགས་མཛོད། །བདག་ཅག་རྣམས་ནི་མ་རིག་མུན་པས་བསྒྲིབས། །ལྷ་ཁྱོད་དུས་གསུམ་གཟིགས་པའི་སྤྱན་དང་ལྡན། །དེ་ཕྱིར་ལྐོག་ཏུ་གྱུར་པའི་བླང་དོར་གནས། །འཁྲུལ་མེད་གསལ་བར་སྟོན་ཅིག་ས་མ་ཡི། །ན་མོ་དྲིན་ཅན་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱི་བཀའ་བདེན་པ་དང། ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང། ཁྱད་པར་དུ་རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། གསང་བ་སྔགས་ཀྱི་བཀའ་སྲུང། དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ། ཐུགས་ཀྱི་དགྱེས་སྡེ་བསྟན་མ་བཅུ་གཉིས། འཁོར་གྱི་གཙོ་བོ་གིང་ཆེན་སྡེ་བཞི། བཙན་འཁོར་དགེ་བསྙེན་སུམ་བརྒྱ་དྲུག་ཅུ། གཡས་ཀྱི་རུ་འདྲེན་མ་སངས་སྤུན་དགུ། གཡོན་གྱི་རུ་འདྲེན་ཟུར་ར་སྐྱེས་དྲུག །གཞན་ཡང་བཀའ་ཉན་ལས་བྱེད། སྤྲུལ་བ་ཡང་སྤྲུལ། སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་སྔོན་ནས་ཞལ་གྱིས་བཞེས་པའི་རྡོ་རྗེའི་གཡར་དམ་དང། བདག་གིས་མཆོད་ཅིང་གསོལ་བ་བཏབ་པའི་དོན་ལ་དགོངས་ཏེ་བླང་དོར་གྱི་གནས་བདག་གིས་མ་ཤེས་པར་ཁྱེད་རྣམས་ལ་གསོལ་བ་


GTD007_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྟེ་བདེན་པ་བདར་ནས་དྲིས་པ་ཡིན་པས་ཇི་ལྟ་བ་བཞིན་དུ་ལུང་སྟོན་ཅིག །བཟང་པོ་ངན་དུ་མ་སྟོན། ངན་པ་བཟང་དུ་མ་སྟོན། ལེགས་ཉེས་ཀྱི་གོ་མ་འཛོལ། ཉེ་རིང་གི་དུས་མ་བསྣོར། གསང་ཞིང་གབ་སྦས་མ་མཛད་པར་ཇི་ལྟ་བ་བཞིན་དུ་བསྟན་ནས་རྨོངས་པའི་མུན་པ་སོལ་ཅིག །ཐེ་ཚོམ་གྱི་འཆིང་བ་ཆོད་ཅིག །བློ་སྙིང་བཀལ་བའི་རེ་བ་དོན་དང་ལྡན་པར་མཛོད་ཅིག །ཅེས་གདུང་ཤུགས་དྲག་པོས་བདེན་པ་བདར་ཏེ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ཎི་ས་མ་ཡ་ས་དྷུ་ཏྲི་ཛཿ ཛཿ ཧཱུཾ་བཾ་ཧོཿ ཞེས་དང། ཨོཾ་བཛྲ་སཱ་དྷུ་ཛཿ ཞེས་ཅི་འགྲུབ་བཟླས་ལ་ཕུ་བཏབ། སྐབས་དོན་གྱི་མིང་སྨོས་ནས་མ་སྦས་པར་གསལ་བར་ལུང་སྟོན་ཅིག་ཅེས་བརྗོད་དེ་ལྟོས་པ་མེད་པར་འཕེན་ནོ། །ཤོ་མིག་གསུམ་པར་བབ་ན། ཞེས་པ་ནས། ལག་ཏུ་འབྱོར་པར་ངེས་སོ། །ཞེས་པའི་བར་གྱི་ཤོ་བརྟག་ཚུལ་དངོས་ནི་ལྕགས་ར་སྤྲུལ་སྐུའི་གསུང་བཞིན་བྱས་པས་འཐུས། དེའང་སྤྱིར་ཤོ་མོ་བརྟག་ཚུལ་དམ་པ་གོང་མས་མཛད་པ་མང་དུ་འདུག་ཀྱང་ལྕགས་ར་སྤྲུལ་སྐུས་མཛད་པ་འདི་ལག་ཏུ་བླང་བདེ་ཞིང་དགོས་དོན་ཐམས་ཅད་ཚང་བས་འདུ་ཆེ་བར་བརྟེན་མདོ་དབུས་ཀུན་ཏུ་དར་སོ་ཆེ་བར་སྣང། དེར་ལྷ་མོའི་སྒོ་ནས་བཏག་རྒྱུ་བྱས་འདུག་ཀྱང་དཔྱད་ཚུལ་དེ་ཉིད་གཞིར་བཞག་ལ་གསོལ་འདེབས་བདེན་བརྗོད་སོགས་རང་གིས་གཙོ་བོར་བསྟེན་པའི་ཡི་དམ་ཆོས་སྲུང་གང་གི་སྒོ་ནས་བྱས་ཀྱང་དོན་འདྲ་བར་མ་ཟད། འབྲེལ་དང་ཡིད་ཆེས་ཀྱི་སྟོབས་ཀྱིས་བྱིན་རླབས་མྱུར་ཁྱད་ལྷག་པར་ཆེ་བས། དམ་ཅན་རྡོ་རྗེ་ལེགས་པ་སྲུང་མའི་གཙོ་བོར་བྱེད་པ་རྣམས་ནི་དེའི་སྒོ་ནས་བརྟག་ཚུལ་འདི་བཞིན་བྱས་ན་ལེགས་སོ། །ཞེས་པ་འདིའང་དད་སྟོབས་ཀྱི་རྒྱན་དང་ལྡན་པ་ཨུ་རད་གུང་རཏྣ་པཱ་ལས་དམ་ཅན་ལ་བརྟེན་པའི་ཤོ་བརྟག་ཚུལ་ཞིག་དགོས་ཚུལ་བྱུང་བར་བརྟེན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་


GTD007_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མེས་བྲིས་པ་འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག ། ༈ འགྲོ་བའི་བླ་མར་གྱུར་པ་སངས་རྒྱས་དང། །དེ་ཡི་བསྟན་པ་དམ་པའི་ཆོས་ཡིན་ལ། །དེ་ཉིད་འཛིན་བྱེད་དགེ་འདུན་ཚོགས་ཡིན་པས། །མཆོག་གསུམ་ཕན་བདེའི་རྩ་བར་མཐོང་བས་འདུད། །བློ་བཟང་རྒྱལ་བའི་བསྟན་པ་ཕྱོགས་མཐར་རྒྱས། །རྒྱལ་བློན་སྡེར་བཅས་ཆོས་སྲིད་དཔལ་འབྱོར་འཕེལ། །དགེ་འདུན་ཐུགས་མཐུན་འདུས་ཚོགས་བཤད་སྒྲུབ་བཅས། །དབྱར་མཚོ་ལྟ་བུར་རྒྱས་པའི་བྱིན་སྩོལ་ཅིག །དེའང་རྒྱལ་བའི་བསྟན་པ་ལུང་རྟོགས་གཉིས་སུ་ངེས་པས། དེ་འཛིན་པའི་སྡེའང་མཚན་ཉིད་པོ་ཏི་ལྔ་དང་རིག་གནས་གཙོར་གྱུར་གྱི་བཤད་གྲྭ་དང། རྒྱུད་སྡེ་བཞི་དང་ལམ་རིམ་སོགས་གཙོར་གྱུར་གྱི་སྒྲུབ་གྲྭ་གཉིས་སུ་ཡོད་པ་ལས་འདིར་ཕྱི་མའི་དབང་དུ་བྱས་ཏེ་འགོད་པ་ལ། འཇུག་པ་པོ་རྟེན་གྱི་གང་ཟག་དགེ་ཚུལ་སློང་གི་སྡོམ་ལྡན། རྩ་བ་བཞི་དང་ཆང་སོགས་ཀྱི་སྐྱོན་མེད་ངོས་རབ་བྱུང་གི་རྟགས་ཆ་ལུགས་ཚང་ཞིང་ཚོགས་འདོན་རགས་རིམ་བློ་འཛིན་དང་ཡི་གེ་བྱང་ཞིང་སྡེ་འདིར་ཞུགས་ནས་ཡུན་རིང་སྡོད་འདུན་ཅན་དང་ཆོས་ལ་དོན་གཉེར་ཅན་ཞིག་དགོས། འདོན་པ་སྐྱབས་འགྲོ་ལྟུང་བཤགས། མདོ་སྒྲོལ་གདུགས་དཀར། སྨོན་ལམ་ཆོས་སྤྱོད། སྲུང་མའི་གཏོར་ཆོག་སོགས་དགོན་སྡེ་ཀུན་ཏུ་དར་ཆེ་བ་རྣམས་མེད་མི་རུང་ཡིན་ལ། དེའི་སྟེང་དུ་ལམ་རིམ་ཞིག་ཚོགས་འདོན་དུ་བྱེད་རྒྱུ་བྱུང་ན་ཉིན་རེ་བཞིན་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ལ་བག་ཆགས་འཇོག་པའི་དགོས་པ་ཤིན་ཏུ་ཆེ་བས་ཅི་ནས་ཀྱང་གཙོ་


GTD007_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བྱེད་དགོས། དེའང་ལེགས་ཚོགས་ཀྱི་རྩ་བ་བླ་མ་མཁས་བཙུན་ཟུང་དུ་འབྲེལ་བ་ཞིག་བླ་མར་བཀུར་ལ། དེ་ཉིད་ཀྱིས་སོ་སོའི་བློ་ཚོད་དང་མཐུན་པར་ལམ་རིམ་གྱི་དོན་ཞིབ་ཏུ་འཁྲིད་ཅིང་བརྩི་བཞག་ཀྱང་གཏོང། ཚོགས་འདོན་དུ་བྱེད་ཚེ་ཡན་ལག་བདུན་པ་མཎྜལ་དང་བཅས་པ། བླ་བརྒྱུད་གསོལ་འདེབས། བྱིན་རླབས་སྤུངས་ཞུས་སོགས་སྦྱོར་ཆོས་རྒྱས་བསྡུས་ཅི་རིགས་སྔོན་དུ་འགྲོ་བས་གཞུང་དངོས་གཞི་ངེད་ཀྱིས་བྲིས་པ་དེ་ཉིད་གསུང་བས་འཐུས། ཞལ་འདོན་གྱི་རིགས་དལ་བྲེལ་སྙོམས་ཤིང་འདོན་རྟ་དབྱངས་གང་གི་ཚེའང་དབུ་མཛད་དང་མགྲིན་གཅིག་པས་དང་བ་འདྲེན་པ་བྱེད། ཚོགས་ཀྱི་བཞུགས་ལུགས་ཀྱང་ཡོ་ཡོ་མེད་པ་ཚུལ་མཐུན་མ་གཏོགས་ཡར་ལྟ་མར་ལྟ་ཁ་བཏུམ་གཞོག་གཅུས་ཧུ་ཅག་གི་སྒྲ་ལོང་གཏམ་སོགས་མི་བྱེད། དགེ་ཚུལ་སློང་གང་ཡིན་ཀྱང་རང་རང་གི་བསླབ་བྱ་ཁྲིད་དེ་འགྲོ་འདུག་སྤྱོད་ལམ་ཀུན་ཏུ་ཆོས་འདུལ་བ་དང་མཐུན་པ་ཉམས་ལེན་གྱི་སྙིང་པོར་བྱེད། ཁ་འཐབ་ལག་འཛིང་ཁེ་ལོག་སོགས་ཁྱིམ་པ་སུན་འབྱིན་གྱི་རིགས་བྱེད་མཁན་ལྟ་བུ་སྒྲིག་འགལ་ཆེ་ཆུང་ལ་ལྟོས་པའི་རྩད་གཅོད་ལས་བྱེད་རྣམས་ནས་བཏང་སྙོམས་སུ་མ་ལུས་པ་བྱེད། བླ་མ་ལས་སྣེ་བསླབ་པ་རྒན་པ་ཡོན་ཏན་ཅན་ལ་བཀུར་གཟོས་སོགས་ཡ་རབས་ཀྱི་ཚུལ་དང་མཐུན་པ་བྱེད། རང་གི་འདི་ཕྱིའི་ལེགས་ཚོགས་ལ་བསམ་སྟེ་ཚོགས་ཆོས་གྲྭར་ཕེབས་ལུགས་སོགས་ལས་སྣའི་ངག་བཀོད་དང་ལེན་བྱ། མདོར་ན་བྱ་བ་ཐམས་ཅད་ལས་འབྲས་དང་སྡོམ་གསུམ་བཅས་མཚམས་གཞིར་བཞག་པས་ཚེ་རབས་གཏན་གྱི་མདུན་མ་མི་འཆུག་


GTD007_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ཡུལ་ཕྱོགས་ཀྱི་བསྟན་འགྲོའི་ཕན་བདེའི་གྲོགས་སུ་འགྱུར་བ་ཞིག་ཅི་ནས་ཀྱང་མཛོད་མཛོད། འདི་དོན་བཞིན་བྱེད་པ་རྣམས་ལ་ངེད་ཀྱིས་ཀྱང་ཡི་དམ་ཆོས་སྲུང་རྒྱ་མཚོར་རྣམ་དཀར་སྨོན་པ་བཞིན་འགྲུབ་པའི་སྡོངས་གྲོགས་ཀྱི་འཕྲིན་ལས་བཅོལ་བ་བྱེད། ཅེས་པ་འདི་ནི་སོ་ལོན་ཀུ་ལུ་ཁུ་ཁུའི་ཤོག་གི་དགོན་པ་བཀྲ་ཤིས་ཆོས་གླིང་དུ་བསྒྲིག་ལམ་སྔར་རྒྱུན་གྱི་ཐོག་ལམ་རིམ་གསར་ཚུགས་དང་བཅས་པའི་བཅའ་ཁྲིམས་ཡི་གེར་འཁོད་པ་ཞིག་དགོས་ཞེས་གུ་ཤྲཱི་ཏཱ་བླ་མ་དཀོན་མཆོག་ཡེ་ཤེས་ཀྱིས་ལྷག་བསམ་དག་པས་བསྐུལ་བ་བཞིན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགས་བགྱིས་པ་ཀུན་ལ་དགེ་བར་གྱུར་ཅིག། །། སརྦ་མངྒ་ལཾ།།


previousདཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དེབ་ཡིག་མགོ་རྒྱན་སོགས་དེབ་རྒྱན་སྣ་ཚོགས།next