Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཟུར་འདེབས།
   
   
   
   
   
   
   
   
   
   
   


 
previousཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཟུར་འདེབས། next

ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཟུར་འདེབས།


GTD007_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཟུར་འདེབས་བཞུགས་སོ།། ཨོཾ་བདེ་ལེགས་སུ་གྱུར་ཅིག །དེའང་ཁྲི་ཐོག་ལྔ་བཅུ་པ་ཞལ་སྔ་ནས་དགེ་འདུན་ཕུན་ཚོགས་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་མདོ་སྨད་དུ་ཕེབས་ཀར། ངེད་ཀྱིས་དགོན་པ་བཏབ་འཇོག་རྒྱུ་ཡིན་པས་སླར་ཁྱེད་རང་ཚོས་སྐྱོང་དགོས་ཞེས་དགོངས་གཞི་ཅན་གྱི་བཀའ་གནང་བ་ལྟར། སྐུ་ཚེ་དེར་དགའ་ལྡན་ཁྲིར་ཕེབས་རྒྱུ་དང་རྗེའི་གསེར་གདུང་བཞེངས་པ་སོགས་སྐུ་དོན་རྒྱ་ཆེ་བས་མདོ་སྨད་དུ་ཕེབས་པ་མ་ཤར་ཡང། སྐུ་ཚེ་རྗེས་མ་ངག་དབང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སྐུ་ན་ཤིན་ཏུ་ཕྲ་མོའི་དུས་སྔོན་གྱི་ཐུགས་བསྐྱེད་དང་དཔོན་མོ་རྣམ་རྒྱལ་སྒྲོལ་མས་གདན་དྲངས་པའི་མཚམས་སྦྱོར་བ་བརྟེན་ནས་བཀྲ་ཤིས་འཁྱིལ་དུ་ཕེབས། གསན་སྦྱོང་མཐའ་


GTD007_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པ་དང་དགོན་པའི་འཛིན་སྐྱོང་ཡང་དག་གནང། དེ་སྐབས་དགོན་འདིར་འཆད་ཉན་ལེགས་ཀྱང་ཉེ་སྐོར་དུ་སྒྲུབ་གྲྭ་མེད་པས་བཤད་སྒྲུབ་གཉིས་ལྡན་དུ་བྱ་བར་དགོངས་ཤིང། དགོན་པའི་བྱང་སྐྱོར་ལྟ་བུར་ཕན་པའི་རྟེན་འབྲེལ་ལའང་དགོངས་ཏེ་སྒྲུབ་སྡེ་འདི་བཏབ། ཆོས་འདུལ་བའི་ཀུན་སྤྱོད་གཙང་མ་གཞིར་བྱས་ཏེ་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་ཚང་བའི་སྒོམ་སྒྲུབ་ཀྱི་སྲོལ་བཙུགས་ནས་དེ་དོན་ལྟར་གྱི་བཅའ་ཡིག་ཀྱང་བཞག་འདུག་ནའང། གཙོ་བོར་སེམས་རྒྱུད་འདུལ་བའི་ཐབས་རྩལ་འདོན་བྱས་ཏེ་གསུངས་པ་ལས། འཕྲལ་གྱི་བྱ་བྱེད་སྐོར་ཞིབ་ཆ་མ་གནང་འདུག་པས། བསྒྲིག་ལམ་གནོན་མཁན་དང་འཁུར་མཁན་ཀུན་ལ་དེ་རིགས་གསལ་ཆ་གལ་ཆེ་བར་མཐོང་ནས་བཅའ་ཡིག་རྒྱས་པ་ཟུར་དུ་བཞག་ཡོད་པས་དེ་གཞིར་བྱ། ༼ཀང༽ དེ་ལ་ཉེ་བར་མཁོ་བའི་ཞིབ་ཆ་ཐུན་མོང་མ་ཡིན་པའི་སྐོར་ཟུར་འདེབས་ཀྱི་ཚུལ་དུ་འགོད་པ་ལ། འཇུག་པ་པོ་རྟེན་གྱི་གང་ཟག་ཚུལ་དང་མཐུན་པ་ནི། སྔོན་གྱི་བག་ཆགས་ཅན་གང་ཟག་ཁྱད་པར་བ་རེ་གཉིས་མ་གཏོགས་ཉི་ཤུ་མ་ལོན་བར་དུ་བརྟན་ཆ་མི་འོང་བས་ཉི་ཤུ་ཡན་ཆད་ལོན་པ་དང། དྲུག་ཅུ་རྩ་ལྔ་དྲུག་ཡན་ལོན་ཚེ་སྔར་མ་ལོབ་པའི་བསྒྲིག་ལམ་ཇི་བཞིན་འཁུར་མི་ཐུབ་སྟབས་དེ་ཡན་ཆད་དུ་མ་བརྒལ་བ་དགོས། གཞན་ནས་འོངས་པའི་རིགས་ལ་སྐྱོན་ཅན་སོགས་ཡིན་མིན་ཐོག་མར་སྣེ་སྦྱོར་མཁན་དང། ཡུལ་ཕྱོགས་དེའི་གྲྭ་པ་སོགས་ལ་དྲིས་ཏེ་སྒྲོ་འདོགས་གཅོད་པའི་ཁུར་ལེན་གནས་བརྟན་གྱིས་བྱེད། རབ་ཀྱིས་གྲྭ་ས་ཆེན་པོར་ཐོས་པ་མཐར་ཕྱིན་པ་དང། དེ་མིན་ཡང་གྲྭ་ས་འགྲིམ་


GTD007_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་གལ་ཆེ། སྡེ་འདིར་འོངས་པའི་དགོས་དོན་ཚོགས་གསོག་སྒྲིབ་སྦྱོང་གི་ཆེད་ཡིན་ལ། ཞལ་འདོན་གྱི་རིམ་པ་འདི་སྐྱེས་བུ་དམ་པ་གོང་མ་རྣམས་ཀྱིས་གནད་གང་ཆེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཞག་པ་ཡིན་པས། འདི་ཇི་ལྟ་བ་ཞིག་བྱུང་ན་དེ་ལས་ལྷག་པ་རང་གི་ཤག་ཏུའང་བྱེད་རྒྱུ་མེད་པར་མ་ཟད་དགེ་འདུན་མི་ཕྱེད་འདུན་པའི་སྟོབས་ཀྱིས་ཚོགས་སུ་བྱས་པ་ལྷག་པར་སྟོབས་ཆེ་བ་དང། འཚོ་བ་ཐམས་ཅད་སྦྱིན་བདག་གི་དད་ཟས་ཡིན་སྟབས་མ་མཐའ་ཞལ་འདོན་གཙང་མ་ཆ་ཚང་རེ་མེད་ན་ལས་སྒྲིབ་སྔ་མ་སྦྱོང་རྒྱུ་ལས་གསར་དུ་དཀོར་སྒྲིབ་ཇེ་ལྕིར་འགྲོ་བས། སྒྲུབ་གྲྭར་མ་ཞུགས་གོང་ནས་འདོན་ཆ་ཡོངས་རྫོགས་བཟུང་ཚར་བའམ། མ་མཐའ་འང་བདེ་ལམ་གྱིས་གཙོས་འདོན་ཆ་ཕྱེད་ལྷག་ཙམ་བཟུང་ཚར་བ་དགོས་པས་དེ་ཡོད་མེད་གནས་བརྟན་གྱིས་ལྟ་ཞིང། རྗེས་མའི་རིམ་པའང་ལོ་ཕྱེད་གཉིས་ཚུན་ལ་རྫོགས་ཐུབ་པ་དགོས་ཚུལ་བཀོད་པས་ཁྱབ་པ་དང་དེ་མཐུན་གྱི་རྟིང་སྐུལ་བྱེད། ཡོ་བྱད་ཚུལ་དང་མཐུན་པ་ནི་ཆོས་གོས་རྣམ་གསུམ་སོགས་ཧ་ཅང་ཧྲུལ་བས་དུག་པོར་མ་སོང་བ་དང། ལྷུང་བཟེད་དང་གདིང་བ་ཧ་ཅང་ཆུང་དྲགས་པ་མ་ཡིན་པ་དགོས། སྣམ་སྦྱར་དང་ལྷུང་བཟེད་གསར་ཞུགས་དུས་བརྙན་པོ་ལས་མ་འབྱོར་ནའང་ཟླ་བ་བཞི་ལྔ་ཚུན་ལ་འཛོམ་དགོས་པའི་བཀོད་ཁྱབ་བྱེད། པགས་ཐུལ་གཡོགས་མེད་པ། རྩག་འགག་དྲག་ལྷན་མེད་པ། གོང་འདབས་ཀྱི་སྤུ་ཕྱི་རོལ་ཏུ་མངོན་པ། ལྷམ་ལྕགས་འཛེར་མ་དང་རོང་ལྷམ། ཕུ་ཐུང་མའི་རིགས་སོགས་གྱོན་མི་ཆོག །


GTD007_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་རྒྱུ་སོགས་ཀྱི་སྐབས་སུ་སྦ་འཁར་བསྣམས་སྲོལ་ཡོད་པ་བཞིན་རབ་འཁར་གསིལ་དང། དེ་མིན་ཡང་སྦ་དང་སྨྱུག་མ་གདོང་དྲུག་གི་དབྱུག་པ་ཅོད་པན་དང་དྲིལ་ཆུང་སོགས་གྲ་འགྲིགས་པ་དགོས་ཀྱི། ལྕང་དབྱུག་རེའི་རྩེར་རས་ཤུར་བཏགས་པ་ལྟ་བུ་བཟུང་མི་ཆོག །གྲྭ་ཅན་པག་ཁུག་སོགས་ཀྱང་དགོན་དང་མཐུན་པ་བྱེད། ༼ཅཉ༽ཆོས་ཉན་ཚུལ་དང་ཉན་པའི་ཡུལ་ཚུལ་དང་མཐུན་པ་ནི། ལམ་རིམ་བློ་སྦྱོང་བླ་མའི་རྣལ་འབྱོར་སོགས་ཀྱི་ཁྲིད། གསང་བདེ་འཇིགས་གསུམ་སོགས་ཀྱི་དབང་བཀའ། བཀའ་བསྟན་བཅོས་ཚད་ལྡན་གྱི་ལུང་ལྟ་བུ་རང་བསྟན་ལ་མཐུན་སྒྲུབ་ཀྱི་ཆོས་རྒྱུན་ཚད་ལྡན་མ་གཏོགས། གྲུབ་མཐའ་མི་མཐུན་པའི་ཆོས་རྒྱུན་སྣ་ཚོགས་ཉན་མི་ཆོག་ཅིང། སྡེ་འདིར་ཞུགས་ནས་སྐར་རྩིས་སྨན་སོགས་སློབ་པ་དང། སྔར་བསླབ་ཡོད་ཀྱང་མངོན་ཚན་ཆེ་བ་མི་བྱེད། མཉན་པའི་ཡུལ་ལྟ་སྤྱོད་རྣམ་པར་དག་པ། རང་གི་བླ་མ་ཆོས་སྐྱོང་སོགས་ལ་འགྲས་མེད་པ་མ་གཏོགས་གྲུབ་ཐོབ་དང་སྐྱེ་རྒྱུད་ཡིན་ཟེར་ཚད་ལ་འུར་ཞོག་གིས་སྣ་ཤ་མི་སྦྱིན། གནས་བརྟན་ལས་ཐོག་པའམ་ཟུར་པ་རྒྱུད་སྦྱངས་ཤིང་སྐུ་ཡོན་ཅན་རེའི་མདུན་ནས་སྔགས་བྱང་སེམས་སོ་ཐར་རྣམས་ཀྱི་བསླབ་བྱ་རྩ་ཚིག་རེའི་སྟེང་ནས་འཁྲིད་ཅིང་ལག་ལེན་དུ་བཏབ་རིམ་བཞིན་དོགས་པ་གང་བྱུང་འཕྲལ་འཕྲལ་ཞུས་ཏེ་ངོ་འཕྲོད་ངེས་བྱེད། ལོ་རེ་བཞིན་སྟོན་དཔྱིད་གང་རིགས་ལ་སྒྲུབ་སྡེ་འདིར་ལམ་རིམ་གྱི་བཀའ་ཆོས་རེའང་མ་ཆག་པ་བྱུང་ན་ལེགས། ༼ཏན༽ཐུན་གྱི་སྐོར་ཚུལ་དང་མཐུན་པ་ནི། ཞོགས་ཀ་ནམ་མ་ལང་གོང་དུ་ཐུན་གཅིག་དང། ཉི་དྲོས་ཀྱི་བརྡ་གཏོང་བའི་བར་དུ་ཐུན་


GTD007_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དགུང་མོ་བརྡ་བཏང་ནས་མུན་སྲོས་ཀྱི་བར་དུ་ཐུན་གཅིག་དང། དེ་ནས་སྲོད་ཡོལ་གྱི་བར་ཐུན་གཅིག་བྱེད། ཐུན་བརྡ་སྔ་འཕྱི་དུས་དུས་ཀྱི་ཉི་ཚོད་ལ་ཆ་བཞག་སྟེ་ཆ་མཉམ་པའི་ཁུར་ལེན་གཉེར་པས་བྱེད་ཅིང། གནས་བརྟན་གྱིས་ཀྱང་བཀོད་པས་ཁྱབ་པར་བྱ། ཇ་བཞེས་ནའང་ཞོགས་ཀ་ནམ་མ་ལང་གོང་དང། དགུང་མོ་མུན་སྲོས་ཙམ་མ་གཏོགས་མེ་བཏང་མི་ཆོག །ཐུན་གྱི་སྐབས་གླིང་ནས་སུས་ཀྱང་ཀུ་ཅོ་དང་རྡིག་སྒྲ་ཆོབ་སྒྲ་མི་བྱེད། སྤྱི་དོན་མ་གཏོགས་པར་ཡས་མས་སུ་འགྲོ་དགོས་ན་ཐུན་གྱི་བརྡ་མ་བཏང་གོང་དུ་ཕྱིར་འབྱོར་ངེས་བྱེད། གལ་ཏེ་མ་སླེབ་ན་ཕྱི་ཉིན་ཞོགས་ཀ་ཚོགས་ཀྱི་སྐབས་ཕྱག་གསུམ་བྱས་ཏེ་གནས་བརྟན་ལ་ཐུན་མ་ཟིན་པའི་རྒྱུ་མཚན་ཞུ། ཆོས་ཉན་ལྟ་བུའི་དོ་གལ་ཆེན་པོ་ལ་དགུང་ཐུན་མི་ཟིན་པར་ངེས་ན་འགྲོ་ཚེ་དེ་ལུགས་ཀྱི་དགོངས་པ་ཞུ། ཐུན་མ་ཟིན་ཀྱང་སྔ་ཕྱིར་མ་ཞུས་ན་གནས་བརྟན་གྱིས་ཉེས་པ་བསྒྲགས་ཏེ་ཕྱག་འཚལ་དུ་གཞུག །ཞོགས་ཐུན་གྱི་གྲོལ་བརྡ་མ་བྱུང་གོང་དུ་ཐབས་མེད་ཀྱིས་འགྲོ་དགོས་པའི་རྐྱེན་གློ་བུར་བ་བྱུང་ན་གཉེར་པ་བརྒྱུད་དེ་གནས་བརྟན་ལ་དགོངས་པ་ཞུ། ཐུན་གྱི་སྐབས་དྲོ་སྐྱེལ་ལྟ་བུ་མེད་མི་རུང་དུ་ཡོང་དགོས་བྱུང་ཡང་འཕྲལ་དུ་ཕྱིར་མངགས། གལ་ཏེ་ཞག་སྡོད་དགོས་ན་གནས་བརྟན་ལ་དགོངས་པ་ཞུ། ཁང་ལས་ལྟ་བུས་ཐུན་ནང་དུ་མེ་གཏོང་དགོས་ལའང་དགོངས་པ་ཞུ། འོན་ཀྱང་མཛོ་རྟ་སོགས་ཐབས་མེད་མིན་ན་ཞག་ཏུ་བཟུང་མི་ཆོག །སྤྲང་པོ་གླིང་གསེབ་ཏུ་མི་གཏོང་ཞིང་ཁྱི་དང་བྱི་ལ་ཁར་མི་བསྐྱིལ། ༼པམ༽ ལྟོ་གོས་སོགས་ལ་འདོད་ཆུང་ཆོག་ཤེས་ཚུལ་དང་མཐུན་པ་ནི། མགོན་པོ་


GTD007_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ་ཀྱིས། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །གསུངས་པ་ལྟར་ཆོག་ཤེས་ན་ཡོ་བྱད་མི་མང་ཡང་དཔལ་ཕུན་སུམ་ཚོགས་པའི་དགའ་བ་ཉམས་སུ་མྱོང་ལ། ཆོག་མ་ཤེས་ན་ནོར་ཇི་ཙམ་མང་བ་བཞིན་གསོག་བསྲུང་གི་སྡུག་བསྔལ་མྱོང་བ་མ་གཏོགས་ལོངས་སྤྱོད་པའི་བདེ་བ་མི་མྱོང་སྟེ། ཤེས་རབ་སྡོང་བུ་ལས། འབད་པས་བསགས་པའི་ནོར་ལ་ན། །ཡང་དང་ཡང་དུ་ཉུག་བྱེད་པ། །བཀྲེན་པས་བྱི་བ་ཇི་བཞིན་དུ། །ནོར་རྣམས་སྡུག་བསྔལ་ཁོ་ནར་ཟད། །ཅེས་དང། རྩི་ཤིང་ཇི་ཙམ་མང་བ་ན་མེ་འཆོར་བའི་ཉེན་ཆེ་བ་ལྟར་ནོར་མང་ན་དགྲ་ཀུན་ནས་སྡང་ཞིང་སྲོག་ལ་རྒོལ་བའི་བར་དུ་འགྱུར་བའི་ཚུལ། ཤེས་རབ་བརྒྱ་པ་ལས། བདོག་པ་ཧ་ཅང་སྤེལ་བ་ཡང། །མཇུག་ཏུ་རྒུད་པས་གདུངས་པར་འགྱུར། །ཚང་ཚིང་མང་དང་ལྡན་པ་ཡི། །ས་ཕྱོགས་ཚིག་པར་གྱུར་པ་བཞིན། །ཞེས་གསུངས་པ་ལྟར་རོ།། ལྷག་པར་བཟའ་བཏུང་གི་དོན་མ་གཏོགས་བསམ་རྒྱུ་དང་བཤད་རྒྱུ་མེད་པ་ནི་རི་ཁྲོད་པའི་རྐང་དྲངས་པ་ཡིན་ཏེ། ཙ་ན་ཀའི་བསྟན་བཅོས་ལས། ལྟོ་བ་འགེངས་པ་འབའ་ཞིག་འདོད་གྱུར་པ། །དེ་ཡི་བསམ་པ་ཕྱུགས་དང་ཁྱད་པར་ཅ། །ཞེས་དང་། པོ་ཏོ་བས། ལྟོ་ཕྱིར་གནམ་ལྡིབ་པ་ལ་ཆོས་མི་འོང་གསུངས་ཤིང། ཡང་དེ་ཉིད་ཀྱིས། ལྟོགས་ཀྱིས་དོགས་པ་ལས་ཤི་ཡིས་དོགས་པ་མི་འདུག་ཨང། གསུངས་ཏེ། དཔྱིད་ཀ་ལྟོགས་ཀྱིས་དོགས་ནས་སྟོན་འཚོ་བ་བཙལ་བའི་


GTD007_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་ལ་བལྟས་ན། དེ་ཚུན་ལ་འཆི་བདག་སླེབ་ཉེན་ཡོད་པས་ཕྱི་མར་ཕན་ངེས་ཀྱི་ཆོས་ཤིག་སྒྲུབ་དགོས་རྒྱུ་ཡིན་ཞིང། ད་ལྟ་ཆོམ་རྐུན་སོགས་ཀྱིས་རྒྱུ་ནོར་སྣ་རེ་ཕྲོགས་ཀྱིས་དོགས་ནས་སྐྲག་ཅིང་གཉིད་མི་འོང་པ་ལ་བལྟས་ནའང། འཆི་བདག་སླེབ་དུས་ཟས་གོས་དང་ཕྲལ་བས་མི་ཆོག །ནོར་རྫས་དང་ཕྲལ་བས་མི་ཆོག །ཁང་ཁྱིམ་ཡུལ་འཁོར་དང་ཕྲལ་བས་མི་ཆོག །གཉེན་མཛའ་བཤེས་དང་ཕྲལ་བས་མི་ཆོག །ལུས་ལོངས་སྤྱོད་ཐམས་ཅད་དང་ཉིན་གཅིག་ལ་འབྲེལ་ཐག་ཆད་དེ་སླར་ལྡོག་པ་ལྟ་ཞོག །མིག་གིས་མཐོང་རྒྱུ་ཙམ་ཡང་ཡོད་མི་སྲིད་པར་འགྲོ་བས། དེ་ལྟ་བུའི་དགྲ་སྟོབས་པོ་ཆེ་དེ་དོ་ནུབ་སླེབ་བམ་སང་སླེབ་ཆ་མེད་པ་མངོན་སུམ་དུ་གྲུབ་བཞིན་དུ་འཇིགས་སྐྲག་ཅུང་ཟད་ཀྱང་མི་སྐྱེ་བ་འདི་ལས་ལྷག་པའི་གླེན་ཚུལ་མེད་ཅིང་ངེས་པར་གདོན་གྱིས་བརླམ་པས་དྲན་རིག་ངོས་མ་ཟིན་པ་ཡིན་ཏེ། སྐྱེ་བོ་གསོ་ཐིགས་ལས། ཤིན་ཏུ་བླུན་པ་ལ་ལ་དག །འཆི་བའི་རྣམ་པ་རབ་བརྗེད་ནས། །བྱ་བ་མང་པོ་རྩོམ་བྱེད་དེ། །བདུད་ཀྱིས་བསླུས་པར་རིག་པར་བྱ། །ཞེས་གསུངས་སོ། །ཟས་གོས་ཡོ་བྱད་ཀྱིས་འཕོང་མི་འཕོང་རྩོལ་སྒྲུབ་བྱས་མ་བྱས་དང། སེར་སྣས་བསྡམས་མ་བསྡམས་ཀྱི་དབང་ན་མེད་པར་བསོད་ནམས་ཀྱི་སྐལ་བ་ཡོད་མེད་ལ་ཐུག་སྟེ། ཙ་ན་ཀའི་བསྟན་བཅོས་ལས། འབྱོར་པ་སྤྱད་པས་མི་ཟད་ཅིང། །སྐལ་བ་ཟད་པས་ཟད་པར་འགྱུར། །སྦྱིན་པས་ཟད་པར་མི་འགྱུར་ཞིང། །མ་སྤྱད་པ་ཡིས་འཕེལ་མི་འགྱུར། །ཞེས་ལས་དབང་གིས་ལག་ཏུ་འོང་དགོས་ཀྱི་དེ་མེད་ན། ཁོ་ལ་རྒྱུ་ནོར་མང་པོ་ཞིག་བྱུང་ན་རང་བསམ་


GTD007_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བརྣབ་སེམས་ཡིན་པས་རྙེད་པའི་སྒོ་འགོག་པ་མ་གཏོགས་ཕན་ཐོགས་རྒྱུ་ཅིའང་མེད་པ་ནི། རིན་ཆེན་ཕྲེང་བ་ལས། བརྣབ་སེམས་ཡིད་ལ་རེ་བ་འཇོམས། །ཞེས་གསུངས་པ་བཞིན་ནོ། །དེས་ན་སྦྱིན་བདག་གི་བཟང་ངན་དང་གཉེར་པའི་གཏོང་སྒོ་ཕྲ་སྦོམ་གྱི་གླེང་མོ་མངོན་ཚན་ཆེ་བ་རྒྱུན་པར་མི་བྱེད། འོན་ཀྱང་གཉེར་པ་ཁོ་རང་ཡང་ཕྱི་མའི་དོན་བསམ་ནས་འོང་མཁན་ཡིན་ཞིང་། སླར་རང་གིས་ཀྱང་དགེ་འདུན་དང་ལྷན་དུ་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་དགོས་པ་གང་ཐད་ནས་བསམ་སྟེ་སྦྱིན་བདག་གི་དད་ཟས་ཆུད་མ་ཟོས་པར་དགེ་འདུན་པའི་ཉམས་སུ་ཕན་ངེས་བྱས་ཏེ་གཏོང་དགོས། གལ་ཏེ་ཚུལ་བཞིན་མ་བྱུང་ན་བླ་མ་དང་གནས་བརྟན་གྱི་རྩད་གཅོད་ངོ་དགའ་ཟོལ་འཇོག་ཏུ་མ་སོང་བ་བྱེད། གཉེར་པས་དགེ་འདུན་གྱི་དོན་དུ་ཕྱོགས་ཀྱི་སྦྱིན་བདག་སོགས་ལ་སློང་མོ་དང་དུས་བཟང་སོགས་ཀྱི་རྟིང་སྐུལ་བྱེད་སྲོལ་སྔར་རྒྱུན་ལྟར་བྱས་ཆོག་ཀྱང། ཧ་ཅང་སྡུག་ཐུག་མདོག་དང། ཞལ་འདེབས་ཆེ་ཆུང་ལ་འཁང་བ་སོགས་གཞན་མ་དད་པའི་རྒྱུར་འགྲོ་བ་མི་བྱེད། དཀོན་མཆོག་གསུམ་གྱི་ནང་ནས་ཀྱང་དགེ་འདུན་གྱི་དཀོར་ནི་ཤིན་ཏུ་གཉན་པས་རང་སྐལ་ལས་ལྷག་པ་ཇ་ཕོར་གང་ལའང་མ་འབག་པ་གལ་ཆེ། སྔར་རྒྱུན་གྱི་གཏོང་སྒོ་མ་ཆག་པ་ཐུབ་ན་གཉེར་ལ་བསྙད་པའི་རྙེད་འཚོལ་སྣ་ཚོགས་མི་བྱེད་ཅིང། དེ་འདྲའི་སྒོ་ནས་གྲགས་འདོད་ཀྱི་གཏོང་སྒོ་འཕར་མ་བྱས་པའང་དགེ་མཚན་མི་ཆེ་བས་དཔེ་ལམ་གཅིག་ལ་ཆ་བཞག་ཡོད་པ་བྱ། དགེ་འདུན་གྱི་བཞེད་པ་དང་མི་མཐུན་བཞིན་དུ་རྙེད་པ་ཕྱིར་བསྒྱུར་ན་ཉེས་པ་ཆེ་བ་འདུལ་བ་ལུང་ལས་གསུངས་པ་ལྟར་ཡིན་ཀྱང། གཉེར་པ་ཁ་ཐབས་ཞན་


GTD007_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་ནམ་དུས་ངན་པས་སྦྱིན་བདག་རྙེད་དཀའ་བ་བྱུང་སྟེ། ཐབས་མེད་པར་དུས་བཟང་གི་སྔ་ཕྱིར་སྦྱིན་བདག་བྱུང་བ་དུས་བཟང་དང་གསེག་སྤྲོད་དགོས་ཤར་ཚེ་དགེ་འདུན་རྣམས་ནས་ཀྱང་གནས་ཚུལ་གཟིགས་ཏེ་ཐུགས་ཀྱི་དགོངས་པ་ཁྲོལ་བ་བྱེད། མདོར་ན་བསམ་རྒྱུའི་གཙོ་བོ་ལྟོ་གོས་སུ་མ་སོང་བར་བློ་ཁ་ཆོས་ཕྱོགས་སུ་འཁོར་བའི་གཏན་གྱི་དགོས་དོན་མ་འཆུག་པ་བྱེད། ཚོགས་འཚོགས་ཚུལ་དང་བཞུགས་ལུགས་ཚུལ་དང་མཐུན་པ་ནི། ཐུན་བརྡ་མང་ཇ་ཡོད་ཚེ་ཅོང་ཉིས་རྡུང་དང། ཇ་འགྱེད་ཚྭ་ར་སོགས་ལ་སུམ་རྡུང་བྱེད་པས་དེར་བསྟུན་པའི་ཡོ་བྱད་མ་ལུས་པ་བྱས་ལ་རྗེས་ལུས་སུ་མ་སོང་བར་ཚོགས་མཉམ་དུ་འཛོམ་པ་བྱེད། གྲལ་གཡས་སྤུངས་གཡོན་སྤུངས་སུ་མ་སོང་བས་ཆ་མཉམ་པ་དང། ཚོགས་ཉུང་ཚེ་མཐའ་ནས་གདོང་གྲལ་དུ་བསྣན་ཏེ་སྡོད་ཚུལ་གནས་བརྟན་གྱིས་བཀོད་པ་བཞིན་བྱེད། མིང་བཏགས་ཆེ་བ་དང་གནས་བརྟན་ཟུར་པ་རྣམས་གྲལ་མགོར་བྱེད་ཅིང། མིང་བཏགས་དཀྱུས་མ་རྣམས་མིང་བཏགས་ཀྱི་སྔ་ཕྱི་ལྟར་བྱེད། དགོན་པ་ནས་འོངས་པ་རྣམས་གྲྭ་སར་ཚོགས་ཆོས་ལོ་ཇི་ཙམ་འགྲིམ་པ་བརྩིས་ཏེ་དེའི་རྩིས་ཀྱི་གྲལ་མཚམས་སུ་གཞུག །གྲལ་གདན་སོགས་ལ་ཕངས་མེད་དང། གྲལ་བར་དུ་ཇ་འཕོ་བ། ཐུག་པའི་ནང་གི་ཤ་འཕེན་པ། ལག་པ་ཕྱིར་ཕྱུང་སྟེ་རྩམ་པ་བརྫི་བ། ཁམ་ཧ་ཅང་ཆེ་བ། ཁམ་སྔ་མ་མ་ཟོས་པར་ཁར་བཅུག་པ། ཇ་སོགས་རང་ཐད་དུ་མ་སླེབ་གོང་ནས་ཕོར་པ་འཛེད་པ། ཕུ་ཅག་གི་སྒྲ་ཆེར་བྱེད་པ། ཟས་ཀྱི་དུས་མཆིལ་སྣབས་མངོན་དུ་འདོར་བ་སོགས་མི་བྱེད། ལྷོ་


GTD007_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་སོགས་ཀྱི་དུས་སྦྱིན་བདག་གི་ནང་དུ་བལྟས་ཏེ་གར་འགྲོ་མི་འཚོ་བར་མདུན་དུ་བལྟས་ནས་བཞུགས་ཚུགས་པ་བྱེད། སྐུ་གཟུགས་མ་བདེ་བ་ལྟ་བུའི་རྐྱེན་ཐབས་མེད་བྱུང་ན་མ་གཏོགས། བསྔོ་བ་མ་ཚར་གོང་དུ་མི་འགྲོ། ཚོགས་གྲོལ་ཁར་དགེ་རྩ་བསྔོ་བས་ཁ་བསྒྱུར་བྱས་ཏེ་གྲོལ། ཚོགས་བར་དུ་གྲོལ་ཆུང་བྱེད་ཚེ་ན་བཟའ་བསུམ་ནས་འཇོག་པ་ལས་པགས་ཐུལ་གྱི་སྤུ་ཕྱིར་བསྟན་པ་དང་གཡས་འཕེན་གཡོན་འཕེན་དུ་བྱས་ཏེ་མི་འཇོག །གུང་ཚིགས་ཀྱི་སྐབས་རྩ་བའི་བླ་མ་ལ་བཤོས་བུ་དང་བརྒྱུད་པའི་བླ་མ་ལ་གཅིག །སངས་རྒྱས་བྱང་སེམས་ལ་གཅིག །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་གཅིག་སྟེ། མཐེབ་ཀྱུ་གསུམ་ཕུད་ལ་དབང་བའི་འབྱུང་པོ་དང། འཕྲོག་མ་དང་དེའི་བུ་རྣམས་ལ་ཆངས་བུ་གསུམ་ལྷག་མའི་ཆངས་བུ་རྣམས་ཕྱག་ལེན་ལྟར་བཤམས་ཤིང་ཧ་ཅང་ཆུང་བ་མི་བྱ། ཕུད་མཆོད་བདུད་རྩིའི་རྒྱ་མཚོར་བསམ་སྟེ་ཟས་བསྔོ་ཡོན་སྦྱོང་སོགས་དལ་བུས་གསུང། རང་རང་གི་ཤག་ཏུ་གུང་ཚིགས་བྱེད་སྐབས་ཀྱང་ཕུད་མཆོད་སོགས་ཚོགས་ལྟར་བྱས་ན་ལེགས། ཚོགས་ནས་འགྲོ་དགོས་པ་སོགས་ཀྱི་ཚེ་གནས་བརྟན་གྱི་མདུན་དུ་འོངས་ཏེ་གུས་པའི་སྤྱོད་ལམ་གྱིས་རྒྱུ་མཚན་དང་བཅས་གནང་བ་ཞུ་ཚུལ་མིག་ལྟོས་དང་མཐུན་པ་བྱེད། གཞི་གསུམ་གྱི་ཕྱག་བཞེས་ཚུལ་དང་མཐུན་པ་ནི། གཉེར་པས་གཎྜི་བརྡུང་སྟེ་གསོ་སྦྱོང་ལ་ཡར་འཚོགས་མ་ཐག་འཕགས་པའི་གནས་བརྟན་རྣམས་ལྟུང་བ་ཕྱིར་བཅོས་པའི་ཡུལ་དང་དཔུང་གཉེན་དུ་བསམ་སྟེ་སྤྱན་འདྲེན་ཅིང་ཕྱག་མཆོད་ཡན་ལག་བདུན་པ་དང་བཅས་པ་སྔོན་དུ་བཏང། དེ་རྗེས་དགེ་ཚུལ་ཡོད་ན་བཀར་ཏེ་དགེ་སློང་གི་ཕྱིར་བཅོས་བྱ།


GTD007_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགེ་ཚུལ་རྣམས་ནང་དུ་འོངས་ནས་ཕྱིར་བཅོས་བྱས་ལ་སྐབས་གསུམ་པ་དང་ཟླ་མེད་སྟོན་པ་མ་ལྷན་དུ་གསུང། དགེ་ཚུལ་དབང་ཐོབ་མཁན་ཡིན་ན་ཕྱིར་བཅོས་རྒྱས་པའི་ཚེ་དེའི་སྔོན་ལ་འོང་དུ་འཇུག །གསོ་སྦྱོང་གྲུབ་ནས། སངས་རྒྱས་སྤྲུལ་བ་ཞེས་སོགས་གནས་བཅུའི་འཕྲོ་གསུང། གསོ་སྦྱོང་ལ་དགེ་སློང་ཐམས་ཅད་ཀྱིས་སྣམ་སྦྱར་དང་དགེ་ཚུལ་རྣམས་ཆོས་གོས་ངེས་ཅན་དུ་བཞེས་དགོས། ལས་ཀྱི་སྐབས་དཔུང་པ་བཏུམ་ནས་སྡོད་པ་ཡར་ལྟ་མར་ལྟ་བྱེད་པ་སོགས་སྤྱོད་ལམ་མི་མཐུན་པའི་རིགས་མི་བྱེད། གསོ་སྦྱོང་གི་ཉིན་སྔ་མར་རང་རང་གི་ཐད་ཀྱི་སྲང་བར་སོགས་གད་དར་བྱ། ཐབས་མེད་ཀྱིས་ཆུ་སྤོར་དགོས་པ་དང་གཉེར་པ་མ་གཏོགས་ཚང་མས་དབྱར་ཁས་ལེན་དགོས། དགོས་པ་གལ་ཆེན་མ་གཏོགས་རྒྱུན་དུ་དབྱར་བྱིན་རླབས་བྱས་ཏེ་དགོན་པ་སོགས་སུ་སོང་ནས་དབྱར་ཁས་བླང་ཡོད་མེད་མི་ཤེས་པ་ལྟ་བུ་མི་བྱེད། དབྱར་གྱི་དུས་གནས་རལ་པ་དང་གྲུམ་པ་བཅོས་དགོས་པར་གསུངས་པ་ལྟར་ཡིན་ལ། རྒྱུན་པར་ཡང་གནས་ཁང་བྱི་དོར་བྱ་བ་སྦྱོར་བའི་ཆོས་དང་པོ་ཡིན་པས། དགེ་སྦྱོར་གྱི་དུས་ཁམས་དྭངས་པའི་ཐབས་དང། བསོད་ནམས་ཀྱི་ཞིང་རྣམས་སྤྱན་འདྲེན་པའི་ཡུལ་དུ་དམིགས་ཏེ་ནང་དུ་གད་དར་ལེགས་པར་བྱ། དེས་མཚོན་ཏེ་ཕྱིའི་ས་རྩི་པུ་ཤུའི་ཁ་དང་རྡོ་ཡབ་གསོ་བ། སྟེང་གི་ཐིགས་ཚགས་དང་སྔོ་འབལ་བ་སོགས་དོ་དམ་གང་དྲག་བྱེད་པ་མ་གཏོགས། ནོམ་རྫས་ཕུགས་སུ་བཅུག་སྟེ་མིང་ཚེ་བློས་བཏང་ལ་སྙད་བཏགས་ནས་ཁང་པ་འཐོར་ཞིག་ཏུ་བཏང་སྟེ་གཞན་


GTD007_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མིག་སྔར་མི་མཛེས་པ་མི་བྱེད། འདུ་ཁང་ལའང་ལོ་རེ་བཞིན་ཐིགས་ཚགས་དང་དབྱར་དུས་ཉིན་ཁ་ཤས་རེའི་མཚམས་ནས་ཝ་ཁ་བསལ་བ། དགུན་དཔྱིད་ཁ་བ་འཕྱག་རྒྱུ་སོགས་དང། རྒྱུན་པར་འདུ་ཁང་དང་རུང་ཁང་གི་ཕྱི་ནང་ཀུན་ཏུ་གད་དར་སོགས་གཉེར་པས་དོ་དམ་མ་ལྷོད་པ་དགོས་ལ། ཉིན་ལྟར་གྱི་མཆོད་པ་བརྗེ་བ། རྒྱུན་གྱི་ཚེ་འབར། གཏོར་ཁ་གསོ་བ། དུས་བཟང་དང་ལྷོ་སྒོ་སོགས་ཀྱི་སྐབས་ཆོ་ག་རང་རང་དང་མཐུན་པའི་མཆོད་པ་བཤམ་པ། མཚན་མོ་སྒོ་ཆ་སྡོམ་པ། སྐབས་སྐབས་སུ་གྲལ་གདན་སྐམ་སྤྲུག །ཆུ་མགོའི་རིགས་གསོ་ཤིང་སྙིགས་མ་གསོལ་རྒྱུ་སོགས་ལས་ཀ་གང་བབ་སྙོམ་ལས་སུ་མ་སོང་བ་བྱེད། གལ་ཏེ་ལེ་ཤོར་བྱུང་ན་སྐབས་སྐབས་སུ་གནས་བརྟན་གྱིས་སོ་སོར་ཚིག་བརྡ་འཕྲོད་པ་བྱེད། མང་མས་ཀྱང་འདུ་ཁང་ཉེ་སྐོར་དང་ཆུ་འགྲམ་དུ་མཆིལ་སྣབས་དང་ཕྱག་དར་སོགས་མི་འདོར། འདི་དག་དབྱར་གྱི་དམ་ཚིག་ཏུ་བྱེད་དགོས་པར་མ་ཟད་རྒྱུན་དུའང་ལག་ལེན་འདེབས་དགོས། དབྱར་གྲོལ་ནས་ལྗོངས་རྒྱུའི་སྐབས་ཆོས་གོས་དང་སྒོམ་ཞྭ་བཞེས་ཏེ་སྦ་འཁར་བསྣམས་ནས་འཕགས་པའི་མི་སྨྲ་བའི་བརྟུལ་ཞུགས་སེར་འཕྲེང་བྱས་ཏེ་དལ་བུས་ཕེབས། ངལ་གསོ་བའི་སྐབས་སུ་དབུ་ཞྭ་ཕུད་དེ། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །ཅེས་སོགས་དང། སྐར་མ་རབ་རིབ་ཅེས་སོགས་ཀྱི་ཚིགས་བཅད་གདངས་དང་བཅས་པས་གསུངས་ཏེ་ཡུལ་གྱི་ལྷ་ཀླུ་སོགས་ལ་ཆོས་སྦྱིན་བྱ། མདོར་ན་ཆོས་འདུལ་བ་ནས་ལམ་དུ་འགྲོ་ཚུལ་གྱི་སྤྱོད་ལམ་དང། དམག་གི་ནང་། ཆང་འཚོང་དང་བཤན་པའི་ཁྱིམ་


GTD007_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་འགྲོར་མི་ཉན་པའི་ཡུལ་དུ་མ་གསུངས་པ་ལྟར། ཕྱོགས་གང་དུ་འགྲོ་ནའང་དྲན་ཤེས་བསྟེན་ཏེ་གཞན་གྱི་མིག་སྔར་མི་མཛེས་པ་དང། རང་གི་དགེ་སྦྱོར་ཉམས་པའམ། ཉོན་མོངས་སྐྱེ་བའི་རྐྱེན་དང་སྐུར་འདེབས་ཀྱི་དོགས་པ་ཡོད་པའི་རིགས་ལ་ཤིན་ཏུ་འཛེམ་དགོས། ཇ་སྐལ་སོགས་བགོ་ལུགས་ཚུལ་དང་མཐུན་པ་ནི། སྣོད་གང་ཆེ་བྱས་ཏེ་དགེ་འདུན་མང་ལས་ལྷག་ན་ཇ་ཕོར་གང་བླངས་ཀྱང་ཁེ་ཆུང་ལ་དཀོར་སྒྲིབ་ལྕི་བས་འདོད་དབང་དུ་མི་གཏོང་བར་སྐུ་སྐལ་མན་ཆད་ཐོམ་ཚད་གཅིག་ལ་ཆ་བཞག་པས་མཉམ་པོ་འོང་བ་དང་ལོ་མཚམས་པ་རྣམས་ལའང་སྐལ་བ་མ་འགྱང་བར་སྐྱེལ་བ་སོགས་གཉེར་པས་ཁུར་ལེན་བྱེད། ལོ་མཚམས་པ་ལ་ཆུའང་ཇ་མ་ཆུ་ལེན་གཉིས་ཀྱིས་བགོས་ཏེ་སྐྱེལ། ཆུ་དགོས་པའི་ཞོགས་ཀ་ཆུ་རྟགས་འཇོག་ཅིང། དེ་ཞག་ཏུ་འགྱང་སོང་ན་གཙོ་བོར་གཉེར་པས་དོ་དམ་དང་རི་ཁྲོད་པ་གང་མཐོང་གིས་ཀྱང་བརྡ་སྦྱོར། ཇ་སྐལ་སྐྱེལ་ཐེངས་མང་ན་ཚོགས་ཉུང་ལ་ཇ་འདེབས་ཚོད་མང་བས་སྦྱིན་བདག་གི་བསམ་པ་མི་རྫོགས་པའམ། ཇ་གཤེར་འགྲོ་བ་མང་ཇ་གསུམ་མན་ལ་ཇ་སྐལ་ཐེངས་གཅིག་དང། ལྔ་དྲུག་རེ་ཡོད་ཀྱང་ཐེངས་གཉིས་ལས་ལྷག་མི་བྱེད། འཇིགས་བྱེད་བདག་འཇུག་ལ་མང་ཇ་ལྔ། ཚེས་བརྒྱད་ལ་མང་ཇ་བཞི། བདེ་མཆོག་ཆོག་རྐྱང་ལ་མང་ཇ་ལྔ། བདེ་ལམ་ལ་མང་ཇ་ལྔ། ལྷོ་སྒོ་ཡོད་ཚེ་དྲུག །གསང་འདུས་དང་སྦྱོར་ལ་བཞི། རྒྱས་པ་ལ་ལྔ། མི་འཁྲུགས་པ་མང་ཇ་གསུམ། བདེ་མཆོག་བདག་འཇུག་ལ་མང་ཇ་དྲུག །ཕྱག་ཆེན་ལ་མང་ཇ་གསུམ་ལྷོ་སྒོ་ཡོད་ཚེ་
བཞི། མགོན་ཆོས་ལ་མང་ཇ་བཞི། ལྷོ་སྒོ་ཡོད་ཚེ་ལྔ། འདི་འདྲ་ཀུན་དཔེ་གཅིག་ལ་ཆ་བཞག་པ་མ་གཏོགས་སོ་སོའི་འདོད་དབང་དུ་བཏང་མི་ཆོག །མདོར་ན་སྒྲིག་ལམ་གྱི་ཁོག་བཅའ་ཡིག་དཀྱུས་ལྟར་ཡིན་ཀྱང། ཞིབ་ཆའི་རིགས་ཟུར་འདེབས་འདི་དང་སྦྱར་ནས་བྱེད་དགོས་པས། ཡི་གེ་གནས་བརྟན་གྱིས་བཟུང་སྟེ་མཚམས་མཚམས་སུ་ཚོགས་པར་སྙན་སྒྲོན་དང་རྟིང་གནོན་མི་གཡེལ་བ་བྱེད་དགོས། །༼ཙ༽


previousཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཟུར་འདེབས། next