Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨ་རུ་ཧོར་ཆེན་དགོན་བཀྲ་ཤིས་བསམ་འགྲུབ་གླིང་གི་བཅའ་ཡིག
   
   
   
   
   
   
   
   
   
   


 
previousཨ་རུ་ཧོར་ཆེན་དགོན་བཀྲ་ཤིས་བསམ་འགྲུབ་གླིང་གི་བཅའ་ཡིགnext

ཨ་རུ་ཧོར་ཆེན་དགོན་བཀྲ་ཤིས་བསམ་འགྲུབ་གླིང་གི་བཅའ་ཡིག


GTD007_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རུ་ཧོར་ཆེན་དགོན་པ་བཀྲ་ཤིས་བསམ་འགྲུབ་གླིང་གི་བཅའ་ཡིག་ཆོས་ཀྱི་སྣང་བ་ཞེས་བྱ་བ་བཞུགས་སོ།། ཨོཾ་བདེ་ལེགས་སུ་གྱུར་ཅིག །དགེ་མཚན་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང། །ལེགས་བྱས་འདོད་པ་འཇོ་བའི་དཔག་བསམས་ཤིང། །ཡང་དག་ཐར་ལམ་གསལ་བའི་སྒྲོན་མེ་མཆོག །རྒྱལ་བའི་བསྟན་པ་རིང་དུ་གནས་གྱུར་ཅིག །གང་གི་བཀའ་བཞིན་བསྒྲུབ་པ་ལྷུར་བླང་ན། །ནམ་ཡང་མི་བསླུ་གཏན་བདེའི་སྲོག་སྟེར་བ། །ལྷ་མིའི་སྟོན་པ་རྣམ་འདྲེན་ཤཱཀྱའི་ཏོག །སྲས་དང་སློབ་མར་བཅས་ལ་གུས་ཕྱག་འཚལ། །ཁྱད་པར་རྒྱལ་བའི་དབང་པོ་ཙོང་ཁ་པའི། །ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་སྡེ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྣམས། །དབྱེར་མེད་ཐུགས་རྗེས་བྱང་ཆུབ་བར་དུ་སྐྱོངས། །དགེ་ལྡན་བསྟན་པའི་སྲུང་མ་ཀུན་གྱི་གཙོ། །འཇམ་དཔལ་བཀའ་སྡོད་ལས་ཀྱི་གཤིན་རྗེ་དང། །མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མས། །སྡེ་འདིར་སྲུང་སྐྱོབ་གཡེལ་མེད་འཕྲིན་ལས་མཛོད། །རྣམ་གྲོལ་དོན་གཉེར་དོན་མཐུན་འདུས་པའི་སྡེའ། །ཁྲིམས་སུ་བཅས་པའི་བཅའ་ཡིག་གྲུ་གཟིངས་ཆེ། །བཤད་སྒྲུབ་བ་དན་


GTD007_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོས་མཛེས་པ་འདིར། །ཞུགས་ནས་བསླབ་གསུམ་ནོར་བུའི་དགའ་སྟོན་མཛོད།། དེའང་ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ་ཡུན་དུ་གནས་པ་ནི། དེ་ཉིད་འཛིན་ཅིང་སྤེལ་བའི་དགེ་འདུན་གྱི་སྡེ་ཞིག་ལ་རག་ལས་པས། འཕགས་པའི་ཡུལ་དུ་པཎ་གྲུབ་རྣམས་ཀྱིས་དཔལ་ན་ལེནྡྲ་སོགས་ཆོས་གཞི་དུ་མ་བཙུགས་ཤིང། གངས་ཅན་གྱི་ལྗོངས་འདིར་འཇམ་མགོན་བླ་མ་ཡབ་སྲས་ཀྱིས་གདན་ས་ཆེན་པོ་གསུམ་སོགས་ཕྱག་འདེབས་མཛད། དེ་ནས་ལྔ་བརྒྱ་ཐ་མའི་སྐབས་སུ་བསྟན་པ་བྱང་ནས་བྱང་དུ་དར་བའི་ལུང་བསྟན་དུས་ལ་བབ་པ་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་མདོ་སྨད་བསྟན་པའི་འབྱུང་ཁུངས་དཔལ་ལྡན་བཀྲ་ཤིས་འཁྱིལ་བཏབ། དེ་དག་གི་ཐུགས་རྗེའི་འོད་ཟེར་རིམ་པར་འཕྲོས་པ་ལས་ཆོས་སྡེ་འདིས་མཚོན་ཕྱོགས་འདིར་ཆོས་གྲྭ་ཆེ་ཆུང་མང་དུ་ཆགས་པ་ཡིན་ལ། དགེ་འདུན་གྱི་སྡེ་ཡང་བསྟན་འགྲོའི་རྩ་ལག་ཏུ་འགྱུར་ངེས་ཤིག་འབྱུང་བ་ཆོས་ཁྲིམས་རྣམ་པར་དག་པས་གཞི་བཟུང། བཤད་སྒྲུབ་ཀྱི་འཁོར་ལོ་ཟུང་དུ་འབྲེལ་བ་ཞིག་ལ་རག་ལས་པས་སྡེ་འདིར་ཁྲིམས་སུ་བྱ་བའི་རིམ་པའང། ཐོག་མར་འཇུག་པ་པོ་རྟེན་གྱི་གང་ཟག་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་ལྡན། ནག་ཆང་རྐུས་སོགས་ཀྱི་མཐོང་ཐོས་དོགས་གསུམ་མེད་ཅིང། གྲྭ་ཚང་གཞན་ནས་གནས་དབྱུང་བྱས་པ་མ་ཡིན་པ། ལྟ་གྲུབ་གཙང་ཞིང་སྐྱབས་འགྲོ་ལྟུང་བཤགས་སྒྲོལ་ཤེར་སོགས་བློ་འདོན་དང་ཡི་གེའི་རྒྱུགས་འཕྲོད་པའི་ཐོག་ནས་གྲྭ་ཚང་དུ་འཇུག །དེ་ནས་གསར་བུ་རྣམས་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར་ཆོས་མཐུན་གྱི་


GTD007_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྒན་རེ་བསྟེན་དགོས། དེས་ཀྱང་འདུལ་བའི་ཀུན་སྤྱོད་དང་འཛིན་སྐྱོར་བྱེད་ལུགས་སོགས་གནས་ཀྱི་བླ་མའི་མིང་དོན་མཐུན་པར་བྱེད། ལས་སྣེ་མོ་རྣམས་ཀྱིས་ཕ་རོལ་པོའི་བློ་འཛིན་གྱི་ཚོད་དང་བསྟུན་ནས་ཟླ་བ་རེ་རེའི་མཚམས་སུ་རྒྱུགས་བཞག་སྟེ། གྲྭ་ཚང་རང་གི་འདོན་ཆ་མ་རྫོགས་བར་དུ་ཐོ་ཡིག་སྟེང་ནས་ཆད་ལུས་མེད་པར་ལེན། གཞུང་ཆེན་མོའི་བློ་འཛིན་སོགས་ཡོན་ཏན་སློབ་མཁན་རྣམས་ལ་ལེགས་སོས་གཟེངས་བསྟོད། སྤྱིར་ཡང་ཡོན་ཏན་ཅན་དང་གྲྭ་པ་བགྲེས་པ་རྣམས་ལ་ཞྭ་ཕུད་གཟན་འབེབས་ཀྱིས་མཚོན་པའི་བརྩི་འཇོག་གོ་མ་ལོག་པར་བྱ། དགོན་ནང་དུ་བུད་མེད་ཞག་ཏུ་མི་སྡོད་ཅིང་ཉིན་སྐོར་འོང་བ་རྣམས་ཀྱང་དགེ་བསྐོས་ལ་དགོངས་པ་ཞུ། ཤོ་མིག་མང་སོགས་བག་མེད་ཀྱི་རྩེད་མོའི་རིགས་དང་། རྒྱང་སྐད་ཀུ་ཅོ་ཙབ་ཧྲལ་གྱི་མཆོངས་རྒྱུགས་སོགས་ཁྱིམ་པ་སུན་འབྱིན་དུ་འགྲོ་བའི་བྱ་བ་བྱས་མི་ཆོག །མི་དཔུང་གྲ་སྡེབ་ལས་སྣེ་མོར་ལན་སློག་པ་རྣམས་གནས་ནས་དབྱུང་ཞིང། གཞན་མའི་འཁོན་འཛིང་རྣམས་ལ་བབ་འོས་ཀྱི་ཆད་པ་འགེལ། ལས་སྣེ་མོ་རྣམས་ཀྱིས་ཀྱང་ཉེ་རིང་དུ་མ་སོང་བའི་བསྒྲིག་ལམ་གྱི་རྟིང་གནོན་ལས་འབྲས་དང་མཐུན་པར་བྱེད། སྟོན་དཔྱིད་གཉིས་སུ་ལོང་སྐབས་དང་བསྟུན་ནས་ཆོ་ག་ཆོས་སྤྱོད་རྣམས་ཀྱི་འདོན་རྟ་དབྱངས་གར་ཐིག་སོགས་ཕྱག་ལེན་ཕྲ་ཞིབ་གྲྭ་བ་སྐོར་རེ་ལ་སློབ་ཏུ་བཅུག །ཡར་ངོ་མར་ངོའི་གསོ་སྦྱོང་ཆག་མེད་དུ་བྱས་ཏེ། རྒྱུད་ཉེས་ལྟུང་གིས་མ་གོས་པའི་ཐབས་ལ་འབད། གསོ་སྦྱོང་ནམ་ཡིན་གྱི་ཞོགས་ཀའི་ཚོགས་ལ་འདུལ་བ་རྒྱ་མཚོའི་སྙིང་པོ་གསུང་ཞིང། རྒྱུན་གྱི་ཞོགས་ཚོགས་ལ་བླ་མཆོད། འཇིགས་བྱེད་བདུད་ལས་རྣམ་


GTD007_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། གདུགས་ཤེར་སྒྲོལ་གསུམ། སྐབས་སུ་གང་གཙོ་ཆེ་བའི་ཚེ་གཟུངས། སེང་གདོང་མ། ལོ་གྱོན་མ། རྣམ་འཇོམས། ཡིག་དྲུག་སོགས་ཅི་རིགས་བབ་བསྟུན། ལྷུན་གྲུབ་བདེ་སྟོང་མ། རབ་འབྱམས་རྒྱལ་བ་མ། རྣམ་དག་སྨོན་ལམ་མ་རྣམས་གསུངས། ཚོགས་འཚོགས་སྐབས་ཚོགས་བརྡ་བཏང་ནས་མ་འགྱང་བར་ཕེབས་ཤིང་འདུ་ཁང་མཐའ་སྐོར་ནས་ཕྱག་སྐོར་སོགས་ཞལ་འདོན་དང་སྦྲགས་ནས་བྱེད། ནང་དུ་ཕེབས་ནས་ཡ་ཡོར་མ་སོང་བའི་གྲལ་གྱི་བཞུགས་ལུགས། དབུ་མཛད་ཀྱིས་འདོན་པ་གང་བསྐུལ་མགྲིན་གཅིག་དབྱངས་གཅིག་གི་སྒོ་ནས་ཚང་མས་ཁུར་དུ་བཞེས་ཏེ་གསུང་ཚུལ། བཞེས་པ་སོགས་ལ་ཕུ་ཅགས་ཀྱི་སྒྲ་མེད་པར་འདུལ་བ་ལྟར་གྱི་བཞེས་ལུགས་སོགས་སྒོ་ཐམས་ཅད་ནས་དང་བ་འདྲེན་ངེས་པ་བྱེད། ཕར་ཕེབས་ཚུར་ཕེབས་ཀྱི་ཚེའང་ན་བཟའ་མནབ་ལུགས་དང་ཕེབས་ཚུལ་སོགས་སྤྱོད་ལམ་བག་དང་ལྡན་པར་བྱ། རྒྱུན་དུའང་བསྟན་པའི་གཞི་མ་ཆོས་འདུལ་བ་ཁོ་ན་ལ་རག་ལས་པས། ཕྱི་ནང་ཀུན་ཏུ་བསླབ་པའི་བསྲུང་མཚམས་ངོ་ལྐོག་མེད་པ་ལ་འབད་པ་ཉམས་ལེན་གྱི་མཐིལ་དུ་བྱེད། ཚེས་བརྒྱད་བཅོ་ལྔ་གཉིས་ཀྱི་དུས་བཟང་ལ་ཆོས་སྤྱོད་སྨོན་ལམ་འགྲོ་གང་ཆེ་དང། ཉི་ཤུ་དགུ་ལ་བསྐང་གསོ་རྩལ་དུ་འདོན། བཅུ་པའི་ཉི་ཤུ་ལྔ། གཉིས་པའི་ཚེས་ལྔ། བཅུ་པའི་ཉེར་བདུན། དང་པོའི་ཉེར་བདུན་རྣམས་ལ་རྗེ་བདག་ཉིད་ཆེན་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་སྔ་ཕྱི། འདི་ཀའི་བླ་མ་གོང་མ་རྣམས་ཀྱི་དུས་མཆོད་སྔར་རྒྱུན་ལྟར་མ་ཆག་པ་བྱེད། ཟླ་བ་དང་པོའི་སྨོན་


GTD007_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དང། བདུན་པའི་སྨོན་ལམ་གྱི་ཞོགས་ཚོགས་ལ་འཇིགས་བྱེད་བཅུ་གསུམ་མ། ཚ་རྟིང་མར་བརྒྱད་སྟོང་པ་གྲངས་གསོག་དང། བཀའ་འགྱུར་ཀློག་འདོན། གུང་ཚིགས་དང་དགུང་ཇར་ཆོས་སྤྱོད་སྨོན་ལམ་གཙོ་བོར་འདོན། བཞི་པའི་བཅོ་ལྔར་སྨན་བླ་རྒྱས་པའི་དུས་བཟང་གཏོང་ཞིང། དེས་མཚོན་ཏེ་དྲུག་པའི་དྲུག །དགུ་པའི་ཉེར་གཉིས། ཆོ་འཕྲུལ་སོགས་ཀྱི་དུས་ཆེན་རྣམས་སུ་སྨྱུང་གནས། ཕྱག་སྐོར། སཱཙྪ་འདེབས་པ། རྟེན་ལ་མཆོད་འབུལ་སོགས་དགེ་སྒྲུབ་ལ་འབད། བཅུ་གཉིས་པའི་མར་ངོ་ཆོས་སྐྱོང་ཐམས་ཅད་ཀྱི་བསྐང་གསོ་གཟབ་རྒྱས་གཏོང་ཞིང། ལྷག་པར་ཆོས་རྒྱལ་ལ་རྩལ་དུ་བཏོན་ཏེ། གྲུབ་ན་གཏོར་རྒྱག་རྒྱས་པ་དང། དེ་མ་གྲུབ་ཀྱང་ལོའི་དབྱུ་གུ་ཚང་བར་བྱས་ཏེ་དྲུག་ཅུ་པ་གང་མང་བསྟན་པ་སྤྱི་སྒོས་ཀྱི་རིམ་གྲོར་དམིགས་ནས་བསྔོ། སྦྱིན་བདག་གི་མང་འགྱེད་སོགས་ཀྱང་དགེ་འདུན་གྱི་ཕྱོགས་སུ་འགྲོ་ངེས་པའི་དོ་དམ་ལས་བྱེད་རྣམས་ཀྱིས་ཁུར་དུ་ལེན། ནད་པ་ལྟ་བུ་མ་ཡིན་པས་ཚོགས་ལ་མ་ཆག་པར་ཕེབས་ཤིང། ཕེབས་མི་ཐུབ་པའི་དགོས་པ་བྱུང་ཚེ་དགེ་བསྐོས་ལ་དགོངས་པ་ཞུ། ཞག་བཅུ་གྲངས་ལྷག་ཚེ་བླ་མར་ཡང་དགོངས་པ་ཞུ་དགོས་ལ། དགོངས་པ་ཞུས་ཀྱང་གྲོང་ནང་དུ་ཡུན་རིང་མི་སྡོད། མདོར་ན་རྣམ་པ་ཀུན་ཏུ་རང་གིས་ཁས་བླངས་པའི་བཅས་ཁྲིམས་དང། དགེ་འདུན་གྱི་ནང་ཁྲིམས་སྤང་བླང་འཛོལ་མེད་དུ་བྱས་ན་རང་གི་འདི་ཕྱིའི་ལེགས་ཚོགས་ཀྱི་འདུན་མ་ཐམས་ཅད་བདེ་བླག་ཏུ་འགྲུབ་ཅིང། དེ་དག་ལ་ཡི་དམ་ཆོས་སྲུང་རྣམས་ཀྱིས་ཀྱང་མགོན་སྐྱབས་གཡེལ་བ་མེད་པར་མཛོད་ཅིག །ཅེས་ཐུགས་རྗེ་བསྐུལ་བའི་མཚམས་སྦྱོར་ནན་


GTD007_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བགྱིད་ཅེས་གོ་བར་བྱ་བའི་ཡི་གེ་ལྕགས་བྱའི་ཟླ་ཚེས་དགེ་བར་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་ནས་བྲིས་པ་དགེ་ལེགས་འཕེལ། །། །བཀྲ་ཤིས།།


previousཨ་རུ་ཧོར་ཆེན་དགོན་བཀྲ་ཤིས་བསམ་འགྲུབ་གླིང་གི་བཅའ་ཡིགnext