Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཁོར་ལོའི་རྣམ་གཞག་མདོར་བསྡུས།
   
   
   
   
   
   
   
   


 
previousའཁོར་ལོའི་རྣམ་གཞག་མདོར་བསྡུས།next

འཁོར་ལོའི་རྣམ་གཞག་མདོར་བསྡུས།


GTD007_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་རྣམ་གཞག་མདོར་བསྡུས་བཞུགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཁོར་ལོའི་ཁུངས་དང་དམིགས་པ་ཕན་ཡོན་སོགས་མདོ་ཙམ་བརྗོད་ན། སྲུང་བའི་མཆོག་ཏུ་འགྱུར་བ་དང། རིགས་དྲུག་གི་སྐྱེ་སྒོ་འགོག་པ། བར་དོ་གསུམ་སྦྱོང་ཞིང་བཏོན་པ་ལས་ཀྱང་བསྐོར་བ་དག་པས་ཕན་ཡོན་ལྷག་པར་ཆེ་བ་སོགས་སྔ་འགྱུར་ལ་བཤད་པ་ཤིན་ཏུ་མང། གསར་མའི་རྒྱུད་ཀྱི་ཚིག་ཟིན་ལ་ལག་འཁོར་དུ་བྱེད་རྒྱུའི་བཤད་པ་མེད་ཀྱང་ཚད་ལྡན་གྱི་སྐྱེས་ཆེན་དུ་མས་ཕྱག་བཞེས་སུ་བསྟར་ཞིང། མདོ་དབུས་ཀྱི་དགོན་གནས་ཀུན་ཏུ་དར་རྒྱས་སུ་


GTD007_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་ཡིད་ཆེས་ཀྱི་གནས་སུ་གྲུབ་པར་མ་ཟད། མྱུར་བར་འཁོར་བ་རང་ལྷའི་སྔགས། །ཞེས་དང། ཁྱོགས་དང་ཁྲོ་བོའི་བཟླས་པའི་འཁོར་ཚུལ་གཞན་ཡང་ཡོད་ལ། སྔགས་ཀྱི་ཡི་གེ་མར་མེའི་འཕྲེང་བ་བཞིན་དུ་འཁོར་ཚུལ་སོགས་མང་དུ་གསུངས་པ་དང། རྡོ་རྗེའི་ཚིག་སྦྲམ་ལས། མྱུར་མགྱོགས་འཁོར་ལོ་བསྐོར་ན་ཆེ། །ཞེས་སྙིང་གའི་སྔགས་འཕྲེང་འཁོར་བའི་དགོས་པ་བཤད་པ་རྣམས་ཕྱིའི་འཁོར་ལོ་བྲིས་ཏེ་བསྐོར་བའི་ཁུངས་སུ་འགྱུར་ཏེ། ལྷག་པའི་ལྷ་དང་ཆོས་སྐྱོང་མང་པོའི་སྒྲུབ་ཐབས་བེའུ་བུམ་སོགས་སུ་ལས་བཞི་སྒྲུབ་བྱེད་དང། སྲོག་འཁོར་བྲི་ཚུལ་སོགས་བཤད་པ་རྣམས་ནང་དུ་སྒོམ་དོན་གྱི་འགྲོས་དང་བསྟུན་པ་ཡིན་ལ། འདུས་པར། ཨོཾ་ནི་རི་ལུ་ཙ་ན་ཀའ། །ཞེས་སོགས་ནང་གི་རྫས་ཀྱི་ཐིག་ལེ་སྒོམ་ཚུལ་བཤད་པའང་ཐ་སྙད་ཀྱི་སྒོ་ནས་ཕྱིའི་རིལ་སྒྲུབ་ཀྱི་ཁུངས་སུ་ཚད་ལྡན་མང་པོས་གསུངས་པ་དང། ཀུན་གཟིགས་ལྔ་པས་གཟུངས་གཞུག་དབུ་ནས་དྲིལ་བའི་ཁུངས་སྔགས་འཁོར་གྱི་མགོ་ནང་ནས་རྩོམ་པ་ལ་གཏུགས་པ་སོགས་ནང་གི་སྔགས་འཁོར་བསྒོམ་པ་ཕྱིའི་འཁོར་ལོ་བྲི་བའི་ཁུངས་སུ་འགྲོ་ན། སྔགས་འཕྲེང་འཁོར་བར་བཤད་པ་ཕྱིའི་འཁོར་ལོ་བསྐོར་བའི་ཁུངས་སུ་འགྲོ་བ་གདོན་མི་ཟ་བའི་ཕྱིར་རོ། །དམིགས་རིམ་ནི་དེའི་ནང་དུ་ཡོད་པའི་མདོ་དང་གཟུངས་རྣམས་ལས་འོད་ཟེར་སྤྲོས་ཏེ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་མཆོད་པ་ཕུལ། དེ་དག་གི་བྱིན་རླབས་བསྡུས་ཏེ་ཐིམ་ཞིང། ཡང་འོད་ཟེར་


GTD007_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ནས་རང་ལུས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་བྱང་སྟེ་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཞུགས། ཡང་ཕྱོགས་བཅུར་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་ཀྱི་མ་དག་པ་སྦྱངས་ནས་དག་པའི་རྟེན་དང་བརྟེན་པར་གྱུར། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་མདོ་དང་གཟུངས་རྣམས་འུར་འུར་གསུང་ཞིང་ཐུགས་དེ་བཞིན་ཉིད་ཀྱི་ངང་དུ་གྱུར་པར་བསམས་པ་འཁྱེར་སོ་གསུམ་གྱི་རྣལ་འབྱོར་དང། ཡིག་འབྲུ་རྣམས་ལས་རང་སྒྲ་བསྒྲགས་ཏེ་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པའི་དམིགས་པ་བྱས་ན་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་དུའང་འགྱུར་རོ། །ཕན་ཡོན་ནི་དེ་དག་རང་རང་བཀླགས་པ་ལ་ཕན་ཡོན་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་འབྱུང་སྟེ། སྔགས་རེ་གཉིས་ཤིང་བྱང་ལ་བྲིས་ནས་ཐང་འགའ་བསྐོར་བས་ནད་རིམས་སད་སེར་སོགས་ཞི་བ་མངོན་སུམ་དུ་གྲུབ་ན། བསམ་པ་རྣམ་པར་དག་པས་གཟུངས་ཁྱད་པར་ཅན་དུ་མ་བསྐོར་བ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དེ་འདྲ་ལ་རེག་པའི་རླུང་གིས་ཕོག་པ་ཙམ་གྱིས་ཀྱང་སྡིག་སྒྲིབ་ཚན་པོ་ཆེ་བྱང་ཞིང་ཐར་པའི་ས་བོན་བསྐྲུན་པར་གསུངས་པའི་ཕྱིར་རོ། །ཞེས་པ་འདི་ནི་ཧལ་ཧ་ཁུ་རེ་ཆེན་མོའི་གྲྭ་རིགས་དད་ལྡན་དགེ་སློང་བློ་བཟང་བསམ་གཏན་གྱིས་སྐོར་བ་དང་འཁོར་ལོའི་རྒྱུ་མཚན་ཕན་ཡོན་དང་བཅས་པ་ཞིག་དགོས་ཚུལ་ཟེར་ཡང། སྔ་མ་མཆོད་རྟེན་མཐོང་གྲོལ་ཆེན་མོའི་དཀར་ཆག་ཏུ་བཤད་ཟིན་པས། འཁོར་ལོའི་རྣམ་གཞག་ཐོ་ཙམ་ཞིག་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་བྲིས་པའོ།། ༈ བཤེས་གཉེན་བསྟེན་ཚུལ་རིགས་


GTD007_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིའི་སྒོ་ནས་གཏན་ལ་འབེབས་ཚུལ་ནི། དེ་ལ་ཐར་པའི་གོ་འཕང་ནི་འཁྲུལ་པ་ཟད་པ་ཡིན་ཞིང། འཁྲུལ་པ་ཟད་པའི་ངེས་ཤེས་རྙེད་པ་རིགས་པ་བཞིས་གཏན་ལ་འབེབས་པ་དགོས་ཀྱི། མོས་མནོའི་ངེས་པ་ཙམ་ནི་འདམ་ལ་བཏབ་པའི་ཕུར་པ་བཞིན་སོ་མི་ཐུབ་པར་གསུངས་སོ། །དེས་ན་ལམ་གྱི་ལུས་ཐམས་ཅད་དེ་བཞིས་གཏན་ལ་འབེབས་དགོས་པས། ཐོག་མར་བཤེས་གཉེན་བསྟེན་ཚུལ་ལ་མཚོན་ན། ལྟོས་པའི་རིགས་པ་ནི། བཀའ་གདམས་གོང་མ་རྣམས་མིག་གིས་བལྟས་པས་སོང་ན་ཆོག་པ་ལའང་ལམ་མཁན་དགོས་ན། ཐར་པར་བགྲོད་པ་ལ་བླ་མ་མེད་ཐབས་མེད་པས་རྣམ་གྲོལ་སྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་གསུངས་པ་བཞིན། ལོང་བ་ལམ་མཁན་ལ་ལྟོས་པ་ལྟར་ཐར་པར་བགྲོད་པ་བླ་མ་ལ་ལྟོས་པར་བསྒྲུབས་པ་ཡིན། བྱ་བ་བྱེད་པའི་རིགས་པ་ནི། རྣམ་འགྲེལ་ལས། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་རྫུན་མི་གསུང། །ཞེས་པ་ལྟར་སྟོན་པ་སངས་རྒྱས་ནས་བཟུང་བླ་མ་རྣམས་གཞན་དོན་ཁོ་ནར་ལམ་ལ་གོམས་པས་འཇིགས་པ་ཐམས་ཅད་དང་བྲལ་ཞིང་འབྲས་བུ་མངོན་དུ་བྱས་པ་ན་དོན་དེ་གདུལ་བྱ་ལ་གདམས་པ་ཡིན་པས་བཀའ་བཞིན་བསྒྲུབས་ན་དོན་གཉིས་ཀྱི་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ་པར་གདོན་མི་ཟ་བ་ཡིན། འཐད་པས་སྒྲུབ་པའི་རིགས་པ་ནི། རྟེན་འདིར་ཟས་ཁམ་གཅིག་ལ་སྤྱོད་པའང་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་མི་འབྱུང་བས། རིན་ཆེན་འཕྲེང་བར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །


GTD007_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ལྟར་ཟས་སྦྱིན་འབྲས། སྤྱོད་པའི་རྟེན་ཚུལ་ཁྲིམས། འཚེ་བ་མེད་པ་བཟོད་པ་སོགས་ཀྱིས་ཡིན་ལ། དེ་དག་ཤེས་པའི་ཤེས་རབ་ལྷན་སྐྱེས་སུ་མི་འབྱུང་བས་སྟོན་མཁན་ཞིག་དགོས་པས། བླང་དོར་སྟོན་མཁན་དེ་ཉིད་བླ་མ་ཡིན་པས། བླ་མ་ལེགས་ཚོགས་ཀུན་གྱི་རྩ་བར་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཀྱིས་བསྒྲུབས་པ་ཡིན། ཆོས་ཉིད་ཀྱི་རིགས་པ་ཞེས་པ་སྟོང་ཉིད་ཁོ་ན་ལ་བྱེད་མི་དགོས་པར། མེ་གྱེན་དུ་འབར་བ་དང། ཆུ་ཐུར་དུ་འབབ་པ་ཆོས་ཉིད་དུ་གྲགས་པ་ལྟར་འཆོལ་བ་མེད་པ་ཡིན་ཞིང། དེའང་ལུང་ལས། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། །གསུངས་པ་བཞིན་རང་གི་བླ་མ་ཚུལ་བཞིན་དུ་བཀུར་ན་རང་ཉིད་འགྲོ་བ་ཀུན་གྱི་མགོན་དང་གཙུག་རྒྱན་དུ་འགྱུར་བ་རྒྱུ་འབྲས་རྟེན་འབྱུང་མི་བསླུ་བའི་ཆོས་ཉིད་ཡིན་ཞིང། འདིའང་མཐར་གཏུགས་ན་རྩ་ཤེ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་པ་ལྟར་ཆོས་ཉིད་སྟོང་པ་ཉིད་དངོས་ལའང་ཐུག་ཡོད་པས། འདི་ལེགས་པར་གོ་ན་བསྟན་པ་མཐའ་དག་གི་གནད་ལ་ངེས་པ་སྐྱེའོ། །ཞེས་པ་འདི་ནི་བྱང་ཕྱོགས་ཐོར་གོད་ཀྱི་ཡུལ་ནས་འོངས་པ་དད་བརྩོན་བློ་དང་ལྡན་པའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཞེས་སོགས་ལྟར་ལམ་གྱི་ལུས་ཡོངས་རྫོགས་རིགས་པ་བཞིས་གཏན་ལ་འབེབ་ཚུལ་གྱི་དཔྱད་པའི་སྒོ་འབྱེད་བྱེད་ལྟ་བུ་བཤེས་གཉེན་བསྟེན་ཚུལ་ལ་སྦྱར་བ་ཞིག་དགོས་ཟེར་བ་བཞིན། ༸བཙུན་པ་


GTD007_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། ༈ དད་པ་གསུམ་སྒོམ་ཚུལ་མདོར་བསྡུས་ཏེ། སྲས་བཅས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །འདི་ཕྱིའི་ལེགས་ཚོགས་མ་ལུས་འབྱུང་བའི་གནས། །བཀའ་བཞིན་བསྒྲུབས་ན་འདོད་དགུའི་མཆོག་སྦྱིན་པ། །བསླུ་མེད་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །ཞེས་རྩ་ཚིག་གི་སྟེང་ནས་གཤར་སྒོམ་དང་སྦྲགས་ཏེ་བྱ། ཟས་གོས་གནས་མལ་ནོར་ལོངས་སྤྱོད། ཐ་ན་མེ་ཏོག་གི་ཚལ་ཆུ་གཙང་ཚུན་ཆད་མཐོང་ཚེ། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཡིད་འོང་མཆོད་པའི་འོས་སུ་གྱུར་པ་ཀུན། །བསོད་ནམས་ཞིང་མཆོག་བླ་མ་ལྷ་ལ་དབུལ། །བརྩེ་བས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བླ་མ་ལ་མཆོད་པར་འབུལ། ཆགས་སྡང་གི་རྟོག་པ་ངན་པ་དང་ནད་གདོན་གྱི་ཉེར་འཚེ་སོགས་བྱུང་བའི་ཚེ། ཀྱེ་མ་ཀྱེ་མ་མགོན་པོ་ཐུགས་རྗེ་ཅན། །ཁྱོད་མིན་སྐྱབས་གཞན་ནམ་ཡང་མི་འཚལ་བས། །མྱུར་བ་མྱུར་བར་ཐུགས་རྗེས་བརྩེར་དགོངས་ཏེ། །སྲིད་ཞིའི་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་གདབ། སྙིང་གའི་པདྨར་གཉུག་མའི་རླུང་སེམས་དང། །དབྱེར་མེད་ཞུགས་པ་བླ་མའི་བྱིན་རླབས་ཀྱིས། །ཕྱིན་ཅི་ལོག་གི་རྟོག་པ་ཀུན་ཞི་ཞིང། །ཟབ་རྒྱས་ལམ་བཟང་མངོན་དུ་འགྱུར་བར་ཤོག །ཅེས་པའི་སྟེང་ནས་རྒྱུན་དུ་བླ་མའི་སྣང་བ་དང་མི་


GTD007_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་ཞིང་། འོག་ནས་འབྱུང་བའི་མདོ་སྔགས་ཀྱི་ལམ་ཀུན་ལ་རྩ་འགྲེལ་གུང་བསྒྲིགས་ཏེ་བག་ཆགས་ཅི་ཐེབས་བྱ། དེའི་ངང་ནས་གཞན་ལ་ཆོས་བཤད་དང་བྱིན་རླབས་སོགས་བྱེད་པའི་ཚེ། ཀྱི་ཧུད་ལོང་བས་ལོང་ཁྲིད་མི་ནུས་པས། །བདག་ལ་རེ་ལྟོས་འཆའ་བ་འདི་དག་ཀུན། །འདྲེན་པ་ཁྱོད་ཀྱིས་ཐུགས་རྗེའི་ཕྱག་བརྐྱང་སྟེ། །བདེ་ཆེན་ཐར་པའི་ས་ལ་དྲང་དུ་གསོལ། །ཞེས་སྙིང་གར་བཞུགས་པའི་བླ་མ་ལ་གསོལ་བ་འདེབས་ཤིང་དེས་བྱིན་གྱིས་བརླབས་པར་བསམས། ཞེས་བླ་མའི་རྣལ་འབྱོར་གྱི་མན་ངག་སྙིང་པོའི་རྩ་ཚིག་གི་དགོངས་དོན་ལག་ལེན་དུ་འདེབས་ཚུལ་ཤིན་ཏུ་མདོར་བསྡུས་པ་ཞིག་དགོས་ཞེས་གཡིའི་སྨད་ཀྱི་བླ་མ་ལྷག་བསམ་རྣམ་དཔྱོད་ཡངས་པ་ངག་དབང་རྣམ་རྒྱལ་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཐེ་བོའི་ཆུ་ཚན་ཁར་བྲིས་པའོ།། ༈ འདུན་སྟོབས་དང་རླུང་སྟོབས་ཞེས་པ་རླུང་གི་རྣལ་འབྱོར་གོམས་ཏེ་ཞུགས་གནས་ཐིམ་གསུམ་ཇི་བཞིན་བྱུང་བའི་ཚེ་གཉིད་དུ་འགྲོ་ཁ་ལྟ་བུར་སྡུད་རིམ་གྱི་དམིགས་པས་སྟོང་བཞི་རིམ་གྱིས་དྲངས་ནས་མཐར་ཐམས་ཅད་སྟོང་པ་འོད་གསལ་གྱི་ཚེ་ཆོས་སྐུ་ལ་ང་རྒྱལ་འཇོག་ཅིང། དེ་ལས་ལུགས་ཟློག་ཏུ་ལངས་ཏེ་རྨི་ལམ་གྱི་སྣང་བ་ཤར་བ་ན་ལོངས་སྐུའི་ལམ་འཁྱེར་དང། སད་པར་རྩོམ་པ་ན་སྤྲུལ་སྐུའི་ལམ་འཁྱེར་ཏེ་གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ་གསུངས་པ་དང། དུས་ཀྱི་འཁོར་ལོར་སད་རྨི་གཉིད་མཐུག་གི་ཐིག་ལེ་སོ་སོར་སེམས་གཏད་དེ་དེར་རླུང་བསྡུས་པ་


GTD007_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཉིད་ཆོས་སྐུ། རྨི་ལམ་ལོངས་སྐུ། སད་པ་སྤྲུལ་སྐུའི་ལམ་འཁྱེར་གསུམ་གྱི་དགེ་སྦྱོང་རྣལ་མ་བྱུང་ཚུལ་བཤད་པ་རྣམས་ནི་རླུང་སྟོབས་ཀྱིས་ཡིན་ལ། རླུང་སྡུད་རིམ་སོགས་ཇི་བཞིན་བྱེད་མི་ཐུབ་ནའང། དཔེར་ན་ད་ལྟ་རང་རེས་ནངས་པར་སྔ་བར་ལྡང་སྙམ་དུ་འཕེན་པ་བཏང་བའི་སྟོབས་ཀྱིས་དུས་ཚོད་དེར་སད་པ་བཞིན། ཉིན་པར་ནས་གཉིད་དུས་ཀྱི་དགེ་སྦྱོར་དེ་དག་སྐྱོང་རྒྱུའི་འདུན་པ་ཡང་ཡང་གཏོང་ཞིང། སྣང་བ་མཐའ་དག་ལ་རྨི་ལམ་དང་བར་དོའི་སྣང་བའོ་སྙམ་དུ་བལྟས་ན་སྐབས་དེ་དག་ཏུ་དེ་ལྟར་ཤར་ནས་དགེ་སྦྱོར་གྱི་འཕྲོ་སྐྱོང་ཐུབ་པ་འབྱུང་བ་ནི་འདུན་སྟོབས་ཡིན། འཕོ་བའང་སྒོ་གཞན་རྣམས་ཡི་གེ་སོགས་ཀྱིས་བཀག་སྟེ་འོག་རླུང་གྱེན་དུ་བཟློག་པའི་ཤུགས་ཀྱིས་རྣམ་པར་ཤེས་པ་སྤྱི་གཙུག་གསེར་གྱི་སྒོ་ནས་ལྷག་པའི་ལྷའི་ཐུགས་ཀར་དངོས་སུ་འཕེན་པ་རླུང་སྟོབས་དང་། རླུང་གི་ནུས་པ་དེ་ལྟར་དངོས་སུ་མ་ཐོན་ཡང་དེ་ལྟར་འཕོ་འདོད་ཀྱི་འདུན་པ་ཡང་ཡང་སྦྱངས། དེའི་དོན་དུ་ཚོགས་བསགས་ཤིང་གསོལ་བ་ཡང་ཡང་བཏབ་སྟེ་དེའི་ཐུགས་ཀར་འཕོས་པའི་མོས་པ་རྒྱུན་ཆགས་སུ་བྱས་པའི་མཐུས་འཕོ་བ་འབྱོངས་པ་ནི་འདུན་སྟོབས་ཡིན་ཏེ། མཐའ་ཆོད་པར་རྫོགས་རིམ་གྱི་ཡི་གེ་ཆེན་མོ་རྣམས་དང་དམ་པའི་གསུང་བགྲོས་ལས་ཤེས་པར་བྱའོ། །ཞེས་པ་འདིའང་ཅཱུན་གར་ཤོག་གི་དགེ་སློང་དཀོན་མཆོག་དཔལ་བཟང་གི་མོས་འདུན་བཞིན་སྩལ་བའོ།། ༈ བདེ་གསང་འཇིགས་གསུམ་ཡ་མ་བྲལ་ཞེས་པ་ཇི་ལྟར་ཡིན་དྲིས་པའི་ལན་ནི།


GTD007_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་བདེ་གསང་འཇིགས་གསུམ་ཡ་མ་བྲལ་ཞེས་པ་ནི་ཆ་ཐམས་ཅད་ནས་སྦྱར་བ་མིན་གྱི། སྤྱིའི་འགང་བསྒྲིག་པའམ་དོད་ཐུབ་བརྩིས་ན་ལེགས་པར་རིམ་ལྔ་གསལ་སྒྲོན་ལས་གསུངས་པ་བཞིན་ཏེ། རྣམ་པ་ཐམས་ཅད་མཚུངས་དགོས་ན་ཆེད་དུ་བྱ་བའི་གདུལ་བྱ་ཁམས་ཐ་དད་པ་ལ་སོ་སོར་གསུངས་པ་དོན་མེད་དུ་འགྱུར་བའི་ཕྱིར། འོན་ཀྱང་འཇིགས་བྱེད་ལྟ་བུའི་ཉམས་ལེན་ལ་མཚོན་ན་མཐར་ཐུག་ཟུང་འཇུག་གི་གོ་འཕང་སྒྲུབ་པའི་ཐབས་སུ་འགྲོ་དགོས་ཤིང། ཟུང་དུ་འཇུག་རྒྱུའི་སྒྱུ་མའི་སྐུ་དང་འོད་གསལ་གྱི་ཐུགས་གཉིས་ལས། སྔ་མའི་སྒྲུབ་གཞི་ལུས་ངག་ཡིད་གསུམ་རགས་ཕྲ་ཤིན་ཏུ་ཕྲ་བ་འབྱེད་ཚུལ། དེ་ལས་སྒྱུ་མའི་སྐུར་ལྡང་ལུགས། མ་དག་པའི་སྒྱུ་མ་འོད་གསལ་གྱིས་སྦྱངས་ཏེ་དག་པའི་སྒྱུ་མའི་སྐུ་འགྲུབ་ཚུལ་སོགས་མཐའ་ཆོད་པ་འདུས་པ་ལ་མ་བརྟེན་པར་ཤེས་མི་ནུས། འོད་གསལ་གྱི་ཐུགས་འགྲུབ་བྱེད་ཕྱི་ནང་གི་ཕྱག་རྒྱའི་མཚན་ཉིད། རིགས་སོ་སོའི་བརྟག་ཚུལ་དང་བསྟེན་ཐབས། དགའ་བཞི་དང་སྟོང་བཞི་སྤྲོད་ལུགས་སོགས་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་ཆ་ཚང་བ་འཁོར་ལོ་སྡོམ་པ་ལ་མ་བརྟེན་པར་རྟོགས་ཐབས་མེད་པས་དེ་གཉིས་ཀྱི་མན་ངག་ཚུར་བླངས། རང་གི་སྒོས་ཆོས་འཁྲུལ་འཁོར་སོགས་ཀྱིས་སྡིག་པོ་ཆེ་བཙན་ཐབས་སུ་སྐྱོབ་པ་དང། བར་ཆད་སེལ་ཞིང་མཐུན་རྐྱེན་རྣམ་འབྱེད་ཀྱི་ཤེས་རབ་སྒྲུབ་པ་ཞི་ཁྲོ་སྦྲགས་སྒྲུབ་སོགས་སུམ་དྲིལ་དུ་བྱེད་པ་ཡིན་པས། སྔ་མ་གཉིས་གཙོ་བོ་རྫོགས་རིམ་གྱི་དུས་ཡིན་ཀྱང་སྒྱུ་མའི་སྐུ་བསྒྲུབ་


GTD007_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད་ཐམས་ཅད་ཀྱི་གཞི་རེ་བསྐྱེད་རིམ་སྐབས་བར་དོ་ལོངས་སྐུའི་ལམ་ཁྱེར་དུ་ཚང་དགོས་པ་དང། འོད་གསལ་བསྒྲུབ་པའི་གནད་རྣམས་འཆི་བ་ཆོས་སྐུའི་ལམ་ཁྱེར་དུ་གཞི་ཐེངས་དགོས། དེ་བཞིན་དུ་ཟུང་འཇུག་གི་གནད་ཀྱང་ཕྱག་རྒྱ་འདུ་བྱ་བ་སོགས་ཅི་རིགས་ཀྱི་ཁོངས་ནས་འབྱུང་དགོས་པ་བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་རིམ་གྱི་མན་ངག་ལས་ཤེས་དགོས་པར་དྲིལ་བུ་ཞབས་ཀྱིས་གསུངས་པ་ལྟ་བུ་ཡིན། འདུས་པའི་ལྷག་མོས་འོད་གསལ་དུ་སྡུད་ལུགས་ནི་དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་འཆར་སླ་ཞིང་བྱིན་རླབས་མྱུར་བའི་བོགས་འབྱིན་པ་ཡིན་ཀྱང། དགོས་པ་སྣོད་བཅུད་འོད་གསལ་དུ་སྡུད་པ་རང་ཡིན་པས། འདིས་གདུལ་བྱས་ལྷའི་རྣམ་པར་མ་བྱས་ཀྱང་སྡུད་རིམ་གྱི་དམིགས་པས་འོད་གསལ་འདྲེན་ཐུབ་པས་དགོས་པ་གྲུབ་པ་དེ་ཉིད་ཀྱིས་ཆོག །འབྱུང་བཞིའི་ཐིམ་རིམ་འདིར་ཡང་གསལ་བས་དེའི་ཚེ་རགས་པ་ཉེར་ལྔ་ཚན་ཚན་དུ་བསྡེབས་པའི་ཐིམ་ལུགས་དོན་གྱིས་འགྲུབ། ལུས་དཀྱིལ་ཡོད་མེད་དང་ཡོད་ཀྱང་ཁམས་ཕྲ་རགས་ལས་སྒྲུབ་ཚུལ་མི་འདྲ་བ་རང་རང་གི་སྒོས་ཆོས་ཡིན་པས་ཕན་ཚུན་སྦྱར་མི་དགོས། ཕུང་ཁམས་རྣམས་སྐབས་འདིའི་གཤེགས་པ་དང་གཤེགས་མར་མོས་དགོས་པ་དག་པའི་སྐབས་དང་ལས་རྒྱལ་མཆོག་གི་སྤྲོས་བསྡུས་ཀྱང་ཤེས། དཔའ་གཅིག་ལའང་སྐབས་ཐོབ་ཏུ་ཡུམ་གསལ་བཏབ་པས་གསང་མཆོད་སོགས་བྱེད་དགོས་པར་ཀུན་མཁྱེན་འཇམ་དབྱངས་བཞད་པས་གསུངས། ལིདྒ་ལི་ཡ་ཏེ་ཞེས་པ་ཐིམ་


GTD007_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཇུག་པས་ཡུམ་གསལ་མ་བཏབ་ཀྱང་མཚན་མ་གྱེན་འགྲེང་གི་དམིགས་པས་བདེ་ཆེན་འདྲེན་པ་ཞིག་ཀྱང་ཡོད་པར་སྣང། རྒྱུད་སྡེ་བཞི་གདུལ་བྱའི་རིམ་པས་ཉམས་སུ་ལེན་ཚུལ་གྱིས་ཕྱེ་བ་ལས། ལྷ་ངོ་བོ་ཐ་དད་པ་དང་མཆོག་དམན་དུ་མི་རུང་བ་དཔེར་ན་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་འཇམ་དཔལ་གསང་ལྡན་སོགས་ལྷ་གཅིག་རྒྱུད་སོ་སོ་ལྟར་དུ་ཉམས་སུ་ལེན་ཚུལ་འབྱུང་བས་ཤེས་དགོས། བླ་མེད་ཀྱི་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་དེ་བརྟན་གཡོ་རབ་འབྱམས་ཀྱི་རྣམ་པར་འཆར་ན་བྱ་རྒྱུད་ཀྱི་ལྷའི་རྣམ་པར་ཅི་ལ་མི་འཆར། སྨྱུང་གནས་སོགས་ཀྱི་དུས་བླ་མེད་ཀྱི་ལྷ་ལྟ་བུ་མི་སྒོམ་ཞེས་པ་ལས་དང་པོ་པ་ལ་སྐབས་དེར་ལྷ་གཅིག་ཆོས་གཅིག་ཏུ་དྲིལ་ན་ཅུང་ཟད་ཕན་ཐོགས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་མི་རུང་བ་མིན། འདི་འདྲའི་ལྷའི་རྣལ་འབྱོར་དང་དེའི་ནང་ནས་ཀྱང་གཙོ་འཁོར་མཆོག་དམན་ཕྱི་ནང་གི་རྣམ་པ་སོགས་མཐའ་དག་ཆོས་དབྱིངས་སུ་རོ་གཅིག་པའི་སྟོང་ཉིད་ཀྱི་གོ་བ་གཏིང་ཚུགས་པ་ལ་རག་ལས་པར་སྔགས་རིམ་གྱི་བཟླས་པའི་ཐད་དུ་གསུངས་པ་ལྟ་བུ་ཡིན། བླ་མེད་ཀྱི་སྐབས་ཆོས་གཟུགས་ཀྱི་སྐུའི་བསྒྲུབ་གཞི་ཐུན་མོང་མ་ཡིན་པ་རང་ཆས་སུ་ཡོད་གསུངས་པ་གཉུག་མའི་རླུང་དང་སེམས་ལ་བྱེད་དགོས་ཀྱི། རང་བཞིན་གནས་རིགས་ནི་དེ་སྒྲུབ་པའི་རྟེན་བྱེད་པ་ཙམ་ཡིན་ཀྱང་ཕར་ཕྱིན་ཐེག་པ་དང་ཐུན་མོང་བ་ཡིན་ལ། སྔ་མ་ནི་མདོར་མ་ཟད་རྒྱུད་སྡེ་འོག་མ་གསུམ་ལས་ཀྱང་གསལ་བར་མི་འབྱུང་བར་སྤྱོད་བསྡུས་སུ་གསུངས། རླུང་དང་


GTD007_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོའི་རྣལ་འབྱོར་སྒོམ་ཚུལ་ཚིག་ཉུང་ངུས་མི་རྫོགས་ཤིང་རྒྱས་པ་བྲི་མ་ཁོམ་པས། དེའི་ཁྲིད་ཡིག་རྣམས་སུ་གཟིགས་ན་ལེགས། ༈ ཡང་དྲིས་ལན་ཞིག་ནི། བསྐྱེད་རིམ་མཚན་ཉིད་པར་འགྲོ་བ་ལ་གཞིའི་སྐུ་གསུམ་དང་རྣམ་པ་མཐུན་ཞིང། ལམ་དང་འབྲས་བུའི་དེ་དང་དེའི་སྨིན་བྱེད་དུ་འགྲོ་བ་ཞིག་ངེས་པར་དགོས་པས། འདུལ་འཛིན་གྱི་འཁོར་ཆེན་སྒྲུབ་ཐབས་སུ་ལོངས་སྐུའི་ལམ་འཁྱེར་མ་གསུངས་པ་ལ་ཤེར་འབྱུང་པ་དང་རོང་སྟོན། ཡེ་ཤེས་རྩེ་མོ། ལྕང་སྐྱ་གོང་མ་སོགས་མང་པོས་དགག་གཞག་དང་ཁ་སྐོང་མཛད་དེ། དེ་གསུམ་ཚང་བ་མེད་མི་རུང་ཡིན་པར་གསུངས། འོན་ཀྱང་ཚེམ་བུ་དམར་ཁྲིད་འདི་ལ་རིམ་གཉིས་ཀྱི་གནད་ཚང་ངོ་ཞེས་གསུང་བཞིན་དུ་སྐུ་གསུམ་ལམ་འཁྱེར་གྱི་རྣམ་གཞག་ཚད་མའི་སྐྱེས་བུ་གོང་མ་སུས་ཀྱང་ཁ་མ་བསྐང་འདུག་པས། དགོངས་པ་བརྟགས་ན་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྙིགས་དུས་ལྷག་པར་འགྲུབ་སླ་བའི་སྙིང་རྗེའི་ལྷ་ཡིན་གཤིས། བློ་དམན་པ་རྣམས་ཀྱིས་ཀྱང་དེའི་སྒོ་ནས་རིམ་གཉིས་ལ་མོས་བློ་རེ་ཙམ་བྱེད་པའི་ཐབས་སུ་བླ་མེད་ཀྱི་ལམ་གྱི་འགྲོ་ལུགས་ཕྱོགས་ཙམ་དང་སྦྱར་ནས་གསུངས་པ་ཡིན་འདུག་པས། ལས་དང་པོ་པས་རེ་ཞིག་འདི་ཙམ་ལ་རིམ་གཉིས་ཀྱི་གནད་ཚང་ངོ་སྙམ་དུ་ཡིད་ཆེས་ཀྱིས་སྒོམ་སོང་ན་མཚམས་ཤིག་ཏུ་ལྷའི་བྱིན་རླབས་ཞུགས་པས་ཉམས་རྟོགས་འཕེལ་ཏེ། དེ་བཞིན་ཉིད་ལས་བྱང་ཆུབ་པ་དེའང་འཆི་དུས་ཀྱི་སྡུད་རིམ་ལྟ་བུས་སྟོང་པ་


GTD007_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཚབས་ཆེ་བས་ཆོས་སྐུའི་ལམ་འཁྱེར་རྣལ་མར་འོང་ལ། དེ་བྱུང་ན་ས་བོན་ལས་བྱང་ཆུབ་བར་ལོངས་སྐུའི་ལམ་འཁྱེར་མཚན་ཉིད་པ་སོགས་ལྷག་མ་རྣམས་ཀྱང་ངེས་པར་འབྱུང་སྟེ། དཔེར་ན་ཤཱནྟི་པ་སོགས་སེམས་ཙམ་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས་ལྷན་སྐྱེས་ཀྱི་བདེ་བ་དང་རྣམ་རིག་ལུགས་ཀྱི་སྟོང་པ་སྦྱར་ནས་བསྒོམས་ནའང་རྟོགས་པ་ཇེ་མཐོར་སོང་ཚེ་འཛིན་སྟངས་འགྱུར་ནས་དབུ་མའི་ལྟ་བར་འགྲོ་ཚུལ་གསུངས་པ་བཞིན་ནོ། །དེས་ན་དམ་པ་གོང་མ་རྣམས་བློ་མཆོག་དམན་ཀུན་ལ་ཕན་གདགས་པའི་ཐབས་མཁས་སུ་འདི་བཞིན་མཛད་པ་ཡིན་པས། སྐུ་གསུམ་ལམ་འཁྱེར་གསལ་བར་མ་ཐོན་ཕྱིན་བསྐྱེད་རིམ་གྱི་གནད་ཚང་བར་མི་འགྲོ་སྙམ་དུ་ཡིད་མི་ཆེས་པའང་མི་རུང་ལ། སྐུ་གསུམ་ལམ་འཁྱེར་གཏན་མི་དགོས་སྙམ་དུ་རྒྱང་བསྐྱུར་ཡང་མི་བྱེད་པར། མདོ་སྡེ་རྒྱན་ལས་སྒོམ་ཚུལ་དྲུག་གི་ནང་གི་སྨོན་པའི་རྣམ་པས་བསྒོམ་ལུགས་གསུངས་པ་བཞིན་ཐོག་མར་དངོས་ཟིན་གྱི་སྒོམ་ཚུལ་འདི་བཞིན་བྱས་ལ། རིམ་གྱིས་བསྐྱེད་རིམ་མཚན་ཉིད་ཚང་བའི་རྟོགས་པ་སྐྱེ་བར་ཤོག་ཅིག་སྙམ་དུ་དམིགས་འོག་ཏུ་བཅུག་སྟེ་བསྒོམ་དགོས་པ་ཡིན་ནོ།། ༈ ཚེམ་བུ་བའི་རྫོགས་རིམ་སྒོམ་ཚུལ་སྤྲོས་བྲལ་གྱི་རྣལ་འབྱོར་སྐྱོང་བ་ཙམ་ལས་མ་མཐོང་ལ། ཕྱོགས་མཐུན་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་སྒོམ་ཚུལ་ཡང་མི་ཏྲའི་རྒྱ་གཞུང་དོན་ཡོད་རྡོ་རྗེས་བསྒྱུར་བ་གོང་འོག་ཕལ་ཆེར་གྱི་སྒྲ་འགྲོས་བོད་སྔ་མའི་ལྟ་བ་སྐྱོང་ཚུལ་དང་འདྲ་བ་ཞིག་འདུག་པས་དགོངས་གཞི་རྟོགས་དཀའ་ལ། འོན་ཀྱང་སྒྱུ་འོད་ཟུང་


GTD007_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྒྲུབ་པའི་དབང་གོང་མ་གསུམ་སྤྱི་དང་མཐུན་པའི་གཏན་ཚིགས་ཀྱིས་དེའི་བསྒྲུབ་གཞིའི་བདེན་པ་གཉིས་ཀྱི་རྫོགས་རིམ་སོགས་ཀྱང་སྤྱི་དང་མཐུན་དགོས་པར་འགྲུབ་བོ། །དེས་ན་ཁ་སྐོང་ཚུལ་ཡང་མ་རྒྱུད་སྒྱུ་ལུས་སྒྲུབ་ཚུལ་མི་གསལ་བ་རྣམས་ལ་འདུས་པའི་རྒྱུད་ཀྱིས་ཁ་འགེངས་དགོས་པ་དང། ཕ་རྒྱུད་ཕྱི་ནང་གི་རྐྱེན་གྱིས་འོད་གསལ་སྒྲུབ་ཚུལ་མི་གསལ་བ་རྣམས་ལ་འཁོར་ལོ་སྡོམ་པ་སོགས་ཀྱིས་ཁ་འགེངས་དགོས་པར་གསུངས་པས། འདིར་ཕྱོགས་གཉི་ག་ནས་ཅི་རིགས་པར་ཁ་འགེངས་དགོས་ཤིན་ཏུ་མང་ངོ་། །དེའི་རྒྱུ་མཚན་གྱིས་རྫོགས་རིམ་སྒོམ་ཚུལ་ཡང་རེ་ཞིག་དམ་པ་གོང་མས་ཐབས་མཁས་ཀྱིས་བཀྲི་ཚུལ་མདོར་བསྡུས་མཛད་པ་འདི་བཞིན་བསྐྱངས་ན་ལེགས་ཀྱི། གསང་བདེ་འཇིགས་གསུམ་སོགས་རྗེ་ཡབ་སྲས་ཀྱིས་གབ་དཀྲུགས་མེད་པར་ལེགས་བཤད་ཐང་མར་བརྡལ་ཡོད་པ་རྣམས་ཀྱང་བློས་འཆུན་དཀའ་ན། ས་འོག་གི་གཏེར་ལྟ་བུར་སྦས་ནས་ཡོད་པ་རྣམས་ཆ་ཚང་བར་བྱས་ཏེ་ལག་ཏུ་ལོན་པ་དཀའ། དེའི་གནད་ཀྱིས་རྫོགས་རིམ་བསྒོམ་ཚུལ་ས་བོན་ཙམ་འདི་རེ་ཞིག་བསྐྱངས་ཏེ་ཚོགས་གསོག་སྒྲིབ་སྦྱང་ཡ་མ་བྲལ་བ་བྱས་ལ། རིམ་པ་གོང་མ་གོང་མའི་རྟོགས་པ་ཇི་ལྟ་བ་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་སྨོན་ལམ་གྱི་རྣམ་པས་བསྒོམ་པར་བྱས་ཚེ་ཉམས་རྟོགས་རྣལ་མ་སྐྱེ་ལུགས་དཔེ་དང་བཅས་གོང་དུ་བཤད་པ་བཞིན་ནོ། །འདིར་བྲོ་འཚལ་བ་དང་ཐུག་པས་དཔྱོད་པའི་སྒོ་མདོར་བསྡུས་ཙམ་བྲིས་པ་ཡིན་གྱི། སོ་སོའི་རྒྱུ་མཚན་མཐའ་ཆོད་པར་ཤེས་འདོད་ན་རྗེ་བླ་མའི་


GTD007_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་རྒྱ་མཚོ་ལྟ་བུ་ལས་བཙལ་བར་བྱའོ། །འདི་ནི་ཚེམ་བུ་དམར་ཁྲིད་འདི་ལ་རིམ་གཉིས་ཚང་བར་གྲགས་ཀྱང་སྐུ་གསུམ་ལམ་འཁྱེར་སོགས་ཇི་བཞིན་མི་འདུག་པས། རིམ་པ་གཉི་གའི་གནད་ཚང་ངེས་པར་བྱས་ཏེ་ལག་ཏུ་ལེན་ཚུལ་ཞིག་དགོས་ཞེས་ཞུས་པའི་ལན་དུ་སྩལ་བའོ།། ༈ ཀན་ཀོའི་དགོན་གྱི་ལོ་རྒྱུས་མདོར་བསྡུས་ནི། དགེ་ལེགས་འོད་ཀྱིས་ས་གསུམ་པདྨོའི་ཚལ། །ཤིས་པར་བསྒྲུབས་པ་སྐྱབས་གསུམ་ནམ་མཁའི་ནོར། །སྐྱེ་དགུའི་ལེགས་བྱས་ཡངས་པའི་ལྷ་ལམ་དུ། །རོལ་པའི་དགེ་མཚན་གཡོ་བ་མེད་གྱུར་ཅིག །དཀོན་མཆོག་རྟེན་གྱི་འབྲས་བུས་སྤ་བ་ཡི། །ལྷ་ཡི་ཁང་བཟང་ཡངས་པའི་དཔག་བསམ་ལྗོན། །བསོད་ནམས་གྲིབ་བསིལ་སྣུམ་པོ་ཁོར་ཡུག་ཏུ། །འབེབས་པའི་སྐལ་བཟང་བསོད་ནམས་ཟོང་གིས་བསྐྲུན། །དད་པས་ཕྱེ་བའི་འདྲེན་བྱེད་གསེར་གྱི་སྐྱོག །བྱིན་རྟེན་རྒྱ་མཚོར་བཅུག་སྟེ་བྱིན་རླབས་ཀྱི། །ཆབ་རྒྱུན་རང་རྒྱུད་དད་པའི་ཞིང་ས་ལ། །འགྲེམ་པའི་སྐྱེ་བོ་དེ་དག་སྐལ་བ་བཟང། །དེ་ཡང་ཀན་ཀོའུ་དགོན་ཞེས་གྲགས་པ་གནས་རི་རིན་ཆེན་སྤུངས་པ་ལྟ་བུ་བྲག་རྩེ་མོ་མཐོ་ཞིང་ཨ་ཀ་རུའི་ནགས་ཚལ་དང་དྲི་ཞིམ་པའི་མེ་ཏོག་སྣ་ཚོགས་པ་དང། དྭངས་ཤིང་བསིལ་བའི་ཆུ་མིག་དུ་མ་སོགས་ཀྱིས་བརྒྱན་པ། དམ་པ་མང་པོས་ཞབས་ཀྱིས་བཅགས་པའི་གནས་ཆེན་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱི་ནང་རྟེན་གྱི་ལོ་རྒྱུས་ནི། སྔོན་ཡུང་ལོ་རྒྱལ་པོའི་དུས་ཟུན་གྱི་མི་གཅིག་ཕྱུགས་འཚོར་ཕྱིན་པས། བྲག་ཁ་བྱང་བསྟན་ཞིག་གི་ངོས་ན་རི་བོང་གཉིས་འགྲོ་འོང་བྱེད་ཅིང་སྲོག་ཆགས་གཞན་མེད་པ་ལ། བྲག་ནང་ནས་སྒོ་འབྱེད་རྒྱུ་ཡིན་ནམ་ཞེས་པའི་སྒྲ་ལན་གསུམ་གྲགས་པར་ཕྱུགས་རྫི་ངོ་མཚར་སྐྱེས་ཤིང། སླར་གཞན་


GTD007_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲོས་བཏབ་པ་བཞིན་སྒོ་ཕྱེ་ཞེས་སྨྲས་མ་ཐག་བྲག་ལ་སྒོ་དོད་པའི་ནང་དུ་ཕྱིན་པར་ཡུའུ་ཤེ་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཞིག་འདུག་པ་རང་གི་ཁྱིམ་དུ་གདན་དྲངས་ཀྱང་ཕྱི་ཉིན་བྲག་ཕུགས་སུ་ཕེབས་སོང་བའི་རྐྱེན་གྱིས་དེར་ལྷ་ཁང་བརྩེགས་ཏེ་རིམ་གྱིས་དགོན་སྡེ་འདི་ཉིད་ཆགས། ཕྱིས་སུ་སྐུ་སྔ་མ་དེ་ཉིད་ནང་རྟེན་དུ་བྱས་ཏེ་འཇིག་རྟེན་གསུམ་ལྷག་པར་དབང་དུ་བྱེད་པའི་སྤྱན་རས་གཟིགས་ཀྱི་སྣང་བརྙན་མཐོང་བ་དོན་ལྡན་འདི་ཉིད་བཞེངས་པ་ཡིན་ལ། གཞན་ཡང་རྗེ་བཙུན་བྱམས་པ། འཇིགས་བྱེད་མགོན་ཆོས། ལྷ་མོ། རྣམ་སྲས། ཐ་འོག་ཆོས་རྒྱལ་རྣམས་དང། ཐུབ་པའི་དབང་པོ། བདེ་གཤེགས་བརྒྱད། རྒྱལ་ཆེན་བཞི་སོགས་ཀྱི་སྣང་བརྙན་དུ་མ། རྒྱལ་བའི་བཀའ་འགྱུར་རོ་ཅོག་སོགས་སྐུ་གསུང་ཐུགས་རྟེན་ཆེས་མང་པོ་རྣམས་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་པ་འདི་ལགས་སོ།། སྨྲས་པ། སྡེ་འདིར་མཆོད་བཀུར་ལྷུར་ལེན་སྐྱེ་བོ་རྣམས། །གནས་སྐབས་ཆོས་འབྱོར་བདེ་དགས་འཚོ་བ་དང། །མཐར་ཐུག་སྲིད་པའི་རྒྱ་མཚོ་ལས་བརྒལ་ཏེ། །སྐུ་གསུམ་ནོར་བུའི་གླིང་དུ་ཕྱིན་པར་ཤོག །ཅེས་ཀན་ཀོའུ་དགོན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་འདི་ནི་བསྔགས་འོས་ཡོན་ཏན་དུ་མས་མངོན་པར་མཐོ་བ་ཡང་ཀྱཱ་ཧུ་ཐོག་ཐུ་སྤྲུལ་སྐུ་འཇམ་དབྱངས་ཀླུ་སྒྲུབ་དང། རབ་འབྱམས་པ་འཇམ་དབྱངས་འཕྲིན་ལས་བཅས་ཀྱིས་བསྐུལ་ངོར། གུང་ཐང་པ་ཤེ་རེ་གེ་ཐུ་ནོ་མོན་ཧཱན་༸དཀོན་མཆོག་བསྟན་པའི་སྒྲོན་མེས་ཤིང་ཡོས་ཟླ་ཚེས་དགེ་བར་བྲིས། ༈ བདེ་མཆོག་རང་བྱོན་གྱི་མདུན་


GTD007_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནང་བའི་སྨོན་ཚིག་ནི། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། བརྟན་གཡོའི་དངོས་ཀུན་ལྷན་སྐྱེས་བདེ་བ་ཆེའ། །སྒྱུ་འཕྱུལ་དྲ་བར་སྡོམ་མཛད་ཧེ་རུ་ཀ། །སྟོང་ཉིད་བྷ་ག་བཟང་མོ་རྡོ་རྗེ་ཡུམ། །མཉམ་སྦྱོར་བླ་མ་དང་པོའི་མགོན་པོས་སྐྱོངས། །ཟུང་འཇུག་སར་གཤེགས་གྲུབ་མཆོག་ཕམ་མཐིང་པ། །རགས་པའི་ཟ་མ་ཏོག་གི་བཀོད་པའི་ལུས། །དཔའ་བོ་རྣལ་འབྱོར་མར་བཅས་སྐུར་བཞེངས་ཏེ། །སྐྱེ་དགུའི་མགོན་པོར་སྒྱུ་མའི་གར་གྱིས་རྩེན། །འདི་ཉིད་མཐོང་ཐོས་དྲན་རེག་དགེ་བ་ཡིས། །ས་བོན་ཉུངས་འབྲུའི་ཚད་ཀྱང་བླ་མ་ལྷའ། །ཐུགས་རྗེས་ཡོངས་བཟུང་ཡལ་གའི་ཕྱོགས་རྫོགས་པ། །ས་གསུམ་ཁྱབ་པའི་བསོད་ནམས་དཔྱིད་དུ་འབར། །དེ་སླད་བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །ཇི་སྲིད་བྱང་ཆུབ་རྡོ་རྗེའི་གནས་ཐོབ་བར། །ཐུགས་རྗེ་ཀྱོ་བས་ནམ་ཡང་མི་གཏོང་ཞིང། །མཆོག་ཐུན་དངོས་གྲུབ་བྱེ་བའི་དགའ་སྟོན་སྩོལ། །ཁྱད་པར་མཐའ་བྲལ་ལྟ་བས་རྒྱས་བཏབ་པ། །ཟབ་གསང་རྡོ་རྗེ་ཐེག་པའི་ལམ་བགྲོད་ནས། །རིང་མིན་ཧེ་རུ་ཀ་ཡི་གནས་ཐོབ་སྟེ། །འགྲོ་ཀུན་བདེ་ཆེན་ས་ལ་འགོད་གྱུར་ཅིག །དེ་ཡང་རྟེན་མཆོག་འདི་ལ་ལོ་རྒྱུས་ཅི་རིགས་འདུག་ཀྱང། ཕམ་མཐིང་པ་རྒྱ་ནག་ཏུ་བྱོན་ཚུལ་རྗེའི་གསུང་དུའང་འབྱུང་བ་དང། དམ་པ་དུ་མའི་གསུང་གུང་འགྲིགས་པས་ལོ་རྒྱུས་ཡོངས་གྲགས་ལྟར་འཐད་དམ་སྙམ། དེ་ཉིད་སོར་བཞག་ལ་སྨོན་ཚིག་དང་བཅས་པ་འདི་ནི། ༸གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བདེ་མཆོག་རང་བྱོན་ཉིད་ཀྱི་མདུན་དུ་བྲིས་པའོ།། ༈ འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཚུལ། སྟོབས་བཅུ་མངའ་བ་ཀུན་


GTD007_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་རྗེ་ན། །གཅིག་བསྡུས་ལྷག་པའི་ལྷ་ཡི་རྣམ་རོལ་བ། །སྲིད་དང་ཞི་བའི་འཇིགས་ལས་སྒྲོལ་བའི་གཉེན། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །རྣམ་འདྲེན་ཀུན་གྱིས་གདུལ་བར་མ་ནུས་པ། །མཐའ་འཁོབ་སྲིན་པོ་གདོང་དམར་བོད་ཡུལ་གྱི། །འགྲོ་ལ་ལྷག་པར་བརྩེ་བའི་སྙིང་སྟོབས་ཅན། །ཐུགས་རྗེའི་གཏེར་ཁྱོད་བརྩེ་བའི་སྤྱན་གྱིས་གཟིགས། །མཐའ་དབུས་ཀུན་ན་བསྟན་པ་གཟུགས་བརྙན་ཙམ། །བསྟན་འཛིན་ཕལ་ཆེར་བསྟན་པའི་དབུ་འཕང་སྨོད། །བསྟན་སྲུང་གཡེལ་བས་བདུད་ཀྱི་དཔུང་ཚོགས་དར། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །མཁས་རློམ་གཞུང་ལུགས་དོན་ལ་མ་རེག་ཅིང། །བཙུན་པར་བཅོས་རྣམས་བླང་དོར་ངོ་ལྐོག་འཛོལ། །གྲུབ་པར་ཁས་འཆེ་ཁྲེལ་མེད་སྨྱོན་པ་མང། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །སྡེ་དཔོན་ཁེངས་དྲེགས་སྤྱོད་པ་ལོག་པར་ཞུགས། །ཡུལ་ཁམས་ནད་དང་འཁྲུག་པ་མུ་གེས་མནར། །ཉམ་ཆུང་སྐྱེ་བོ་མགོན་མེད་སྡུག་གྲིར་འཆ། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །ལོ་འབྲས་མི་སྨིན་སད་སེར་ཐན་པས་འཇོམས། །རྐང་བཞི་མི་འཕེལ་ནད་སྣ་དུ་མས་གཙེས། །ཟས་ནོར་བཅུད་ཉམས་ཉིན་རེ་བཞིན་དུ་འགྲིབ། །དུས་ངན་སྙིགས་མའི་རྒུད་པ་བསལ་དུ་གསོལ། །མདོར་ན་རང་རང་དཀོན་མཆོག་བཀའ་ལས་འདས། །ལས་འབྲས་བླང་དོར་ལོག་པར་བསྒྲུབས་པ་ཡིས། །སྣོད་བཅུད་མཐའ་དག་སྡིག་པའི་འབྲས་བུས་གང། །དུས་ངན་སྙིགས་


GTD007_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྒུད་པ་བསལ་དུ་གསོལ། །བག་མེད་བྱིས་པ་རང་ཉིད་བརྡེག་འཆོས་ཏེ། །བརྩེ་བའི་མ་ལ་ཡུས་སུ་བྱེད་པ་བཞིན། །རང་ལས་སྨིན་པའི་ཉམ་ཐག་འགྲོ་རྣམས་ཀྱིས། །གདུང་བའི་སྨྲེ་སྔགས་ཁྱོད་མིན་སུ་ལ་གསོལ། །རང་གི་ལས་སུ་དགོངས་པས་མི་སྐྱོབ་ན། །གཞན་གྱིས་བསགས་པ་སྨིན་པའི་དོགས་མ་མཆིས། །དེ་ཕྱིར་བརྩེ་ལྡན་བརྩེ་བས་ཉེར་དགོངས་ཏེ། །སྲིད་དང་ཞི་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །ངན་སོང་ངན་འགྲོའི་གཡང་ལས་བསྒྲལ་དུ་གསོལ། །ལས་དང་ཉོན་མོངས་འཆིང་བ་གཅད་དུ་གསོལ། །ཡང་དག་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །མ་ལུས་འགྲོ་བའི་མགོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་རབ་འབྱམས་པ་ཚུལ་ཁྲིམས་རིན་ཆེན་དང་ཨར་དགེ་བསམ་འགྲུབ་གཉིས་ཀྱིས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་སྙིགས་མའི་རྒུད་པ་ཞི་བའི་ཕྱིར་གསོལ་བ་འདེབས་ཚུལ་ཞིག་དགོས་ཞེས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་དཀར་ཆག་ནི། མི་མཇེད་ཞིང་གི་རྣམ་འདྲེན་ཤཱཀྱའི་ཏོག །ཁ་བ་ཅན་གྱི་མགོན་པོ་སྤྱན་རས་གཟིགས། །ལྗོངས་འདིའི་སྐྱབས་གཅིག་འཇམ་དབྱངས་བཞད་པའི་སྡེ། །དབྱེར་མེད་ཐུགས་རྗེ་བདེན་པས་དེང་འདིར་སྐྱོངས། །གནས་འདི་མགོན་པོ་ཁྱོད་ཀྱི་ཞིང་ཁམས་ཡིན། །འདི་ན་ཁྱོད་ཀྱི་གདུལ་བྱ་ཡོད་དོ་ཞེས། །མཁའ་འགྲོས་ལུང་བསྟན་ཉིད་ཀྱིས་ཞལ་བཞེས་བཞིན། །ཐུགས་རྗེ་མཐུ་དཔུང་སྐྱེད་པའི་དུས་ལ་བབས། །བླ་མ་སྤྱན་རས་གཟིགས་དབང་མྱུར་མཛད་མགོན། །དབྱེར་མེད་ཞབས་ཀྱི་པདྨོར་གསོལ་འདེབས་ན། །བདག་སོགས་ཕ་མ་རིགས་དྲུག་འགྲོ་


GTD007_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི། །ལས་ཉོན་བར་ཆད་ཞི་བར་བྱིན་གྱིས་རློབས།། དེའང་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་པུར་རྒྱལ་བོད་ཅེས་བྱ་བ་འདི་ལ་ནང་གསེས་ཀྱིས་བོད་དང་བོད་ཆེན་གཉིས་སུ་ཡོད་པ་རྣམས་མཉམ་མེད་ཐུབ་པའི་དབང་པོས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་གཏད་ཅིང་འཕགས་པ་ཉིད་ཀྱིས་བདག་གིར་མཛད་པ་བཞིན་ཐབས་དུ་མས་ཆོས་ཀྱི་སྣོད་དུ་སྒྲུབ་པར་མཛད་ལ། ཁྱད་པར་སྤྲུལ་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུར་བཞེངས་ཏེ་ཆོས་ཀྱི་སྲོལ་ཕྱེ་ནས་བསྟན་པའི་སྒྲོན་མེ་སྦར་བ་ན། ཐོག་མར་གཙང་མའི་རིས་ཀྱི་ལྷ་དུ་མས་རྒྱལ་པོ་ཉིད་ཀྱི་སྐུ་ཚད་དང་མཉམ་པའི་ཐུགས་རྗེ་ཆེན་པོའི་སྐུ་ཞིག་བཞེངས་ན་ལེགས་པར་ལུང་བསྟན་པ་བཞིན་ཆོས་འཁོར་ལྷ་སའི་རྟེན་གྱི་གཙོ་བོ་རང་བྱོན་ལྔ་ལྡན་གྱི་སྐུ་བཞེངས་ཏེ་ལེགས་ཚོགས་རྟེན་འབྲེལ་གྱི་སྒོ་བརྒྱ་ཕྱེ་བ་ཡིན་ནོ། །དེའང་རང་བྱོན་ལྔ་ནི་གནས་ཆེན་བརྒྱད་ཀྱི་ས་སྣ། ཙན་དན་གྱི་ཕྱེ་མ་སོགས་སྐུ་རྒྱུ་རྣམས་སྤུངས་ནས་བཞག་པར་བཅུ་གཅིག་ཞལ་རྩ་ཕྱག་བཅུ་པའི་སྐུ་རང་བྱོན་དུ་ཕེབས་པ་དང་གཅིག །སྤྲུལ་བའི་དགེ་སློང་ཨཱ་ཀ་ར་མ་ཏི་ཤཱི་ལས་ལྷོ་ཕྱོགས་སིངྒ་ལའི་གླིང་ནས་ཙན་དན་སྦྲུལ་གྱི་སྙིང་པོ་ལས་རང་བྱོན་གྱི་ཐུགས་རྗེ་ཆེན་པོའི་སྐུ་སྤྱན་དྲངས་པ་སྔ་མའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ་དང་གཉིས། ཕྱིས་རྒྱལ་པོ་ཡབ་ཡུམ་གསུམ་ག་འཕགས་པའི་དྲུང་དུ་བྱོན་ཏེ། ཆོས་སྐུ་སྟོང་པའི་ངང་ཉིད་ལས། །འགྲོ་བའི་དོན་དུ་བཞེངས་པའི་སྐུ། །ཞེས་སོགས་ཀྱིས་གསོལ་འདེབས་མཛད་པའི་མཐར་རྒྱལ་པོ་ཐུགས་


GTD007_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དང། རྒྱ་བཟའ་ནུ་མ་གཡས། བལ་བཟའ་ནུ་མ་གཡོན་དུ་ཐིམ་ཞིང། སླར་ཡང་གནས་དེ་དང་དེ་ནས་ཞལ་བསྟན་ཏེ་ཆོས་གསུངས་པས་དེ་གསུམ་སོ་སོར་བགྲང་ནས་རང་བྱོན་ལྔར་བྱས་པ་ཡིན་ནོ། །དེ་དང་ཆ་མཐུན་པར་འདིར་ཡང་སྐུ་རྒྱུ་ལ་རྒྱ་གར་རྡོ་རྗེ་གདན། རི་བོ་གྲུ་འཛིན། རི་བོ་རྩེ་ལྔ། ཙ་རི། བྲག་དཀར་དབུ་མ་རྟ་སོ་སོགས་མི་ལའི་སྒྲུབ་ཕུག་ཕལ་ཆེར། ལོ་ཀྱཱ་ཏུན་སོགས་ཀྱི་གནས་ས། མཆོད་རྟེན་བྱ་རུང་ཁ་ཤོར་དང་གཽ་མ་སཱ་ལ་གནྡྷའི་སྐུ་དཀར། མཚོ་མ་ཕམ་དང་ཆུ་བོ་གངྒཱའི་བྱེ་མ་སོགས་གནས་ཆེན་དུ་མའི་ས་སྣ། བཟང་དྲུག་སོགས་སྨན་དང་སྤོས་སྣ་ཚོགས་སྦྱར་ཏེ་ལེགས་པར་བསྒྲུབས་པས་རང་བྱོན་དང་པོའི་དོན་ཚང། སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་གྲུ་འཛིན་གྱི་ཙན་དན་དཀར་པོ་ལས་གྲུབ་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་སྐུ་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པས་གཉིས་པའི་དོན་ཚང། ཐལ་སྦྱར་ཅུང་ཟད་ཕྱེ་ཞིང་གནས་སོ་སོར་རྒྱལ་པོ་ཡབ་ཡུམ་གསུམ་གྱི་སྐུ་བཀོད་པས་ཕྱི་མ་གསུམ་ཚང་ལ། སྐུའི་རྣམ་པའང་དོན་ལ་ཁྱད་པར་མེད་ནའང་བསྟན་པའི་རྨང་འཛུག་པར་ཞི་རྒྱས་དབང་དྲག་བཞི་ག་གཙོ་ཆེ་བས་ལས་བཞིའི་ཞལ་ཅན་རྒྱལ་པོ་ལུགས་སུ་གྲགས་པ་ལྷ་སའི་ཐུགས་རྗེ་ཆེན་པོ་ལྟར་བྱས་པ་ཡིན་ནོ། །ནང་རྟེན་གྱི་རིམ་པའང་རིང་བསྲེལ་རྣམ་པ་བཞི་ལས་ཆོས་སྐུའི་རིང་བསྲེལ་གཟུངས་གཞུག་རྒྱས་བསྡུས་ཆ་ཚང་བ་ཚར་ཉེར་གཅིག །ཐུགས་རྗེ་ཆེན་པོའི་གཟུངས་རིང་སྟོང་ཕྲག་ལྷག །ཡིག་དྲུག་ཁྲི་ཚོ་བཞི། ཡིག་བརྒྱ་ཉིས་སྟོང་སྐོར། ཚུལ་ཁྲིམས་རྣམ་དག་གི་གཟུངས།


GTD007_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པས་དམ་བཅའི་གཟུངས། ཚེ་གཟུངས། སྒྲོལ་དཀར་སོགས་གཟུངས་དུ་མ། དམིགས་བརྩེ་མ་བརྒྱ་ཕྲག་ལྷག་བཅས་བཞུགས་སོ། །སྐུ་གདུང་དང་སྐུ་བལ་གྱི་རིང་བསྲེལ་ཡང་སངས་རྒྱས་ཀྱི་འཕེལ་གདུང། ཤཱ་རིའི་བུའི་ཚེམས་ལས་གྲུབ་པའི་རིལ་བུ། ནག་པོ་སྤྱོད་པའི་རུས་རྒྱན་རྡོག་གཅིག །སྲོང་བཙན་སྒམ་པོའི་ཞབས་ཆགས་ཀྱི་དུམ་བུ། ཇོ་བོ་རྗེའི་སྣམ་སྦྱར་རྡོ་ཚོས་མའི་ཆ་ཤས། མི་ལ་རས་པའི་སྒོམ་ཐག །དྭགས་པོ་ལྷ་རྗེ། ཕག་མོ་གྲུ་པ། པོ་ཏོ་བ། ས་སྐྱ་པཎྚི་ཏ། འགྲོ་མགོན་འཕགས་པ་རྣམས་ཀྱི་ན་བཟའ། རྗེ་རིན་པོ་ཆེའི་ན་བཟའ་ཕྱག་ཕྲེང་རྡོག་གཅིག །བྱ་བཏང་དུས་ཀྱི་དྲྭ་ཕད། སྐུ་འབུམ་ཙནྡན་ཡི་གེ་རང་བྱོན་ཅན། རྒྱལ་ཚབ་རྗེའི་ཚེམས་འབྲས། མཁས་གྲུབ་རྗེའི་བཞུགས་གདན་ནང་འཚང། པཎ་ཆེན་བསོད་ནམས་གྲགས་པའི་ན་བཟའ། རྒྱལ་བ་བསོད་ནམས་རྒྱ་མཚོ། རྒྱལ་བ་ཡོན་ཏན་རྒྱ་མཚོ། ༸རྒྱལ་དབང་ལྔ་པ། ༸རྒྱལ་བ་བསྐལ་བཟང་རྒྱ་མཚོ། རྒྱལ་བ་འཇམ་དཔལ་རྒྱ་མཚོ་རྣམས་ཀྱི་ན་བཟའ། པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་སྐུ་ཕྲེང་བཞིའི་ན་བཟའ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ན་བཟའ་གདུང་རུས། སྐྱབས་མཆོག་འཇིགས་མེད་དབང་པོའི་དབུ་སྐྲ། ཞབས་སེན། གདུང་རུས། ན་བཟའ། འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ་སྐུ་ཕྲེང་བཞིའི་ན་བཟའ། རྒྱལ་སྲས་ཡེ་ཤེས་གྲགས་པ། ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཁྱ་དགེ་བློ་གྲོས་རྒྱ་མཚོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཀློང་རྡོལ་གྲུབ་པའི་དབང་


GTD007_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག །སྐྱབས་མཆོག་བློ་བཟང་འཇིགས་མེད་རྒྱ་མཚོ་རྣམས་ཀྱི་ན་བཟའ། གཙང་དབུས་ཀྱི་རྟེན་བསྡུས་རིལ་བུ། བདུད་རྩི་རིལ་བུ། རྣམ་འཇོམས་ཁྲུས་རིལ། གཙང་ཆབ་རིལ་བུ། མ་ཎི་རིལ་བུ་སོགས་འཁྲུལ་མེད་ཀྱི་རྟེན་སྣ་མཐའ་ཡས་པ་བཞུགས་སོ།། དེའང་རང་ཅག་རྣམས་ཀྱི་ལྷ་སྐལ་སྙིང་རྗེའི་ལྷ་མཆོག་འདི་ཉིད་ཀྱི་རྟེན་བཞེངས་མཆོད་སོགས་ཀྱི་ཕན་ཡོན་ནི་སྤྱན་རས་གཟིགས་ཀྱི་མདོ་ལས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་ཅིང། ཐ་ན་མཚན་ཙམ་ཐོས་པ་ལའང་ཕན་ཡོན་མཐའ་ཀླས་པའི་ཚུལ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་མདོ་ལས། སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཙམ་ལ་རྟོགས་པ་གང་ལགས་པ་དེའང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ན། ཡི་གེར་འདྲི་བ་དང། གོས་དང་རྒྱན་གྱི་མཆོད་པ་ཆེན་པོ་དག་གིས་མཆོད་པ་བགྱིད་པ་དང། ཡི་གེར་འདྲིར་རྩོལ་པ་ལྟ་ཅི་སྨོས་ཞེས་གསུངས་པ་ལྟར་སྲིད་ཞིའི་རྒུད་པ་མཐའ་དག་སེལ་ཞིང་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ལྷུན་གྱིས་གྲུབ་པར་འགྱུར་རོ།། སྨྲས་པ། སྔོན་ཚེ་རང་བྱོན་ལྔ་ལྡན་འཕྲིན་ལས་བཞིས། །གངས་ཅན་བསྟན་པའི་རྨང་གཞི་བཙུགས་པ་ལྟར། །དུས་མཐའ་འདིར་ཡང་རྣམ་བཞིའི་འཕྲིན་ལས་ཀྱིས། །བསྟན་འགྲོའི་ཕན་བདེ་ཡུན་དུ་སྤེལ་གྱུར་ཅིག །༈ ལྷ་བབས་དུས་ཆེན་དང་འབྲེལ་བའི་སྟོན་པའི་རྣམ་ཐར་ནི། ལྷ་ཡི་ལམ་ནས་རྫུ་འཕྲུལ་གྱིས་བབ་སྟེ། །ལྷ་དང་བཅས་པའི་འགྲོ་ཀུན་འདུལ་མཛད་པ། །ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་ཡིས། །ལྷ་བཅས་སྐྱེ་དགུ་ཡོངས་ལ་ཤིས་པ་སྩོལ། །ཞེས་དགེ་ལེགས་


GTD007_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱེད་པའི་ཚིག་གིས་སྔོན་བསུས་ཏེ་གང་ཞུ་ན། དེའང་པཎ་ཆེན་ཤཱཀྱ་ཤྲཱིས། བཞི་པའི་བཅོ་ལྔར་རྫོགས་སངས་རྒྱས། །དྲུག་པའི་དྲུག་ལ་ཆོས་འཁོར་བསྐོར། །དགུ་པའི་ཉེར་གཉིས་ལྷ་ལས་བབས། །གསུངས་པ་བཞིན་ཐ་སྐར་རམ་དབྱུ་གུའི་ཟླ་བའི་ཚེར་ཉེར་གཉིས་འདི་ནི་ལྷ་བབ་ཀྱི་དུས་ཆེན་ཡིན་ལ། དེའང་དབུ་མ་རིན་ཆེན་ཕྲེང་བ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །ལྷ་རྣམས་ཀུན་ལས་བབས་པ་དང། །དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པའི་མཛད་པ་ཡིན། །ཞེས་ལྷ་ལས་བབས་པ་དེ་མཛད་པ་བཅུ་གཉིས་ཀྱི་གཅིག་ཏུ་གསུངས་པ་དང། ཐེག་བསྡུས་ལས་མཛད་པ་བཅུ་གཉིས་ཀྱི་གྲངས་ལ་མུ་སྟེགས་ཅན་གྱི་གནས་སུ་གཤེགས་པ་ཞེས་མུ་སྟེགས་ཀྱི་སྟོན་པ་རིང་འཕུར་དང་ལྷག་སྤྱོད་ཀྱི་དྲུང་དུ་ཐོག་མར་ཕེབས་ནས་ཐར་ལམ་ཚོལ་བའི་ཚུལ་བསྟན་ཏེ་སྲིད་རྩེའི་སྙོམས་འཇུག་གི་བར་མངོན་དུ་མཛད་ཀྱང་དེ་དག་འཁོར་བའི་རྒྱུ་ལས་མ་འདས་པར་གཟིགས་ནས་མཆིལ་མའི་ཐལ་བ་བཞིན་བོར་ཏེ་གཟོད་ཐར་ལམ་ཚོལ་བར་མཛད་པ་དེ་ཉིད་གཅིག་ཏུ་བགྲང་བ་གཉི་གའི་དགོངས་གཞི་ནི་ཟླ་བ་སྙིང་པོའི་མདོ་ལས། བདག་གིས་མུ་སྟེགས་ཅན་གཞན་དག །ཅེས་སོགས་གསུངས་པ་ལྟར་མུ་སྟེགས་ཀྱི་སྟོན་པ་དང་ལྟ་སྒོམ་སྤྱོད་པའི་སྐྱོན་མ་མཐོང་ན་ཐར་འདོད་རྣམས་ནང་པའི་བསྟན་པ་ལ་རྩེ་གཅིག་ཏུ་གཞོལ་བར་མི་འགྱུར་བས་མུ་སྟེགས་ཅན་ཕམ་པར་མཛད་པ་དེ་སྟོན་པའི་མཛད་ཆེན་གཙོ་བོ་ཞིག་ཏུ་མཛད་པ་ཡིན་ལ། དེའང་ཡོངས་སུ་གྲགས་པའི་ཆོ་འཕྲུལ་མུ་སྟེགས་སྟོན་


GTD007_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་དང་རྫུ་འཕྲུལ་འགྲན་ནས་ཕམ་པར་མཛད་པ་ནི་ཆོ་འཕྲུལ་ཆེན་པོ་དང། ལྷ་ལས་བབ་པ་ལ་ཆོ་འཕྲུལ་ཆུང་ངུའམ་ཆོ་འཕྲུལ་ཕྱི་མར་གྲགས་པ་ཡིན། མཛད་པ་འདི་ཉིད་བསྟན་པའི་དུས་ནི་ལྕང་སྐྱ་གོང་མས་མཛད་པའི་དུས་ཆེན་གྱི་བཤད་པར་ལྕགས་བྱི་ཞེས་འབྱུང་ཡང། ལོ་འདི་སྟོན་པའི་དབྱར་གནས་བཅུ་བདུན་པར་གསུངས་པས་སྟོན་པ་དྲག་པོ་ལྕགས་སྤྲེལ་ལ་སྐུ་བལྟམས་ཤིང། ཤིང་རྟ་ལ་སངས་རྒྱས་པའི་དབང་དུ་བཏང་ན་དབྱར་གནས་བཅུ་བདུན་པ་ལྕགས་ཁྱི་དང་འགྲིགས་པས་སྔ་མ་ཡིག་སྐྱོན་ཞུགས་པ་ཡིན། མཛད་པ་བསྟན་ཚུལ་ནི་མུ་སྟེགས་སྟོན་པ་དྲུག་སོགས་བཏུལ་ཏེ་སྐྱེ་བོ་ཐམས་ཅད་སྟོན་པ་ཉན་ཐོས་དང་བཅས་པ་ལ་ཧ་ཅང་གུས་པས་དགེ་འདུན་ལ་བསྙེན་བཀུར་འདུ་འཛི་སོགས་ཆེས་མང་བ་དེ་ཆོས་ཀྱི་བར་ཆད་དུ་གཟིགས་ནས་རྒྱུན་བཅད་པ་དང། ཡུམ་སྒྱུ་མ་ལྷ་མཛེས་མ་སུམ་ཅུ་རྩ་གསུམ་དུ་སྐྱེས་ཡོད་པ་དེ་རྗེས་སུ་བཟུང་བ་སོགས་ཀྱི་ཆེད་དུ་སུམ་ཅུ་རྩ་གསུམ་དུ་བྱོན་ནས་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ཨར་མོ་ནི་གའི་སྟེང་དུ་ཤཱ་རིའི་བུ་དང་འོད་སྲུང་ཆེན་པོ་སོགས་དགྲ་བཅོམ་པ་བརྒྱད་སྟོང་དང་ལྷན་དུ་དབྱར་ཞལ་གྱིས་བཞེས། ཆོས་བཟང་ལྷའི་མདུན་སར་གཙུག་ཏོར་གདུགས་དཀར་མོའི་མདོ་དང། ལྷའི་དགའ་ཚལ་དུ་ཕེབས་ནས་འོད་ཟེར་སྤྲོ་བསྡུའི་རོལ་པས་ངན་སོང་དགུག་དྲལ་སོགས་མཛད་པའི་རྐྱེན་གྱིས་ལྷའི་དབང་པོས་ནོར་བུ་དྲི་མ་མེད་པ་བྱ་བ་ལྷའི་བུ་ཞིག་ཤི་འཕོས་ཏེ་ཞག་བདུན་ལོན་པ་དེ་གང་དུ་སྐྱེ་ཞེས་ཞུས་པས་མནར་མེད་དུ་སྐྱེས་ཡོད་ཚུལ་གསུངས་པ་ན་དེ་སྐྱོབ་པའི་ཕྱིར་


GTD007_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ་བ་བཏབ་པས་ངན་སོང་སྦྱོང་རྒྱུད་ཀྱི་རྩ་བའི་དཀྱིལ་འཁོར་སྤྲུལ་ནས་བརྟག་པ་དང་པོ་གསུང། ཕྱག་ན་རྡོ་རྗེས་བརྟག་པ་ཕྱི་མ་གསུང་སྟེ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་རྣམ་གཞག་སོགས་དེ་ནས་བྱུང་བ་ཡིན། སྔ་མའི་ཡུམ་གྱི་སྐྱེ་བ་དེ་ཉིད་ལ་དབྱིག་ལྡན་གྱི་གཟུངས་བཀའ་སྩལ་ཏེ་སྨིན་ཅིང་གྲོལ་བར་མཛད། སྐབས་དེར་ལྷ་དང་ལྷ་མིན་འཐབ་པའི་རྐྱེན་གྱིས་ལྷའི་དབང་པོས་ཞུས་ནས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གསུང་། དེ་བཞིན་དུ་ལྷའི་བུ་ཤིན་ཏུ་བརྟན་པ་སྐྱོབ་པའི་ཕྱིར་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མདོ་དང། ལྷ་རྣམས་ལ་མཆོད་རྟེན་བགྱིད་པའི་ཐབས་རྟེན་འབྲེལ་སྙིང་པོ། བྱམས་པས་ཞུས་ཏེ་འཛམ་བུའི་གླིང་པ་རྣམས་ཀྱི་ཉེར་འཚེ་བཟློག་པའི་ཐབས་ལ་མི་གཡོ་བའི་རྒྱུད་སོགས་གསུངས། དེའི་ཚེ་ཝ་རཱ་ཎཱ་སིའི་རྒྱལ་པོ་ཨུ་དྲ་ཡ་ནས་སྟོན་པ་རྗེས་སུ་དྲན་ནས་ཙན་དན་གོརྴི་ཤ་ལས་སྟོན་པའི་སྐུ་ཞིག་བཞེངས་པ་སྟོན་པ་ལྷ་ཡུལ་ནས་ཕེབས་པའི་ཚེ་བསུ་བ་མཛད་པ་དེ་ད་ལྟ་རྒྱ་ནག་ཏུ་བཞུགས་པའི་ཙན་དན་ཇོ་བོ་འདི་ཉིད་ཡིན་པར་གྲགས། དེའི་ཚེ་སྟོན་པ་ཡུན་རིང་པོར་དངོས་སུ་མ་མཇལ་བའི་དགེ་སློང་རྣམས་དང་རྒྱལ་པོ་ཨུ་དྲ་ཡ་ན་སོགས་ཡིད་གདུངས་ཏེ་མོའུ་འགལ་གྱི་བུ་ལ་སྟོན་པ་གང་དུ་བཞུགས་ཡོད་ཅེས་དྲིས་པས་སུམ་ཅུ་རྩ་གསུམ་ན་དབྱར་ཞལ་གྱིས་བཞེས་ཡོད་ཚུལ་གསུངས། འབྲུག་པ་པད་དཀར་གྱི་ཆོས་འབྱུང་དུ་ཨུ་དྲ་ཡ་ནས་མུ་སྟེགས་སྟོན་པ་དྲུག་ལ་དྲིས་ཚུལ་བཤད་ཀྱང་ཆོ་འཕྲུལ་སྔ་མ་བསྟན་པའི་སྐབས་ནས་སྟོན་པ་


GTD007_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལྔ་ཡུལ་དབུས་སུ་སྡོད་མ་ཚུགས་པར་མཐའ་འཁོབ་ཏུ་བྲོས། རྫོགས་བྱེད་བུམ་པ་བྱེ་མས་བཀང་བ་མགུལ་དུ་བཏགས་ཏེ་ཆུར་ལྕེབས་པས་ཁོ་རང་གི་སློབ་མ་རྣམས་བཙལ་དུ་སོང་བ་ན་བུ་མོ་ཞིག་གིས། ངན་སོང་སེམས་ཅན་དམྱལ་བ་ལ། །ལག་པ་བརྐྱངས་ནས་འགྲོ་བ་ཡི། །རྫོགས་བྱེད་དེ་ནི་ཆུས་གཡེང་སྟེ། །རྐང་ལག་སྐྱ་བོར་གྱུར་ཅིང་འདུག །ཅེས་སྨྲས་པས་རོ་རྫིང་བུར་ཡོད་པ་མཐོང་སྟེ་སློབ་དཔོན་གྱིས་དགོངས་པའི་ཐར་ལམ་མཐར་ཐུག་པ་འདི་ཉིད་ཡིན་པར་འདུག་སྙམ་ནས་ཁོ་རང་རྣམས་ཀྱང་ཆུར་ལྕེབས་པར་གསུངས་པས་དེ་དུས་སྟོན་པ་དྲུག་ངོ་མ་མི་ཚང་ཞིང་ཡུལ་དབུས་སུ་བསྡད་མེད་པས་ལོ་རྒྱུས་དེ་མ་དག་པ་ཡིན། དགུ་པའི་བཅོ་ལྔ་དབྱར་གནས་རྫོགས་མཚམས་ལ་དགེ་སློང་རྣམས་ཀྱིས་ཞུས་ཏེ་མོའུ་འགལ་གྱི་བུ་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་སངས་རྒྱས་འཛམ་བུའི་གླིང་དུ་འབྱོན་པར་གསོལ་བ་བཏབ་པས་ད་སྟེ་ཞག་བདུན་ན་གྲོང་ཁྱེར་གསལ་ལྡན་ནམ་སཾ་ག་ཞེས་ཨ་བ་ཛ་རའི་ནགས་ཨུ་དུམ་ཝ་རའི་ཤིང་དྲུང་དུ་འབྱོན་པར་འགྱུར་རོ་ཞེས་བསྒོས་ཤིག་གསུང་བས། མོའུ་འགལ་གྱི་བུ་སྐད་ཅིག་དེ་ཉིད་ལ་ཕྱིར་ཕེབས་ཏེ་རྒྱལ་པོ་སོགས་ལ་སྦྲན་པས་ཐམས་ཅད་ཀྱིས་ཕྱོགས་དེ་བྱི་བདར་དང་ཆག་ཆག་བྱས། དེ་རྗེས་སྟོན་པ་ལྷ་གནས་གོང་མ་གོང་མ་རྣམས་སུ་རིམ་པ་བཞིན་ཕེབས་ཏེ་དགའ་ལྡན་དུ་སྒྲོལ་མ་སྣ་ཚོགས་འབྱུང་བ་དང་སྒྲིབ་པ་རྣམ་སེལ་གྱི་རྒྱུད། གཞན་འཕྲུལ་དབང་བྱེད་དུ་ཤེར་ཕྱིན་བརྒྱ་ལྔ་བཅུ་དང་རྟོགས་པ་བསྡུས་པ། འོག་མིན་དུ་དམ་ཚིག་གསུམ་བཀོད་ཀྱི་རྒྱུད་དང་


GTD007_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་ཀ་ཡེ་ཤེས་སོགས་གསུངས། སླར་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ལྷའི་བུ་ཟླ་བས་ཞུས་ཏེ་སུམ་ཅུ་རྩ་གསུམ་པའི་ལེའུ་གསུངས་ཤིང་ཟླ་བ་བྱང་ཆུབ་ཏུ་ལུང་བསྟན། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ནོར་བུ་དྲི་མ་མེད་པ་འཆི་བའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀའ་སྩལ། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཟོ་བོ་བི་ཤྭ་ཀརྨ་ལ་བཀའ་བསྒོས་ཏེ་སྟོན་པ་འཛམ་བུའི་གླིང་དུ་འབྱོན་པའི་ལམ་ལྷ་ཡུལ་ནས་གྲོང་ཁྱེར་གསལ་ལྡན་གྱི་བར་ལ་དབུས་སུ་བཻ་ཌཱུརྻའི་ཐེམ་སྐས། གཡས་སུ་གསེར་གྱི་ཐེམ་སྐས། གཡོན་དུ་ཤེལ་གྱི་ཐེམ་སྐས་སུམ་རིམ་དུ་བྱས། དེ་ནས་ཉི་ཤུ་གཉིས་ཀྱི་ཉིན་ཐེམ་སྐས་དབུས་མ་ལ་བཅོམ་ལྡན་འདས། གཡས་མ་ལ་ཚངས་པས་རྔ་ཡབ་ཐོགས་ཤིང་གཟུགས་ཁམས་ཀྱི་ལྷས་བསྐོར་བ། གཡོན་དུ་བརྒྱ་བྱིན་གདུགས་ཐོགས་ཤིང་འདོད་ཁམས་ཀྱི་ལྷས་བསྐོར་ཏེ་བྱོན། དེའི་ཚེ་ཞབས་ཁོ་ནས་བྱོན་ན་མུ་སྟེགས་ཅན་རྣམས་ཀྱིས་ལྷ་ཡུལ་དུ་འདོད་ཡོན་གྱི་གཡེང་བས་རྫུ་འཕྲུལ་ཉམས་སོ་ཞེས་འཕྱ་བ་དང། རྫུ་འཕྲུལ་ཁོ་ནས་བྱོན་ན་ལྷ་རྣམས་ཀྱིས་ཐེམ་སྐས་བྱས་པ་དོན་མེད་པར་འགྱུར་བས་རེས་འགའ་ཞབས་དང་རེས་འགའ་རྫུ་འཕྲུལ་གྱིས་གཤེགས་ཏེ་སྐྱེ་བོ་ཀུན་གྱི་མིག་དང་ཡིད་ལ་ཀུན་དགའི་དཔལ་སྟེར་ཞིང་ཐར་པའི་ས་བོན་བསྐྲུན་པར་མཛད། དེའི་ཚེ་སངས་རྒྱས་ཀྱི་བྱིན་རླབས་ལ་བརྟེན་ནས་མི་ཐམས་ཅད་ཀྱིས་ཀྱང་འདོད་གཟུགས་ཀྱི་ལྷའི་ལུས་ཕུན་སུམ་


GTD007_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དེ་མངོན་སུམ་དུ་མཐོང་ནས་འགའ་ཞིག་གིས་ལྷར་སྨོན་པ་བྱེད། དེའི་སྐབས་སུ་དགེ་སློང་མ་ཨུཏྤ་ལའི་མདོག་འཁོར་ལོས་བསྒྱུར་བའི་ཆ་ལུགས་སུ་སྤྲུལ་ཏེ་སྟོན་པར་མཇལ་དུ་འོངས་པས་འགའ་ཞིག་གིས་འཁོར་སྒྱུར་ལ་སྨོན་པ་བྱེད། རབ་འབྱོར་ཆུང་བས་ལྷ་མིའི་ཚོགས་ཆེན་པོ་འདིའང་མྱུར་དུ་འབྲལ་ལོ་སྙམ་དུ་མི་རྟག་པ་ཡིད་ལ་བྱས་པས་དགྲ་བཅོམ་ཐོབ། འདི་ཏཱ་ར་ནཱ་ཐས་གནས་བརྟན་རབ་འབྱོར་ཡིན་པ་ལྟ་བུ་ཞིག་བྱས་འདུག་ཀྱང་ཤེར་མདོའི་གླིང་གཞི་སོགས་དང་མི་འགྲིག་པས་མཁས་པ་གཞན་གྱིས་བཤད་པ་ལྟར་རབ་འབྱོར་ཆུང་བ་ཡིན། དེའི་ཚེ་སེམས་ཅན་སོ་སོའི་བསམ་ཚུལ་མི་འདྲ་བ་དེ་དག་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་བཀའ་སྩལ་པ་ནི། ས་རྣམས་གཅིག་གིས་ཐོབ་པ་དང། །ལྷ་རྣམས་སུ་ཡང་འགྲོ་བ་དང། །ཡང་ན་ཏིང་འཛིན་ཐོབ་པ་བས། །རྒྱུན་དུ་ཞུགས་པའི་འབྲས་བུ་མཆོག །ཅེས་ས་ཐམས་ཅད་ལ་དབང་བའི་འཁོར་སྒྱུར་དང། འདོད་ལྷ་རིགས་དྲུག །ཁམས་གོང་མར་སྐྱེས་པའི་རྒྱུ་བསམ་གཟུགས་བརྒྱད་ལ་སོགས་པའི་ཏིང་ངེ་འཛིན་གང་ཐོབ་ཀྱང་འཁོར་བ་ལས་མ་འདས་པས་སྙིང་པོ་མེད་ལ། ཐར་པའི་ལམ་སྣ་ཟིན་པ་ཞིག་གལ་ཆེ་ཚུལ་གསུངས་ཏེ། གདུལ་བྱ་བགྲང་ལས་འདས་པ་ལ་ཐེག་གསུམ་ཐར་པའི་སྒོ་ལམ་ཡངས་པོར་ཕྱེས། དེ་ནས་བཟུང་སྟེ་དགུ་པའི་ཉེར་གཉིས་ལ་ལྷ་བབ་ཀྱི་དུས་ཆེན་དུ་གྲགས་ཤིང། མཆོད་རྟེན་ཕྱོགས་བཞིར་ཐེམ་སྐས་ཀྱིས་མཚན་པའི་ལྷ་བབ་མཆོད་རྟེན་དུ་གྲགས་པ་བརྩིགས། འདུལ་བ་མདོ་རྩ་བར། རབ་ཏུ་བྱུང་བའི་གནས་སུ་དུས་སྟོན་བྱ་


GTD007_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆོས་དང་མཐུན་ནོ། །གསུངས་པ་ལྟར་དུས་ཆེན་དེ་འདྲ་ལ་དགེ་འདུན་རྣམས་ཀྱིས་ཆོས་སྟོན་བྱེད་པའི་སྲོལ་སྟོན་པ་ཞལ་བཞུགས་དུས་ནས་བཟུང་རྒྱ་གར་ཚུན་ཆད་དུ་དར་བ་བཞིན། ཕར་ཕྱིན་སྟོན་མོ་པ་རྣམས་ཀྱིས་ལྷ་བབ་དུས་བཟང་བྱེད་པ་འདི་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཕྱག་སྲོལ་མ་ཉམས་པ་སྐྱབས་མགོན་ཐམས་ཅད་མཁྱེན་པ་གོང་མ་དེ་ཉིད་ནས་འཛུག་པར་མཛད་པ་བཞིན་རང་ཅག་རྣམས་ཀྱིས་ཀྱང་བྱེད་རྒྱུ་བྱུང་བ་འདི་སྐལ་བ་བཟང་པོ་ཡིན་པས་དོན་དང་ལྡན་པར་འགྲོ་ངེས་པ་ཞིག་བྱེད་དགོས། མཚམས་འདིར་དུས་བཟང་གི་བསྒྲིག་ལམ་སོགས་སྐབས་སུ་གང་བབ་པའི་ཚོགས་གཏམ་བྱེད། ཅེས་པ་འདི་ནི་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ས་མོ་ཡོས་ལོའི་ཕར་ཕྱིན་སྟོན་མོའི་སྐྱོར་དཔོན་དཀོན་མཆོག་བཟོད་པས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་རཏྣ་ཏྲ་ཡཱ་ཡ། གང་གི་ཐུགས་རྗེ་ཨ་མྲྀ་ཏས། །ལས་ཉོན་གཤིན་རྗེའི་འཇིགས་འཕྲོག་ཅིང། །འཆི་མེད་ཐར་བའི་སྲོག་སྦྱིན་པ། །དཀོན་མཆོག་རིན་ཆེན་གསུམ་གྱིས་སྐྱོངས། །དེའང་འགྲོ་བ་ཀུན་ལ་ཕན་བདེ་མ་ལུས་པ་འབྱུང་བའི་གནས་གཅིག་པུར་གྱུར་པ་ནི་དཀོན་མཆོག་གསུམ་པོ་ཁོ་ན་ཡིན་ལ། དེ་ཡང་ཞིང་ས་བཟང་བས་མི་ཆོག་པར་དེར་ས་བོན་རང་གིས་འདེབས་དགོས་པ་བཞིན། འབྲས་བུ་ཕན་པ་དང་བདེ་བ་འདོད་པ་རྣམས་ཀྱིས་མཆོག་གསུམ་བསླུ་བ་མེད་པའི་ཞིང་ལ་མཆོད་ཅིང་བསྙེན་བཀུར་བས་བསོད་ནས་ཀྱི་ཚོགས་ཀྱི་ས་བོན་འདེབས་དགོས་ཏེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། འཇིག་


GTD007_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དག་ན་བདེ་ཞིང་སྐྱིད་པ། །དེ་ཀུན་དཀོན་མཆོག་མཆོད་ལས་འབྱུང་བས། །དེ་བས་བདེ་ཞིང་སྐྱིད་པ་འདོད་པས། །དཀོན་མཆོག་མཆོད་ལ་རྟག་ཏུ་བརྩོན་བྱ། །ཞེས་གསུངས་སོ། །མཆོད་པའི་རྣམ་གྲངས་བླ་ན་ཡོད་མེད་དང། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སོགས་མཐའ་ཡས་པ་ཞིག་ཡོད་ཀྱང་། མཆོག་དམན་ཐམས་ཅད་ལ་ལག་ལེན་འཕྲལ་དུ་མཁོ་ཆེ་བ་ནི་ཡོན་ཆབ་དང་མར་མེ་ལྷ་བཤོས་སོགས་ཡིན། དེ་དག་འབུལ་བའི་སྣོད་འབྱོར་བསྟུན་གྱིས་རིན་པོ་ཆེ་ལས་གྲུབ་པ་སོགས་བྱུང་ན་བཟང་ལ། མ་བྱུང་ཡང་བྱི་དོར་དང་གཙང་སྦྲ་ཐོན་པ་ཤིན་ཏུ་གལ་ཆེ་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་ཏིང་ལ་མཛུབ་རྗེས་བབས་ནའང་དེ་མ་ཐག་ཕྱིས་ནས་བསང་དུད་མཛད་པ་སོགས་དམ་པ་གོང་མའི་རྣམ་ཐར་བཞིན་བྱ། མཆོད་ཆུ་ཧ་ཅང་ཁ་མཐོས་པས་རིག་པ་མི་བརྟན་པ་དང། ཕྱིར་བོ་བས་ཚུལ་ཁྲིམས་འཆལ་ཞིང་འཁོར་མི་འདུ་བ་དང། ཁ་ཧ་ཅང་དམས་པས་ལོངས་སྤྱོད་ཀྱིས་དབུལ་བ། ཏིང་ཡ་ཡོ་ཅན་དུ་བསྒྲིགས་པས་དགེ་སྦྱོར་ཁྲིགས་སུ་མི་འོང་བ་སོགས་ཉེན་ཤིན་ཏུ་ཆེ་བས་དེ་ལྟར་མ་གྱུར་པར་བཀོད་པས་མཛེས་པ། འབུལ་ཚུལ་ཐོག་མཐའ་གཉིས་ཕྲ་ལ་བར་དུ་སྦོམ་པ་ནས་འབྲུ་མའི་ཚུལ་དུ་བྱ་བར་གསུངས། འབུལ་བའི་ཚེ་རང་རང་གི་ཐུན་མོང་མ་ཡིན་པའི་སྔགས་སམ། ཡང་ན་ཐུན་མོང་དུ་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་བཞིན་དུ་ཕུལ་ན་ཕན་ཡོན་ཤིན་ཏུ་ཆེ། མཆོད་ཆུ་ལན་ཅི་ཙམ་ཕུལ་ཡང་སེར་སྣ་སོགས་ཀྱི་སྐྱོན་འཇུག་ཉེན་མེད་པ་དང། ལས་ཉོན་དཀོར་སྒྲིབ་སོགས་འདག་


GTD007_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཚབས་ཆེ་ཞིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པས་རྒྱུད་བརླན་པ་སོགས་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཡོད་པས། བཀའ་གདམས་གསར་རྙིང་གི་དམ་པ་གོང་མ་རྣམས་འདི་ལ་གཙོ་བོར་མཛད་དོ། །མར་མེ་གཙོ་བོར་འོད་ཕུལ་བ་ཡིན་ཀྱང་རྒྱུའི་ཞུན་མར་དང་འབྲུ་མར་ཡང་ཁ་དོག་ལེགས་པ་དྲི་རོ་ཕུན་སུམ་ཚོགས་པ་དེ་ལྟ་བུ་བྱུང་ན་བསོད་ནམས་རྫོགས་ཚབས་ལྷག་པར་ཆེའོ། །མར་མེའི་སྡོང་བུའང་གསེར་དངུལ་སོགས་ལས་བྱས་པའམ། སྔ་མ་འགའ་ཞིག་ཤེས་རབ་ཕུན་སུམ་ཚོགས་པའི་ཕྱིར་རྒྱ་ཁབ་ཀྱི་སྟེང་དུ་རས་བལ་གྱིས་དཀྲི་བའང་ཡོད་ལ། མ་མཐའ་འང་དྲི་བཟང་པོའི་ཤིང་ཧ་ཅང་སྦོམ་པ་མ་ཡིན་པ་དྲང་ཞིང་རླན་མེད་པའི་སྟེང་དུ་རས་བལ་གྱིས་དམ་ལྷོད་སྙོམས་པར་དྲིལ་ཏེ་རིང་ཐུང་རྐོང་བུའི་ཚད་ལ་དཔག་པས་ཇི་ལྟར་འཚམ་པ་བྱ། མར་མེའི་སྡོང་བུ་ལ་སྲོག་ཤིང་དགོས་མི་དགོས་ཀྱི་དོགས་པ་བྱེད་ཀྱང། དེ་མེད་པར་རས་བལ་གྱིས་ཚོ་མི་ཟིན་པས་འོས་མེད་ཀྱིས་འགྲུབ་ལ། ལུང་འགའ་ཞིག་ཏུ་མར་མེའི་སྡོང་བུ་ལ་ཤིང་བལ་གྱི་འདབ་མས་དཀྲི་བར་གསུངས་པ་སྡོང་བུ་སྤྱི་ཙམ་ལ་མི་འགྲིག་པས་ནང་གི་སྲོག་ཤིང་ལ་བྱེད་དགོས་པ་དང། མགོན་པོའི་གཏོར་ཆོག་ཏུ་ཡི་དྭགས་ཀྱི་ཕུང་པོ་སྲོག་ཤིང་གི་ཚུལ་དུ་བྱས་ནས་སྐྲའི་རས་ཀྱིས་དཀྲི་བར་གསུངས་པའི་རིགས་འགྲོས་ཀྱིས་ཀྱང་ཤེས་སོ། །ལ་ལ་འོད་མེད་པར་མེ་མ་ཤི་ཙམ་གྱིས་རྒྱུན་གང་རིང་བྱེད་པ་མི་ལེགས་ལ། སྡོང་བུ་ཧ་ཅང་སྦོམ་པས་མྱུར་དུ་འབར་བའང་མི་བྱེད་པར། འོད་གསལ་


GTD007_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟེང་ནས་དལ་འབར་བྱས་ན་ལེགས་པར་བཀའ་གདམས་ཀྱི་བསྟན་རིམ་ལས་གསུངས། མར་མེ་ཕུལ་བས་མངོན་ཤེས་འགྲུབ་པ་དང། ཆོས་ཀྱི་མིག་རྣམ་པར་དག་པ་སོགས་ཕན་ཡོན་དུ་མ་འབྱུང་བར་ལས་རྣམ་པར་འབྱེད་པའི་མདོ་དང་རིན་པོ་ཆེའི་ཕྲེང་བ་སོགས་སུ་གསུངས་ལ། ཁྱད་པར་དུ་མ་རྒྱུད་ཀྱི་སྐབས་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་བདེ་ཆེན་འོད་གསལ་གྱི་ཡེ་ཤེས་འདྲེན་པ་ལ་མར་མེ་ཕུལ་བ་རྟེན་འབྲེལ་གྱི་སྒོ་ལྷག་པར་ཆེ་བའི་ཚུལ་བདེ་མཆོག་རྩ་རྒྱུད་ལེའུ་གཉིས་པ་རྩ་འགྲེལ་རྣམས་ཀྱིས་འགྲུབ་བོ། །ཞལ་ཟས་ནི་ཟན་གཙང་མ་གང་ལེགས་ལས་བཟོས་པ་མར་གསར་པའི་རྒྱན་གྱིས་སྤྲས་པའི་དབྱིབས་ཕུན་སུམ་ཚོགས་པ་ཕྱག་ལེན་བཞིན་བྱ་དགོས་ཀྱི། ཤ་ར་བའི་གསུང་སྒྲོས་ལས་ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་ལྟ་བུ་ནས་མ་ཡིན་གྱི་གང་བཟང་བ་ནས་བྱ་དགོས་གསུངས་པ་བཞིན། རང་གིས་གང་ལོངས་སྤྱོད་རྒྱུ་དེ་ལས་བཟང་བ་ཞིག་དགོས་ལ། མ་མཐའ་འང་དེ་ལས་མི་ཞན་པ་ཞིག་བྱེད་དགོས་ཏེ། བཟང་པོ་རང་གིས་ལོངས་སྤྱད་ནས་ངན་པ་དཀོན་མཆོག་ལ་འབུལ་བ་ནི་ཕན་ཡོན་ལས་ཀྱང་ཉེས་དམིགས་ཆེ་བས་ཤིན་ཏུ་མི་རུང་ངོ་།། དེར་མ་ཟད་སྨན་ལྔ་དང་སྙིང་པོ་ལྔ་ལ་སོགས་པའང་ནང་དུ་བསྲེས་ན་གནས་སྐབས་སུ་ནད་མུག་དབུལ་བ་སོགས་ཀྱི་གདུང་བ་སེལ་ཞིང་ནད་ཀྱི་བསྐལ་པ་སོགས་སུ་མི་སྐྱེ་བ་དང། མཐར་ཐུག་དབང་སྟོབས་སོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །མདོར་ན་རྗེ་བདག་ཉིད་ཆེན་པོས། འདི་ཕྱིའི་བདེ་ལེགས་ཐམས་ཅད་འབྱུང་བའི་ཞིང་ས་དམ་པ་དུས་བཞི་ཐམས་ཅད་དུ་


GTD007_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་མེད་པར་བདེ་ལེགས་ཀྱི་ས་བོན་བཏབ་པས་ཆོག་པ་འདི་ལ་དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག །ཅེས་མདོ་ལས་གསུངས་པ་ལྟར་བྱ་རྒྱུ་མ་བྱུང་ན་ཆེས་ཤིན་ཏུ་ཕངས་པ་ཡིན་ནོ། །ཞེས་གསུངས་པ་བཞིན་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་ལ་ཚོགས་གང་འདོད་བསག་ཏུ་ཡོད་པའི་སྐབས་འདིར་རང་གིས་རང་མ་བསླུས་པ་བྱས་ཏེ་ནུས་པ་ཅི་ཡོད་ཀྱིས་དཀོན་མཆོག་ལ་མཆོད་པ་རྒྱ་གང་ཆེ་དང། ཐ་ན་ཟས་ཁམ་གཅིག་ཟ་ནའང་དེའི་ཕུད་དཀོན་མཆོག་ལ་བསྔོས་ཏེ་ཚོགས་རླབས་པོ་ཆེའི་སྦྱོར་བ་ཆུ་བོའི་རྒྱུན་བཞིན་བསྐྱང་བར་བྱའོ། །མཆོག་གསུམ་བྱིན་རླབས་སྤྲིན་ཕུང་ལས། །དངོས་གྲུབ་རྣམ་གཉིས་ཆར་འབེབས་པས། །མཁའ་མཉམ་ལུས་ཅན་འཛིན་མ་ལ། །དགེ་ལེགས་ལོ་ཏོག་རྒྱས་གྱུར་ཅིག །ཅེས་པ་འདི་ནི་ཐུ་མེད་ཤོག་ནས་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་ངག་དབང་རབ་རྒྱས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བྱམས་མགོན་ཐུགས་རྗེ་བདུད་རྩིའི་འོད་དཀར་གྱིས། །བཀྲ་ཤིས་དགེ་མཚན་ཆུ་གཏེར་རྒྱས་བྱེད་ཅིང་། །རྣམ་གྲོལ་ཀུན་དའི་ས་བོན་སྨིན་པ་ཡིས། །ཆོས་སྲིད་རྫོགས་ལྡན་དཔལ་གྱི་སྒོ་བརྒྱ་ཕྱེས། །ཞེས་དགེ་ལེགས་སུ་བྱེད་པའི་ཚིག་གིས་ཐོག་དྲངས་ཏེ་བྱམས་པ་གླིང་སྐོར་གྱི་ལོ་རྒྱུས་དང་ཕན་ཡོན་ཅུང་ཟད་བརྗོད་ན། སྐྱབས་མགོན་རྡོ་རྗེ་འཆང་ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་གི་དགེ་ལྡན་ཆོས་འབྱུང་ལས། སྐྱེ་དགུ་རྣམས་མ་འོངས་པ་


GTD007_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྒྱལ་བ་བྱམས་པ་འཇིག་རྟེན་དུ་བྱོན་པའི་ཚེ་འདུས་པ་དང་པོར་སྐྱེ་བའི་རྟེན་འབྲེལ་དུ་རྒྱལ་བ་བྱམས་པའི་སྣང་བརྙན་མཆོད་པའི་ཚོགས་དུ་མ་དང། ཚེ་ལོ་བརྒྱད་ཁྲི་པའི་ལུས་ཚད་ཕོ་མོ་སྟག་སེང་གེ་གཡག་ལ་སོགས་པ་དང་བཅས་ཏེ་ཕྱིར་སྐོར་ལ་གདན་འདྲེན་པའི་ཕྱག་ལེན་འཛུག་པར་མཛད། ཅེས་གསུངས་པ་ལྟར་རྗེ་བླ་མའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་སྨོན་ལམ་གྱི་མཆོད་པའི་མཇུག་ཏུ་དགོས་དབང་དེ་ལྟ་བུ་ལ་དགོངས་ནས་བྱམས་པ་གླིང་སྐོར་བྱེད་པའི་སྲོལ་ཐོག་མར་ཕྱེ་བ་ཡིན་ལ། སྤྱིར་འདུལ་བའི་མདོ་ལས། སངས་རྒྱས་ཀྱི་སྐུ་གཟུགས་བྱའོ། །དེ་ལ་དུས་སྟོན་བྱའོ། །བལྟམས་པ་དང་གཙུག་ཕུད་དང་དབུ་སྐྲ་དང་བྱང་ཆུབ་པའི་དུས་སྟོན་དག་ཀྱང་ངོ་། །དེ་གྲོང་ཁྱེར་དུ་གཤེགས་པར་བྱའོ། །ཞེས་དང། ཁྱོགས་ཀྱིས་བཀུར་རོ། །ཤིང་རྟས་ཀྱང་ངོ་། །དེ་ལ་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་ངོ་། །རོལ་མོ་བྱ་བ་དང་བཀུར་སྟི་ཆེན་པོ་གཞན་ཡང་བཟང་ངོ་། །ཞེས་དུས་ཆེན་སོ་སོ་ལ་བདེ་བར་གཤེགས་པའི་སྐུ་གཟུགས་ཁྱོགས་དང་ཤིང་རྟ་སོགས་ཀྱིས་བཏེག་སྟེ་མཆོད་པའི་བྱེ་བྲག་དུ་མ་དང་བཅས་དགོན་སྡེའམ་གྲོང་ཁྱེར་གྱི་མཐའ་སྐོར་སྐོར་བ་བྱེད་པའི་སྲོལ་སྟོན་པ་ཞལ་བཞུགས་པའི་དུས་ནས་བཟུང་རྒྱ་གར་འཕགས་པའི་ཡུལ་སོགས་སུ་རིམ་པ་བཞིན་དར་བ་ཡིན་པས། དགོན་སྡེ་འདིར་ཡང་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་དུས་སྟོན་དང་འབྲེལ་བར་འདི་བཞིན་བྱེད་པ་སྐབས་དང་འབྲེལ་ཞིང་དགོས་པ་ཤིན་ཏུ་ཆེ་སྟེ། གསལ་རྒྱལ་ལ་གདམས་


GTD007_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་ལས། སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན། །ཞེས་སྤྱིར་སྐོར་བ་ཙམ་ལ་མངོན་མཐོ་ངེས་ལེགས་ཀྱི་ཕན་ཡོན་ཚད་མེད་པ་འབྱུང་བར་གསུངས་ལ། ཁྱད་པར་དུ་འདི་ལྟ་བུའི་དུས་སྟོན་དང་འབྲེལ་བར་བྱམས་པའི་སྐུ་བརྙན་གདན་དྲངས་ནས་བྱམས་མགོན་འཇིག་རྟེན་དུ་བྱོན་པའི་རྟེན་འབྲེལ་བསྒྲིགས་ཏེ་དགའ་བའི་སེམས་ཀྱིས་ཕྱག་དང་མཆོད་པ་སོགས་བྱས་ན་ངེས་པར་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་འགྲིག་སྟེ་མ་འོངས་པ་ན་སྐྱེ་རྒུ་ཚེ་ལོ་བརྒྱད་ཁྲིའི་ཚེ་འཁོར་སྒྱུར་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་རབ་ཀྱི་སྲས་སུ་བལྟམས་ཤིང་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མཛད་དེ་ཆོས་ཀྱི་བདུད་རྩིའི་སྒོ་མོ་ཕྱེ་བ་ན་འཁོར་གྱི་ཐོག་མར་འགྱུར་བའི་ཚུལ་ནི་འཕགས་པ་བྱམས་པའི་མདོ་ལས། མེ་ཏོག་སྙིམ་པ་གང་ཙམ་མམ། མར་མེ་གཅིག་ཙམ་འབུལ་བའམ། གཞན་དག་བསོད་ནམས་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ་དགེ་བ་འདི་དག་བྱེད་པའི་ལྷ་དང་མི་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར་རོ། །ཞེས་དང། དེ་དག་ནི་བྱམས་པ་སངས་རྒྱས་པ་དེའི་ཚེ་དེའི་དྲུང་དུ་སྐྱེ་ཞིང་དང་པོའི་ཆོས་ཐོབ་པར་འགྱུར་རོ། །ཞེས་གསུངས་ལ། གཞན་ཡང་བྱམས་པ་འབྱུང་བའི་མདོ་དང་བྱམས་པ་སེང་གེ་སྒྲའི་མདོ་སོགས་དུ་མ་ལས་ཀྱང་སྟོན་པ་ཐུབ་པའི་དབང་པོ་དང་བྱམས་མགོན་རྣམ་གཉིས་ཀྱི་ཐུགས་བསྐྱེད་འབྲེལ་བའི་སྟོབས་


GTD007_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྟན་པ་འདིར་དགེ་རྩ་ཕྲ་མོ་རེ་བསྒྲུབ་ཚུན་ཆད་ཀྱང་མ་འོངས་པ་ན་བྱམས་པས་རྗེས་སུ་འཛིན་པའི་རྒྱུར་བསྔོས་ན་འགྲུབ་སླ་བར་གསུངས་སོ། །དེར་མ་ཟད་སྙིགས་མའི་རྒུད་པ་སྣ་ཚོགས་ཀྱིས་སྐྱེ་རྒུ་རྣམས་ཤིན་ཏུ་གཟིར་བའི་དུས་འདིར་མགོན་པོ་འདི་ཉིད་ཀྱི་མཚན་ཙམ་ལ་བརྟེན་ནས་ཀྱང་འཇིག་རྟེན་མཐའ་དག་བདེ་ཞིང་སྐྱིད་པར་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡང་ཡོད་དེ། མགོན་པོ་འདི་ལ་རྗེ་བཙུན་བྱམས་པ་ཞེས་མཚན་འདོགས་པའི་རྒྱུ་མཚན་ཕལ་པོ་ཆེའི་མདོ་ལས་ཐོག་མ་ཁོ་ནར་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས་ལ། ཡེ་ཤེས་ཐམས་ཅད་ཀྱི་འོད་ཅེས་བྱ་བའི་མདོ་ལས་སློབ་ལམ་དུ་བྱམས་པ་བསྒོམས་ཤིང་སྨོན་ལམ་གནང་བ་ནས་བཟུང་སྟེ་བྱམས་པའི་མཚན་ཅན་དུ་གྱུར་པར་གསུངས་པ་དང་། ཡུམ་བྱམས་མའི་སྲས་སུ་འཁྲུངས་པས་བྱམས་པ་ཞེས་མཚན་བཏགས་པར་རྒྱ་ནག་འགྲེལ་ཆེན་ལས་འབྱུང་བ་ལྟ་བུ་ཅི་རིགས་ཡོད་ཀྱང་གཙོ་བོར་གྱུར་པ་ནི་ཟབ་རྒྱས་གཉིས་ཀྱི་ནང་ནས་རྒྱ་ཆེ་བའི་ལམ་གྱི་བཀའ་བབ་དང། དེ་ལ་རིགས་མང་དུ་ཡོད་པ་ལས་ཀྱང་རྒྱལ་བ་སྲས་བཅས་མ་ལུས་པའི་ཐུགས་རྒྱུད་ཀྱི་འགྲོ་ཀུན་བདེ་བ་ལ་འགོད་པར་འདོད་པའི་བྱམས་པ་ཆེན་པོ་དེ་ཉིད་བཞིན་ལག་གི་རྣམ་པར་ཤར་བ་ནི་རྗེ་བཙུན་འདི་ཉིད་ཡིན་པས་དེ་འཇིག་རྟེན་དུ་བྱོན་པའི་རྣམ་པ་བྱས་པ་ཙམ་གྱིས་ཀྱང་འགྲོ་བ་རྣམས་བྱམས་པའི་སེམས་དང་ལྡན་ཞིང་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཏེ། དམ་པ་གོང་མ་རྣམས་ཀྱི་གསུང་ལས་འདིའི་ཚེ་


GTD007_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་འབྲོང་སོགས་རྩེད་མོ་བྱེད་པའང་སྤྱིར་དེ་གཉིས་འཇིག་རྟེན་ན་མི་མཐུན་པའི་དཔེར་བྱེད་པ་ཡིན་ཀྱང་། བྱམས་མགོན་འཇིག་རྟེན་དུ་བྱོན་པའི་ཚེ་དེའི་ཐུགས་རྗེ་ལ་བརྟེན་ནས་ཡུལ་གྱི་གཅན་གཟན་རྣམས་ཀྱང་མ་དང་བུ་ལྟར་གཅིག་ལ་གཅིག་བྱམས་སེམས་དང་ལྡན་པར་འགྱུར་བས་དེ་མཚོན་བྱེད་ཡིན་པར་གསུངས་སོ། །མདོར་ན་དམ་པ་གོང་མ་རྣམས་ཀྱིས་བསྟན་འགྲོར་ཕན་པའི་དགོངས་པ་རླབས་པོ་ཆེའི་སྒོ་ནས་འཛུག་པར་མཛད་པ་འདི་དག་མཛེས་ཆོས་དང་ལྟད་མོ་ཙམ་དུ་མ་གོ་བར་འདི་ཕྱིར་དགེ་བའི་ཕན་ཡོན་ལ་བསམ་སྟེ་ཕྱག་བཞེས་ཅུང་ཟད་ཀྱང་མ་འཆོལ་བར་ལག་ཏུ་ལོན་པ་ཤིན་ཏུ་གལ་ཆེ་བས་འབད་པ་བྱ་དགོས་སོ། །མ་ཕམ་རྒྱལ་བའི་ཉི་མ་འཇིག་རྟེན་དུ། །འབྱོན་པའི་རྟེན་འབྲེལ་ཐོག་མའི་སྒོ་ཕྱེ་བའི། །དགེ་འདིས་འཇིག་རྟེན་བདེ་ཞིང་སྐྱིད་པ་དང། །མ་འོངས་བྱམས་པ་མགོན་པོས་རྗེས་འཛིན་ཤོག །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་སུ་ཉིད་ཐོ་ཡོན་ཆོས་རྗེའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཆོས་འཕེལ་བས་རང་དགོན་དུ་བྱམས་པ་གླིང་སྐོར་གྱི་སྲོལ་གསར་དུ་འཛུག་སྐབས་དེའི་རྒྱུ་མཚན་ཕན་ཡོན་དང་བཅས་པ་ཞིག་དགོས་ཚུལ་བྱུང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ སྔོན་ཚོང་པ་མང་པོ་ཞིག་རྒྱ་མཚོར་ཡང་ཡང་ཕྱིན་ཀྱང་འདོད་པའི་དོན་མ་གྲུབ་པས་བཅོམ་ལྡན་འདས་ཀྱི་སྐུའི་སྐྱེ་བ་དེད་དཔོན་ལེགས་པར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཞིག་བཞུགས་པ་དེའི་


GTD007_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་སོང་ནས་གསོལ་བ་བཏབ་པས་ཁོང་ཧ་ཅང་བགྲེས་པ་དང་སྔར་རྒྱ་མཚོར་ལན་དྲུག་ཕེབས་པའི་ཚེ་དགོས་དོན་ལེགས་པར་གྲུབ་ཅིང་ལན་བདུན་འགྲོ་བའི་སྲོལ་མེད་གསུངས་ཏེ་རེ་ཞིག་ཞལ་གྱིས་མ་བཞེས་ཀྱང་ཚོང་པ་རྣམས་ཀྱིས་ཁྱེད་ཀྱི་ཐུགས་རྗེ་ལ་བརྟེན་ནས་ངེད་ཅག་གི་འདོད་དོན་ཞིག་མ་གྲུབ་ན་རང་སྟོབས་ཀྱིས་འོང་ས་མི་འདུག་པས་ཅིས་ཀྱང་ཐུགས་རྗེས་གཟིགས་དགོས་ཞེས་ཡང་ཡང་གསོལ་བའི་ངོ་མ་བཟློག་པར་རྒྱ་མཚོར་ལྷན་དུ་འཇུག་པར་མཛད། འོན་ཀྱང་དེ་དག་གི་ལས་དབང་བཙན་པས་མི་མཐུན་པའི་རླུང་དྲག་པོ་ལངས་ཏེ་རང་དབང་མེད་པར་གྲུ་བདས་ནས་འོ་འཕྲེང་ཅན་ཞེས་བྱ་བའི་རྒྱ་མཚོ་དང། མེ་ལྕེའི་འཕྲེང་བ་ཅན་ཞེས་བྱ་བའི་རྒྱ་མཚོ་དང། ཀུ་ཤའི་འཕྲེང་བ་ཅན་ཞེས་བྱ་བའི་རྒྱ་མཚོ་དང། འདམ་བུའི་འཕྲེང་བ་ཅན་ཞེས་བྱ་བའི་རྒྱ་མཚོ་སོགས་རིམ་བཞིན་བརྒལ་བ་ན་སྟེང་ནས་དྲག་པོའི་རྡོ་ཆར་བབས་ཤིང། རྒྱ་མཚོའི་རྦ་ཀློང་རི་བོ་བླ་འོག་བརྗེ་བ་ལྟ་བུ། ཉི་མའི་དཀྱིལ་འཁོར་ཡང་དེའི་ནང་དུ་ནུབ་པ་ལྟ་བུ་ཤིན་ཏུ་འཇིགས་སུ་རུང་བ་དེ་ལྟ་བུར་ཚུད་པར་ཉེ་བ་ན་ཚོང་པ་ཐམས་ཅད་སྙིང་སྟོར་ཏེ་འགྱེལ་ཞིང། བློ་བརྟན་པ་འགའ་ཞིག་གིས་དེད་དཔོན་ཉིད་ལ་གསོལ་བ་བཏབ་སྟེ་ངེད་ཅག་ཐམས་ཅད་རྒྱ་མཚོའི་རྦ་ཀློང་གིས་རིལ་གྱིས་མིད་པ་འདི་ལ་ཁྱེད་ཀྱིས་ཐུགས་རྗེས་གཟིགས་ཞེས་གདུང་བས་འོ་དོད་བོས་པ་ན་བརྩེ་བ་དྲག་པོ་སྐྱེས་ཏེ་དེ་མ་ཐག་པུས་མོའི་ལྷ་ང་ས་ལ་བཙུགས་ནས་སྤྱི་བོར་ཐལ་མོ་སྦྱར་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དཔང་པོར་བཞག་ནས། ངེད་


GTD007_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཤེད་ཕྱེ་བ་ཚུན་ཆད་སེམས་ཅན་གཅིག་གིའང་སྲོག་ལ་གནོད་པ་བྱས་པ་མེད་པས། དེའི་སྟོབས་ཀྱིས་གྲུ་འདི་ཕྱིར་ལྡོག་པར་གྱུར་ཅིག་ཅེས་བདེན་སྟོབས་བརྗོད་མ་ཐག་མཐུན་པའི་རླུང་གིས་གྲུ་ཕྱིར་བསྒྱུར། ལས་བྱེད་རྣམས་ཀྱིས་ཀྱང་བ་དན་ལ་སོགས་པ་བསྒྲེངས་ཏེ་ཕྱིར་འཁོར་བས། མཚན་མོ་དེར་དེད་དཔོན་གྱིས་རྒྱ་མཚོའི་ནང་གི་ས་རྡོ་འདི་དག་བཀྲ་ཤིས་པའི་རྫས་ཡིན་པས་ཐུབ་ཚོད་རེ་བླངས་ནས་གྲུ་ནང་དུ་བླུགས་ན་གྲུའང་ཕྱིར་ལྡོག་པའི་ཁྱད་ཡོད་གསུངས་པ་ན་ས་རྡོ་ཡིན་པའི་བློས་རིན་པོ་ཆེའི་རིགས་ཀྱིས་གྲུ་བཀང། ཕྱི་ཉིན་ནམ་ལངས་པའི་ཚེ་རང་ཡུལ་དང་ཉེ་བའི་རྒྱ་མཚོའི་འགྲམ་ཞིག་ཏུ་སླེབས་ཤིང། གྲུའང་རིན་པོ་ཆེས་གང་བར་མཐོང་ནས་ཐམས་ཅད་ཤིན་ཏུ་དགའ་སྟེ་དེད་དཔོན་ལ་ཕྱག་དང་བསྙེན་བཀུར་རྒྱ་ཆེན་པོ་བྱས་སོ།། ༈ བོད་ཀྱི་བླ་མ་ཁ་ཅིག་དཀྱིལ་འཁོར་གྱི་ཐིག་འདེབས་པ་སོགས་ལ་ཐོག་མར་བླ་མ་དབང་ལྡན་དུ་གནས་ནས་བྱེད་པའི་རྒྱུ་མཚན། དཀྱིལ་འཁོར་བྲི་སྒྲུབ་སོགས་ཞི་རྒྱས་ཀྱི་ལས་གཙོ་བོར་གྱུར་པའི་ཕྱིར་དང། རྒྱུད་ལས་ཞི་བ་ལ་ཤར་དང། རྒྱས་པ་ལ་བྱང་གཙོ་བོར་གསུངས་པའི་ཕྱིར་ཅེས་བཞེད་དོ། །དེའང་འཐད་པར་མ་མཐོང་སྟེ། དཀྱིལ་འཁོར་བྲི་སྒྲུབ་སོགས་ཞི་རྒྱས་གཙོ་བོར་གྱུར་པ་མ་ཡིན་པའི་ཕྱིར་དང། དེ་གཉིས་གཙོ་ན་ཕྱོགས་དེ་གཉི་གར་སྡོད་པ་ལྷག་པར་མི་རུང་བའི་ཕྱིར་དང། དབང་ལྡན་དེ་གཉི་གར་མི་གཏོགས་པས་རང་གི་ཞེ་འདོད་དང་མ་མཐུན་


GTD007_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དང་པོ་གྲུབ་སྟེ། ཐུན་མོང་བའི་དངོས་གྲུབ་ལས་བཞི་སོགས་གཙོ་བོར་སྒྲུབ་ན་དཔའ་བོ་གཅིག་པ་ལྟ་བུས་ཀྱང་ཆོག་པས། དཀྱིལ་འཁོར་རྫོགས་པར་བྲིས་ཏེ་སྦྱང་གཞི་སྦྱོང་བྱེད་ཚང་བའི་རྣལ་འབྱོར་བསྒོམ་པ་ནི་མཆོག་སྒྲུབ་པ་གཙོ་བོར་བྱེད་དགོས་པའི་ཕྱིར། འོན་ཏེ་མཆོག་སྒྲུབ་པ་ལའང་སྡིག་ལྟུང་ཞི་བ་དང་ས་ལམ་གྱི་ཡོན་ཏན་རྒྱས་པ་དགོས་པའི་གཙོ་བོ་ཡིན་པས་མི་འགལ་སྙམ་ན། སྐབས་དེའི་འགལ་རྐྱེན་སེལ་བ་དང་ལེགས་ཚོགས་སྒྲུབ་པ་ཐམས་ཅད་ལ་དགོས་པས། དེ་ལྟར་བྱས་ཚེ་རྣམ་དཀར་གྱི་ལས་ལ་ཞི་རྒྱས་གཙོ་བོར་གྱུར་པའི་ཁྱབ་པ་ཁས་བླངས་དགོས་པར་འགྱུར་རོ། །རྒྱུད་ལས་རྒྱས་པ་ལ་བྱང་གཙོ་བོར་བསྔགས་ན་ཐིག་འདེབས་པའི་ཚེ་དེར་འཁོད་ནས་ཐིག་འདེབས་པ་རྒྱས་པར་ལྷག་པར་མི་རུང་སྟེ་ཁ་ལྷོར་བལྟས་ནས་ཐིག་འདེབས་དགོས་པའི་ཕྱིར། ཁྱབ་སྟེ། དྲག་པོའི་སྦྱིན་སྲེག་ལ་བྱང་ནས་ལྷོར་བལྟས་ཏེ་འབུལ་བ་དང། རྒྱས་པའི་སྦྱིན་སྲེག་ལྷོ་ནས་བྱང་དུ་བལྟས་ཏེ་དབུལ་བར་གསུངས་ལ། འདི་དེ་ལས་གོ་བཟློག་པའི་ཕྱིར། རིགས་པས་ཀྱང་མི་འགྲུབ་སྟེ། བྱང་རྣམ་སྲས་དང་ཛཾ་བྷ་ལ་སོགས་དངོས་གྲུབ་སྟེར་བའི་ལྷ་རྣམས་གནས་པའི་ཕྱོགས་ཡིན་པས་དེར་ཁ་བལྟས་ནས་དངོས་གྲུབ་ལེན་དགོས་རྒྱུ་ལ་རྒྱབ་སྟོན་པ་མི་རིགས་པའི་ཕྱིར་དེ་བཞིན་དུ་ཞི་བ་ལ་ནུབ་ཏུ་བལྟ་དགོས་པར་རྒྱུད་ནས་གསུངས་པ་ཤར་ནས་ནུབ་ཏུ་བལྟ་བའི་ཁུངས་སུ་བྱེད་པའང་གནོད་བྱེད་ལ་སྒྲུབ་བྱེད་དུ་འཁྲུལ་པའི་ནོར་བ་ཆེན་པོའོ། །ཤར་བྱང་གཉིས་ཞི་རྒྱས་ལ་གཙོ་ཆེ་ནའང་དེ་དབང་ལྡན་ནས་


GTD007_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྒྱུ་མཚན་དུ་འབྲེལ་ཅི་ཡང་མེད། དེ་གསུམ་གའི་ཕྱོགས་སྐྱོང་བའི་བདག་པོ་སོ་སོར་ཡོད་པས་ཕན་གནོད་ཀྱི་སྒོ་གང་ཡང་མི་གཅིག་པའི་ཕྱིར། ཕྱོགས་གཉི་གར་མི་གཏོགས་པའི་མཚམས་སུ་འཇོག་དགོས་རྒྱུ་ལ་ཕྱོགས་གཉི་གར་གཏོགས་པའི་ཁུངས་སུ་བྱེད་ན། མཐའ་གཉིས་དང་བྲལ་བའི་དབུས་དེ་མཐའ་གཉིས་ཀར་གཏོགས་པ་དང། སྲིད་པ་བར་མ་འགྲོ་མི་གཏོགས། །ཞེས་པ་དེ་སྔ་ཕྱིའི་འགྲོ་བ་གཉིས་ཀར་གཏོགས་པ་སོགས་མི་གཏོགས་པའི་བཤད་པ་ཐམས་ཅད་གཏོགས་པའི་ཁུངས་སུ་སྦྱོར་དགོས་པར་འགྱུར་རོ། །དབང་ལྡན་ཤར་དུ་མི་གཏོགས་ཀྱང་བྱང་དུ་གཏོགས་ཏེ་དེ་གཉིས་ལ་དོན་གྲུབ་ཀྱིས་རྒྱས་འདེབས་པའི་ཕྱིར་རོ་སྙམ་ན། འོ་ན་ཞི་བ་དང་འབྲེལ་བའི་རྒྱུ་མཚན་སྟོར་བ་ཡིན་པས་བྱང་དུ་གཏོགས་མི་གཏོགས་བྱེད་མི་དགོས་ཀྱི་བྱང་རང་དུ་གནས་ན་ཆོག་པར་འགྱུར་རོ། །འོ་ན་དབང་ལྡན་ནས་འདེབས་པའི་རྒྱུ་མཚན་གང་ཡིན་སྙམ་ན། སྤྱིར་ཕྱོགས་སྐྱོང་བཅུ་ཀ་ལ་འདས་མ་འདས་གཉིས་དང། མ་འདས་པ་ལ་དཀར་ཕྱོགས་པ་ནག་ཕྱོགས་པ་གཉིས་རེ་ཡོད་ཀྱང། བྱང་ཤར་གྱི་བདག་པོ་ཕལ་པ་དེ་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་ལུས་ཀྱི་བཀོད་པ་གཅིག་ཡིན་ཞིང་ཆོས་སྒྲུབ་པ་ལ་བརྣག་པའི་བདུད་དུ་གྲགས་པ་ཡིན། འཁོར་ཡང་ནག་ཕྱོགས་ཀྱི་འབྱུང་པོ་གདུག་པ་ཅན་ཆེས་མང་བས་འབྱུང་པོའི་རྒྱལ་པོ་ཞེས་གསུངས་ཏེ། ཐོག་མར་ཁྲོ་བོའི་ང་རྒྱལ་གྱིས་དེ་ཟིལ་གྱིས་མནན་ནས་དཀྱིལ་འཁོར་བྲིས་ཏེ་སྐུ་གསུམ་གྱི་རྣལ་འབྱོར་སྒྲུབ་པ་ནི། སྟོན་པས་ཀྱང་ཐོག་
མར་བདུད་བཅོམ་སྟེ་བྱང་ཆུབ་མངོན་དུ་མཛད་པའི་རྣམ་ཐར་དང་རྟེན་འབྲེལ་སྒོ་བསྟུན་པ་ཡིན་ནོ།།


previousའཁོར་ལོའི་རྣམ་གཞག་མདོར་བསྡུས།next