Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་སྐྱེ་མྱུར་འབྱོན་གྱི་དེ་ཉིད་གསལ་བྱེད།
   
   
   
   
   
   
   


 
previousསྐུ་སྐྱེ་མྱུར་འབྱོན་གྱི་དེ་ཉིད་གསལ་བྱེད།next

སྐུ་སྐྱེ་མྱུར་འབྱོན་གྱི་དེ་ཉིད་གསལ་བྱེད།


GTD007_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྐྱེ་མྱུར་འབྱོན་གྱི་དེ་ཉིད་གསལ་བྱེད་ཅེས་བྱ་བ་བཞུགས་སོ།། ར༷ང་རིག་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ཏེ། །ར༷ང་གཞན་བསླུ་བའི་རྫུན་ཕུགས་བརྟོལ་བའི་ཕྱིར། །ར༷ང་བཞིན་གསོང་པོར་སྨྲ་བའི་རྟོགས་བརྗོད་འདི། །ར༷ང་ལ་གཅེས་པ་རྣམས་ཀྱིས་གསན་པར་མཛོད། །དེའང་རོ་དངོས་གྲུབ་ཅན་གྱི་གཏམ་རྒྱུད་ལས་ཤིང་བཟོ་ཀུན་དགའི་ལོ་རྒྱུས་ནི། སྔོན་རྒྱལ་པོ་ཀུན་སྣང་གི་བུ་ཀུན་སྐྱོང་བྱ་བའི་ཡུལ་ན་ཤིང་བཟོ་ཀུན་དགའ་དང་ལྷ་བཟོ་ཀུན་དགའ་ཟེར་བ་གཉིས་ཡོད་པ་ནང་མི་མཐུན་པས། ལྷ་བཟོ་ཀུན་དགས་གཅིག་ཤོས་གསོད་འདོད་ནས་ཉིན་གཅིག་ཡི་གེ་རྫུས་མ་ཞིག་ཡབ་རྒྱལ་པོས་བསྐུར་བའི་ཁུལ་བྱས་ཏེ་རྒྱལ་པོ་ཀུན་སྐྱོང་ལ་ཕུལ་བ་ཁ་ཕྱེས་པར། ཀུན་སྣང་གི་ཡི་གེ། བུ་ཀུན་སྐྱོང་ལ་བསྐུར་དོན། ཁྱེད་རང་ཁམས་བདེ་ཞིང་རྒྱལ་སྲིད་ཆོས་དང་མཐུན་པར་སྐྱོང་བཞིན་དུ་ཡོད་པ་གཞིར་བཅས། ངེད་ལྷ་ཡུལ་ན་བདེ་སྐྱིད་ཕུན་སུམ་ཚོགས་པར་ཡོད། འདིར་ལྷ་ཁང་ཞིག་བཞེངས་རྒྱུར་ཤིང་བཟོ་ཞིག་དགོས་འདུག་པས་ཤིང་བཟོ་ཀུན་དགའ་ཡར་ཐོངས། གཏོང་ལུགས་ལྷ་བཟོའི་ངག་བཞིན་བྱས་པས་ཆོག་ཟེར་འདུག་པར། རྒྱལ་པོ་ཀུན་སྐྱོང་གིས་འོ་ན་ཇི་ལྟར་གཏོང་དགོས་བྱས་པ་ལ། ཡུལ་མི་ཐམས་ཅད་ལ་ཤིང་ཁུར་རེ་དང་སྣུམ་ཕོར་རེ་ཁྱེར་ཤོག་བྱས་ཏེ་ཤིང་བརྩེགས་ནས་སྟེང་དུ་སྣུམ་བྱུགས། དབུས་སུ་ཤིང་བཟོ་ལག་ཆ་དང་བཅས་བཞག་སྟེ་མེ་བཏང་ནས་རོལ་མོ་མང་པོ་བར་མ་ཆད་པར་དྲག་ཏུ་བརྡུངས་


GTD007_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ན་དུ་བའི་རྟ་ལ་ཞོན་ནས་འགྲོ་བ་ཡིན་ཞུས་པས། རྒྱལ་པོས་ཤིང་བཟོ་བོས་ནས་དེའི་རྒྱུ་མཚན་གསུངས་པར། ཁོའི་སེམས་ལ་དེ་འདྲ་མི་སྲིད། འདི་ལྷ་བཟོ་ཀུན་དགས་གཡོ་སྒྱུ་བྱས་པར་འདུག་པས། ད་ང་རང་གིས་ཀྱང་ཐབས་བྱེད་དགོས་པར་འདུག་སྙམ་སྟེ། རྒྱལ་པོ་ལ་བཀའ་བཞིན་ཞུ་ལགས། ཡིན་ཀྱང་ང་ལ་བྱ་བྱེད་ཀྱི་འཕྲོ་འགའ་ཞིག་ཡོད་པས་ཉི་མ་བདུན་ལ་བསྲིང་ཆོག་པ་དང། འགྲོ་བའི་ཚེ་ང་རང་གི་ཞིང་དཀྱིལ་ནས་སོང་ཆོག་པ་དགོས་ཞུས་པར་དེ་ཡོང་གསུང། ཕྱིར་འོངས་ནས་ཆུང་མ་ལ་རྒྱུ་མཚན་བཤད་དེ་བཟའ་མི་གཉི་གས་ཉིན་མཚན་མེད་པར་ས་བརྐོས་ཏེ་ཁང་པའི་ནང་ནས་ཞིང་གི་འོག་བར་དུ་ས་འོག་བརྒྱུད་དེ་སོང་ཆོག་པ་བྱས། ཞིང་དཀྱིལ་ནས་ཡར་བརྟོལ་བའི་ཁ་རྡོ་ལེབ་ཆེན་པོ་ཞིག་གིས་བཀབ། སྟེང་དུ་ས་བླུག་ནས་མི་མངོན་པར་བྱས་སོ། །འགྲོ་བའི་ཉིན་རྒྱལ་པོ་དང་མི་ཐམས་ཅད་འདུས་ཏེ་ཤིང་བརྩེགས་པ་ན། ཁོས་རྡོའི་ཟུར་མི་གནོན་པ་དང་ནང་ནས་ཅི་བྱས་ཀྱང་གཞན་གྱིས་མི་མཐོང་བའི་ཐབས་སུ། ཁྱེད་ཚོས་བརྩེགས་མི་ཤེས་པར་འདུག །ཁ་ཡངས་ན་དུ་བ་བཀྲམ་ནས་སོང་སྟེ་ཤུགས་མེད་པས་འགྲོ་མི་ཐུབ། གཏིང་ཡངས་ལ་ཁ་རུབ་པ་བྱས་ན་དུ་བ་འདྲིལ་ནས་ཐོགས་པ་མེད་པར་ལྷ་ཡུལ་དུ་འགྲོ་བ་ཡིན། ཤིང་བརྩེགས་ཚུལ་ངེད་རང་ཤིང་བཟོ་ཡིན་པས་མཁས་ཟེར་འདོད་པ་བཞིན་བྱས་སོ། །དེ་ནས་དུ་བ་ཕྱུར་གྱིས་སོང་སྟེ་རོལ་མོ་བརྡུང་བ་དང་ཁོ་རང་དོང་ནང་དུ་བབས། ཁ་རྡོས་བཅད་དེ་ཁྱིམ་དུ་འོངས་སོ། །ལྷ་བཟོ་ཀུན་དགས་ཁོ་ཚིགས་ཡོད་སྙམ་དགའ་ནས་རྫུན་


GTD007_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

འགེབས་སུ་གནམ་ལ་མཛུབ་མོ་བསྒྲེངས་ཏེ་མགོ་ཡུག་ཡུག་བྱེད་ཅིང་ཤིང་བཟོ་ཡ་གི་ན་ཡ་གི་ན་བྱས་མི་རྣམས་ཀྱིས་བལྟས་པས་ཅང་མ་མཐོང། ལ་ལས་དུ་བ་དུམ་བུ་དུམ་བུར་ལྷོག་ལྷོག་འགྲོ་བའི་དབྱིབས་ལ་འཁྲུལ་ཏེ་འདུག་འདུག་བྱས་པས་ཐམས་ཅད་ཀྱིས་བདེན་པར་བཟུང་ནས་ཡ་མཚན་དུ་གླེང་ངོ་། །ཤིང་བཟོ་ཁྱིམ་དུ་སྦས་ནས་བསྡད་དེ་ལུས་ལ་ཉི་མ་དང་བསེར་བུས་མ་ཕོག་པ་བྱས། ཆུ་དྲོན་དང་འོ་མས་ཡང་ཡང་བཀྲུས་པས་ལུས་ཤིན་ཏུ་དཀར་པོར་སོང། ཟླ་བ་གཅིག་ཙམ་འདས་པ་དང་དར་དཀར་གྱི་ལྭ་བ་ཞིག་བཟོས་ནས་གྱོན། ཡི་གེ་རྫུས་མ་ཞིག་བཟུང་ནས་རྒྱལ་པོའི་དྲུང་དུ་སོང་སྟེ་ཡི་གེ་ཕུལ་བའི་ནང་དུ། ཤིང་བཟོ་འདིས་ལྷ་ཁང་གི་ལས་ཀ་ལ་ཤིན་ཏུ་གོ་ཆོད་པས་ཕན་ཐོགས་ཆེན་པོ་བྱུང། འདིར་སྐྱིད་པོ་བྱས་ནས་བསྡད་ཆོག་བྱས་ཀྱང་ཁོས་བུ་སྨད་གསོ་དགོས་པ་དང་རྒྱལ་པོའི་ཕྱག་གཡོག་སྒྲུབ་དགོས་ཟེར་ནས་ཕྱིར་སོང་ཡོད་པས། ངེད་ཀྱི་དྲིན་ལ་བསམ་སྟེ་འདིར་བདག་རྐྱེན་གང་གཟབ་ཅིག་གྱིས། ད་ཚོན་ཞིག་གཏོང་རྒྱུར་ལྷ་བཟོ་ཀུན་དགའ་ཡོང་དགོས་ཤིང་ཡོང་ལུགས་སྔར་བཞིན་བྱས་པས་འཐུས་བྱས་འདུག་པས། རྒྱལ་པོ་ཤིན་ཏུ་དགའ་ནས་གསེར་དངུལ། གོས་དར། རྟ། གླང་པོ་ཆེ། མ་ཧེ། ར་ལུག་སོགས་བདག་རྐྱེན་ཚད་མེད་པ་བྱས་སོ། །དེ་ནས་ལྷ་བཟོ་བོས་ཏེ་རྒྱུ་མཚན་གསུང་བར། ཤིང་བཟོ་མངོན་སུམ་དུ་ཕྱིར་འོངས་པ་མཐོང་ནས་འགྲོ་ལུགས་ཤིག་ཡོད་དམ་སྙམ་དུ་འཁྲུལ་བ་དང། ཤིང་བཟོ་ཕྱུག་པོར་སོང་བ་མཐོང་ནས་ནོར་ལ་


GTD007_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ་པས་ཁས་བླངས་སོ། །དེ་ནས་སྔར་ལྟར་བསྲེག་པ་དང་འགྲོ་ཐབས་ནི་མེད། ཕྱིར་འབུད་འདོད་ཀྱང་ཤིང་བརྩེགས་ཆེ་བ་དང་མེས་གདུངས་ནས་འབུད་མི་ཐུབ། འོ་དོད་བོས་ཀྱང་རོལ་མོའི་སྒྲས་བཀབ་ནས་སུས་ཀྱང་མ་ཚོར་བར་གསོན་པོར་བསྲེགས་སོ། །དཔེ་དེ་དང་ཅི་ཞིག་འདྲ་ན། ད་ལྟ་བླ་མ་དང་སྐྱེས་བུ་དམ་པའི་མིང་རེ་བཟུང་སྟེ་གདེང་ཅིའང་མེད་པར་དཀོར་རྫས་འབའ་ཞིག་བསགས་ནས་ཕྱིར་སྐྱེས་ཏེ་ལོངས་སྤྱོད་རྒྱུའི་འདིང་བྱེད་པ་རྣམས་དེ་དང་འདྲའོ། །ཇི་ལྟར་འདྲ་ན་ལྷ་བཟོ་ཀུན་དགས་ཀྱང་ད་ལྟ་སོས་བདེ་མོར་ཡོད་དུས་མཐོ་གང་ནམ་མཁའ་ལ་འཕུར་མི་ཐུབ་ན། མེས་སྟོང་འོག་ཀུན་ནས་བསྲེག་དུས་ལྷ་ཡུལ་དུ་འགྲོ་བའི་ནུས་པ་མེད་པ་ཤེས་བཞིན་དུ་རང་གིས་གཡོ་སྒྱུ་བྱས་པ་དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་མོད། དེ་བཞིན་དུ་ད་ལྟ་མི་ལུས་ཐོབ། ཕྱི་ནང་གི་མཐུན་རྐྱེན་ཚང། བློ་རིག་ཐབས་གསུམ་འཛོམ་པའི་དུས་སུའང་ཚེ་འདིར་ཇི་ཙམ་སྡོད་རྒྱུ་དང་ཕྱི་མར་འགྲོ་རྒྱུའི་དབང་དང་ནུས་པ་ཅི་ཡང་མེད་པ་རང་གིས་མངོན་སུམ་དུ་གྲུབ་པ་འདི་ཡིན་ན། ལས་ཀྱི་རླུང་གིས་བདས། བར་དོའི་འཁྲུལ་སྣང་གིས་གཡེང་སྟེ་བྱ་སྤུ་རླུང་གིས་ཁྱེར་བ་ལྟ་བུའི་དུས་སུ་ཕྱི་མའི་སྐྱེ་བ་གང་འདོད་དུ་ལེན་རྒྱུའི་དབང་མེད་པ་རང་གི་མྱོང་བས་འགྲུབ་བོ། །འོན་ཀྱང་ཤིང་བཟོ་རང་གི་ཞིང་ནང་ནས་ཕྱིར་ཁྱིམ་དུ་འོངས་ཏེ་ལྷ་ཡུལ་ནས་འོང་རྫུ་བྱས་ཁ་དོག་ཇེ་དཀར་དུ་སོང་ཡོད་པ་མཐོང་བས་ངེས་པར་འོང་ལུགས་ཤིག་ཡོད་དམ་སྙམ་


GTD007_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁྲུལ་བ་དང། ནོར་རྫས་ལ་སྲེད་པས་ཡིད་བསླད་དེ་ལྷ་བཟོ་ཁོ་རང་ཡང་ལྷ་ཡུལ་དུ་འགྲོ་བར་ཁས་བླངས་པའི་དཔེ་དེ་བཞིན་དུ། ད་ལྟ་འབྱོར་པ་དང་གྲྭ་རིགས་ཅུང་ཟད་ཡོད་པའི་བླ་མར་མིང་བཏགས་ཚད་འདས་པ་ན། རང་གི་ཉེ་དུའམ། སྦྱིན་བདག་ལྟ་བུ་རེ་ལྟོས་བྱེད་ས་རེ་ནས་འཁྲུངས་སོ་ཞེས་བྱིས་པ་རེ་གོས་དར་གྱིས་བཏུམ་སྟེ་ལྡེར་སྐུ་བཞིན་དུ་བཞག །ཚང་མས་བླུན་དད་ཀྱིས་ནོར་རྫས་མང་པོ་འབུལ་བ་མཐོང་བ་ན། ངེས་པར་ཕར་ནང་ཞིག་ནས་རང་གིས་གང་འདོད་དུ་ཕྱིར་འོང་ལུགས་ཤིག་ཡོད་རྒྱུ་ཡིན་ནམ་སྙམ་དུ་འཁྲུལ་ཞིང། སྔ་མའི་ནོར་རྫས་བློས་མ་ཐོངས་པའི་སྟེང་དུ་ད་དུང་སྐྱེ་བ་བརྒྱུད་ནས་གསོག་འདོད་ཀྱི་སྲེད་པས་ཅུང་ཟད་ཀྱང་བཀོལ་མི་ཐུབ་པར་རང་ཉིད་སྐུ་སྐྱེ་རྒྱུའི་རྩིས་བྱེད་དོ། །ཡང་ལྷ་བཟོ་ཁོ་རང་གལ་ལ་ཐུག་པ་ན་གནམ་ལ་འཕུར་བ་ལྟ་ཅི། ཤིང་བརྩེགས་ཆེ་བ་དང་མེས་གདུངས་པས་ཕྱིར་ཡང་འབུད་མི་ཐུབ། ཐ་ན་ངན་སྐད་བཏོན་པའང་རོལ་མོའི་སྒྲས་བཀབ་ནས་སུས་ཀྱང་མི་ཚོར་བར་གསོན་པོར་བསྲེགས་ཏེ་གཞན་ལ་གཡོ་སྒྱུ་བྱས་པའི་ལ་ཡོག་རང་ལ་མཐོང་ཆོས་སུ་སྨིན་ནོ། །དཔེ་དེ་བཞིན་དུ་སྐྱེ་ཤིའི་འཕྲང་ལ་སླེབས་པ་ན་བསམ་བཞིན་དུ་དག་པའི་སྐྱེ་བ་འཛིན་པ་ལྟ་ཞོག །དཀོར་གྱི་བུད་ཤིང་བརྩེགས་ཆེ་བ་དང་སྡིག་ལྟུང་གི་མེས་གདུངས་པས་བདེ་འགྲོ་ཙམ་དུའང་ཐོན་མི་ནུས་ལ། སྔར་གསོན་གཤིན་ཀུན་གྱི་མགོ་བསྐོར་བའི་ལ་ཡོག་གིས་རང་ལ་དགེ་རྩ་བྱས་པ་དེའང་གནད་དུ་མི་འགྲོ་སྟེ། མཆོག་ཁྲུས་བྱེད་ཁུལ་དང། གདུང་མཇལ་ཕྱག་མཆོད་བྱེད་ཁུལ་སོགས་རང་ངན་སོང་ན་སྡུག་སྐད་ལྷང་ལྷང་བྱེད་ཀྱིན་


GTD007_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཐོག་ཏུ་ཕན་རྒྱུ་མེད་ལ་གནོད་ཚབས་ཆེ་བའི་གདུང་རྫོགས་ཀྱི་ཆོབ་ཆོབ་མང་པོ་ནི་ལྷ་བཟོ་བསྲེག་དུས་ཀྱི་རོལ་མོ་བརྡུངས་པ་ལྟ་བུ་ཞིག་འབྱུང་ངོ་། །གལ་ཏེ་རང་དབང་དུ་སྐྱེ་བ་ལེན་པའི་ནུས་པ་ཡོད་ནའང། སྐྱེས་ནས་བསྟན་པ་ལ་ཕན་པ་ཅུང་ཟད་ཅིག་བྱ་དགོས་ཀྱི། དེ་འདྲའི་དགོས་པ་ཅི་ཡང་མེད་ཚེ་དག་པའི་ཞིང་དུ་མ་བཞུགས་པར་མ་དག་པའི་ཞིང་འདིར་བྱོན་ནས་གཉེན་བཤེས་གཡོག་འཁོར་སྐྱོང་བ་ཙམ་ཞིག་ཡིན་ན། ཤིང་བཟོ་ཀུན་དགས་ཁོ་ལྷ་ཡུལ་དུ་སྡོད་མི་ཁོམ། མི་ཡུལ་དུ་སོང་ནས་བུ་སྨད་གསོ་དགོས་ཞེས་པ་དང་ཁྱད་མེད་ལ། མི་ཚེ་སྡིག་ལ་བསྐྱལ་ན་འཆི་དུས་དག་ཞིང་དུ་འགྲོ་འདོད་ཀྱང་མགོ་ཐུར་དུ་བསྟན་ནས་མར་ངན་སོང་དུ་འགྲོ་དགོས་པ། ཤིང་བཟོ་ཀུན་དགའ་ལྷ་ཡུལ་དུ་འགྲོ་ཁ་ས་འོག་ཏུ་འཛུལ་བ་ལྟ་བུ་ཞིག་འབྱུང། ད་ལྟ་ཕལ་མོ་ཆེར་འདས་རྟགས་དང་འཁྲུངས་རྟགས་འགྲིག་འགྲིག་མང་པོ་བཤད་ནས་བླུན་པོའི་མགོ་བསྐོར་བའམ། དུད་པའི་ནང་ན་ཡ་གི་ཡ་གི་བྱས་པས་གཞན་རྣམས་ཀྱིས་བདེན་པ་བཟུང་བ་དང་འདྲའོ།། མདོར་ན་རང་ལ་འབྲེལ་ཅི་ཡང་མེད་པའི་བུ་ཆུང་ཞིག་ལ་རང་གི་མིང་བཏགས་དུས་དེར་ཆ་རྐྱེན་མ་འཛོམ་གྱི་དོགས་པས་སྡུག་གསོག་བྱེད། རང་གི་རྣམ་ཤེས་ངོ་མ་དེ་གར་འགྲོ་དང། དེའི་སྟེང་ལ་སྐྱིད་སྡུག་ཅི་ཡོང་གི་བསམ་བློ་ཙམ་ཡང་མེད་པ་ནི་ངེས་པར་སྨྱོས་པ་ཡིན་ཏེ། སྨྱོན་པའི་སྨྱོ་སྤྱོད་ཀྱང་ཕན་པ་ལ་གནོད་པར་བཟུང། གནོད་པ་ལ་ཕན་པར་བཟུང། དོན་མེད་པ་ལ་འབད། དོན་ཡོད་པ་རྣམས་འབོར་བ་ལས་ཐུ་བ་ཞིག་བྱེད་རྒྱུ་


GTD007_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །དེས་ན་དབུ་མ་བཞི་བརྒྱ་པ་ལས། རྣམ་ཤེས་གནས་པ་མེད་པ་ལས། །གལ་ཏེ་སྨྱོན་པར་འགྱུར་ན་ན། །སྲིད་གནས་སྨྱོན་པ་མ་ཡིན་ཞེས། །མཁས་པ་སུ་ཞིག་སྨྲ་བར་འགྱུར། །ཞེས་པ་ལྟར་རང་ལ་ནུས་པ་མེད་པར་ཤེས་བཞིན་དུ་གཞན་གྱི་གཡོ་སྒྱུ་ལ་འཁྲུལ་བའི་ཞོར་གྱིས་རང་ཡང་དེའི་གྲངས་སུ་འཚང་བ་ནི་རྣམ་ཤེས་རྣལ་དུ་མ་གནས་པ་ཡིན་ལ། རྣམ་ཤེས་རྣལ་དུ་མ་གནས་པ་དེར་སྨྱོན་པ་ཟེར་བ་ཡིན་ནོ། །འོན་ཀྱང་རྒྱུ་འབྲས་ཆ་མི་མཚུངས་པའི་སྤྱོད་ཚུལ་སྨྱོན་པའི་ཟློས་གར་འདི་ལ་བླུན་པོ་ཀུན་དགའ་བར་འདུག་པས། དེའི་མིང་ལ་སྨྱོན་པ་ཀུན་དགའ་འམ་བླུན་པོ་ཀུན་དགའ་ཞེས་ཐོགས་ཤིག །ཀྱེ་མ་མི་ཤེས་པའི་གདོན་གྱིས་བརླམས་པའི་སྤྱོད་ཚུལ་འདི་ལ་མི་སྲིད་པ་ཅི་ཡང་སྲིད་པར་སྣང་སྟེ། རང་ལ་འབྲེལ་ཅི་ཡང་མེད་པའི་བྱིས་པ་མ་འོངས་པ་ཞིག་གི་དོན་དུ་ད་ལྟ་ནས་སེམས་ཁྲལ་བྱེད་ཅིང་འབད་པས་བསགས་པའི་ནོར་རྫས་ཐམས་ཅད་དེའི་དོན་དུ་འཇོག །དེའི་ཆེད་དུ་བསགས་པའི་སྡིག་ལྟུང་ཐམས་ཅད་རང་ཐོག་ཏུ་ཁུར་ནས་འགྲོ་བའི་ཕྱིན་ཅི་ལོག་གི་བདག་གཞན་མཉམ་བརྗེ་ཇི་ཙམ་ཉམས་སུ་བླངས་ཀྱིན་རང་གཞན་གཉི་ག་ཕུང་ལ་སྦྱོར་བ་འདི་འདྲ་བྱེད་པ་ལས། ངེས་པར་བདག་གཞན་མཉམ་བརྗེ་བྱེད་ན་རྒྱལ་བའི་གསུང་རབ་ལས་འབྱུང་བ་བཞིན་མཁའ་མཉམ་སེམས་ཅན་ཐམས་ཅད་ཐོག་མཐའ་བར་གསུམ་དུ་དྲིན་ཆེ་ཚུལ་བསམས་ཏེ་དེ་དག་གི་སྡིག་སྡུག་ཐམས་ཅད་རང་སྟེང་དུ་བླངས། རང་གི་བདེ་དགེ་ཐམས་ཅད་དེ་རྣམས་ལ་ཉེ་རིང་མེད་པར་བཏང་ན་དོན་
གཉིས་ལྷུན་གྱིས་གྲུབ་པ་ཞིག་འབྱུང་ངོ་། །ཆོས་བསྒྲུབས་པའི་འབྲས་བུར་བླ་གཟུགས་བྱས། །དུས་ཉིན་མཚན་མེད་པར་དཀོར་རྫས་བསགས། །དེ་སྤྱོད་པའི་བདག་པོ་ཐང་ནས་འཚོལ། །རང་ལག་སྟོང་དུ་འགྲོ་བ་ཨ་ཙ་མ། །རོ་དངོས་གྲུབ་ཅན་གྱི་གཏམ་བཀླགས་ཚེ། །དོན་འཆར་ཚུལ་གྱི་གོ་བ་འདི་སྐྱེས་ནས། །རང་སྐལ་མཉམ་བཅས་ལ་ཕན་ཕྱིར་བྲིས། །ཆོས་སྒྲུབ་འབྲས་འཛོལ་བ་མེད་པར་ཤོག །འདི་ནི་ཤིང་ཁྱིའི་ལོར་དབེན་གནས་ཡིད་དགའ་ཆོས་འཛིན་ནས་དབྱར་ཞལ་བཞེས་གནང་སྟེ། དབྱར་ལྗོངས་ཀྱི་ཉིན་སྐྱོ་བསངས་ལ་ཕེབས་ས་ནས་རོ་སྒྲུང་འདོན་བཅུག་སྟེ་གསན། དགུང་མོ་ཕྱིར་ཕེབས་ཕྲལ་དེའི་ནང་གི་ལོ་རྒྱུས་ལེ་ཚན་ལ་འཁྲིས་ཏེ་འདི་སམ་ཊའི་ངོས་ལ་ཕྱག་བྲིས་གནང་འདུག་པ། མཚང་ལ་རྒོལ་བའི་གདམས་པ་ཁྱད་འཕགས་ཤིག་ཏུ་སྣང་བས། བདག་རཏྣ་ཨཱ་ནན་ཏས་ཡི་གེར་བཀོད་པའོ།།


previousསྐུ་སྐྱེ་མྱུར་འབྱོན་གྱི་དེ་ཉིད་གསལ་བྱེད།next