Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
ཐར་འདོད་སྐྱེས་བུ་བག་ཡོད་ལ་སྦྱོར་བའི་གཏམ།
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousཐར་འདོད་སྐྱེས་བུ་བག་ཡོད་ལ་སྦྱོར་བའི་གཏམ།next

ཐར་འདོད་སྐྱེས་བུ་བག་ཡོད་ལ་སྦྱོར་བའི་གཏམ།


GTD007_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་འདོད་སྐྱེས་བུ་བག་ཡོད་ལ་སྦྱོར་བའི་གཏམ་ཉེས་པའི་སྒོ་འགོག་ཅེས་བྱ་བ་བཞུགས་སོ།། བླ་མ་ཐུབ་པའི་དབང་པོ་ཐུགས་རྗེའི་བདག་ཉིད་ཆེན་པོ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ། །བརྩེ་བས་ཉེ་བར་དགོངས་ཏེ་ལུས་ཅན་མཐའ་དག་བག་མེད་པའི་གནས་ལས་བསྐྱབ་ཏུ་གསོལ། དེའང་ཆེད་དུ་བརྗོད་པའི་ཚོམས་ལས། བག་ཡོད་འཆི་བའི་འཇིགས་མེད་དེ། །བག་མེད་པ་ནི་ཀུན་ཏུ་འཆ། །ཞེས་རྒྱུན་དུ་དྲན་ཤེས་བསྟེན་ཏེ་སྒོ་གསུམ་བག་ཡོད་པར་གནས་ན་ཉེས་སྤྱོད་མཐའ་དག་རང་འགགས་སུ་སོང་སྟེ་སྲིད་ཞིའི་འཇིགས་


GTD007_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ལས་ཐར་བར་འགྱུར་ཞིང། བག་མེད་པའི་དབང་དུ་སོང་ན་དད་བརྩོན་ཤེས་རབ་སོགས་ཡོད་ཀྱང་སྒོ་དུ་མ་ནས་ཉེས་པའི་གཡང་དུ་ལྟུང་སྟེ་ཕུང་བར་འགྱུར་བར་གསུངས། དེའི་རྒྱུ་མཚན་གྱིས་འདུལ་བའི་མདོ་ལས་ཀྱང་བསླབ་པ་བརྗོད་པའི་མཇུག་ཏུ་དོན་བསྡུས་ནས། བག་ཡོད་པར་སྒྲུབས་ཤིག་ཅེས་གདམས་པ་ཡིན་ནོ། །བག་མེད་ཀྱི་སྤྱོད་པ་སྣ་ཚོགས་ཡོད་ཀྱང་ཤིན་ཏུ་སྨད་པ་ནི་ཆང་དང་ཐ་མ་ཁ་རྒྱན་པོ་སོགས་ཁྱིམ་པ་ཡ་རབས་རྣམས་ཀྱང་འཛེམ་པའི་གནས་སུ་བྱེད་པས་རབ་བྱུང་གིས་གཏན་ནས་བྱར་མི་རུང་ལ། དེ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དོར་ཏེ་ཁྱིམ་པའི་ཆས་སྤྲོད་ཅིང། འགྲོ་འདུག་སྤྱོད་ལམ་མཐའ་དག་ཁྱིམ་པ་ལྟར་བྱེད་པ་ནི་རང་གིས་ཁས་བླངས་པའི་སྡོམ་ཁྲིམས་དང་འགལ་བའི་ཉེས་པ་ཆེ་བར་མ་ཟད་བསྟན་པའི་དབུ་འཕང་སྨོད་པའི་བདུད་ལས་སུ་ཤེས་པར་བྱས་ཏེ་སྤོང་དགོས་སོ། །ཆང་གི་ཉེས་པ་ནི། མདོ་སྡེ་དྲན་པ་ཉེར་བཞག །འདུལ་བ་ལུང། སྐྱེས་རབས་སོགས་སུ་རྒྱ་ཆེར་གསུངས་པས་འདིར་མི་སྤྲོ་ཞིང། ཐ་མ་ཁ་ནི་རྒྱ་གར་ན་མེད་པའི་དབང་གིས་མདོ་སྡེ་ལས་ཉེས་དམིགས་དངོས་ཟིན་ལ་གསལ་བར་གསུངས་པ་མེད་ཀྱང། གཞན་ལ་ཉེས་དམིགས་གསུངས་པའི་རྒྱུ་མཐུན་རིགས་པས་སྦྱར་ནས་ཤེས་ཤིང་འཛེམ་དགོས་པ་ནི་རྒྱལ་བ་ཉིད་ཀྱི་དགོངས་པ་ཡིན་ནོ། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང། འདི་སྟོན་པས་བཅས་པ་མཛད་པའི་དུས་སུ་བྱུང་ན་ཆང་དང་ཁྱད་མེད་དུ་འགོག་རྒྱུའི་ཚོད་ཡིན། གསུངས་ཚུལ་དམ་པ་


GTD007_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མའི་གསུང་རྒྱུན་ལས་འབྱུང་སྟེ། དེའི་རྒྱུ་མཚན་ནི་འདིས་སེམས་མྱོས་པར་བྱེད་ཅིང་མང་དུ་བསྟེན་གྱིན་སྤྱོད་པ་ཇེ་རྩིང་དུ་སོང་སྟེ་འཕྱར་གཡེང་སོགས་བག་མེད་པའི་སྤྱོད་པ་སྣ་ཚོགས་ལ་འཇུག་པར་འགྱུར་བ་དང། ལྷག་པར་ཡང་འདི་ནི་ཐོག་མ་བདུད་རིགས་ཀྱི་བུད་མེད་ཅིག་གིས་སྨོན་ལམ་ལོག་པར་བཏབ་པའི་ཟླ་མཚན་གྱི་ས་བོན་ལས་བྱུང་བའི་རྫས་ངན་ཡིན་པས། དེའི་དུད་པ་ཕོག་ན་སྔགས་ཀྱི་ནུས་པ་ཉམས་ཤིང་ཡི་དམ་ཆོས་སྲུང་རྣམས་གཡེལ་བར་འགྱུར། དཀར་ཕྱོགས་ཀྱི་ལྷ་ཀླུ་རྣམས་དང་འགོ་བའི་ལྷ་ལྔ་སོགས་ཀྱང་དབྱེ་བར་བྱེད། བདུད་རིགས་སོགས་ནག་པོའི་ཕྱོགས་རྣམས་ཤ་རུལ་ལ་སྦྲང་བུ་འཁོར་བ་བཞིན་ཉེ་བར་འདུ་ཞིང། དེ་དག་ཇི་ཙམ་འདུས་པ་བཞིན་དུ་ལུས་ངག་ཡིད་གསུམ་མི་དགེ་བའི་ཕྱོགས་སུ་འཁོར་བ་དང། ཆོས་ལྡན་གྱི་བྱ་བ་ལམ་དུ་མི་འགྲོ་བས་ཅི་བྱས་ཐམས་ཅད་ལོག་པར་སོང་སྟེ་ཚེ་དང་བསོད་ནམས་འགྲིབ་ཅིང་ངན་སོང་གི་གཏིང་རྡོར་འགྱུར་རོ།། དེར་མ་ཟད་སྒོག་སྐྱ་དང། ཀུན་དོང་ཟོས་ནས་ཞག་བདུན་དང་གསུམ་དུ་གཙུག་ལག་ཁང་ལ་སོགས་པར་འཇུག་མི་རུང་བར་གསུངས་ན། སྨོན་ལམ་ལོག་པའི་རྫས་ངན་འདི་ལྟ་བུའི་དྲི་མ་ཁར་ཞེན་བཞིན་པར་གཙུག་ལག་ཁང་སོགས་སུ་སོང་ན་རྟེན་རྣམས་གྲིབ་ཀྱིས་མནོལ་ཞིང་རང་ལ་རྣམ་སྨིན་ལྕིའོ། །ལྷག་པར་དུ་བ་མང་དུ་འཐེན་ན་དེས་རྩ་ལམ་རྣམས་འགགས་ཏེ་འཕོ་བ་སོགས་སྦྱངས་ཀྱང་མི་ཐེབས་ལ། འཆི་ཁའི་དུས་སྐྱེས་བུ་དམ་པ་གཞན་གྱིས་འཕོ་བ་སོགས་བཏབ་ཀྱང་ཕན་མི་ཐོགས་


GTD007_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

པས་གལ་ཆེ་དུས་དེར་གནོད་ཚབས་ཤིན་ཏུ་ཆེ་བས་འགྱོད་ཀྱང་འཕྱིས་པ་ཡིན་ནོ། །མདོར་ན་ཡི་དམ་ཆོས་སྲུང་སོགས་མི་དགྱེས་ཤིང་དམ་པ་རྣམས་ཐུགས་ཁྲེལ་བ་དང། གློ་ནད་གྲིབ་དང་ཆམ་པ་གདོན་བགེགས་སོགས་ཀྱི་སྣ་འདྲེན། ཕྱི་མར་རྣམ་སྨིན་མི་བཟད་པ་སོགས་ཉེས་དམིགས་ཆེ་ལ། བཀྲེས་སྐོམ་ཚ་གྲང་གང་གི་ཉམས་ལའང་ཕན་རྒྱུ་མེད་པ་སྨྱོན་པའི་སྤྱོད་པ་ལྟ་བུ་འདིར་བློ་ལྡན་རྟོག་དཔྱོད་ཅན་ཞིག་གཏན་ནས་འཇུག་ཚུལ་མེད་དོ། །དེ་བཞིན་དུ་ཁྱིམ་པའི་ཆ་ལུགས་གོས་དཀར་པོ་སོགས་གྱོན་པ། མཚོན་ཆ་ཐོགས་པ། གླུ་གར་བྱེད་པ་སོགས་ཁྱིམ་པའི་བྱ་སྤྱོད་ལྟར་བྱེད་ཅིང། བསམ་བཞིན་དུ་རང་རང་ཁྱིམ་པའི་གྲངས་དེར་ཕར་ཇི་འདྲེ་བྱེད་པ་ནི་ལག་ན་ཡོད་པའི་ཡིད་བཞིན་གྱི་ནོར་བུ་མི་གཙང་བའི་དོང་དུ་འཕང་བའམ། གསེར་ལས་དཀོན་པའི་ཙན་དན་ས་མཆོག་ཐལ་བར་བྱས་པ་དང་འདྲ་བས། རང་གིས་རང་བསླུ་ཚུལ་དང་གྱོང་དེ་ལས་ཆེ་བ་མེད། ཁྱིམ་པ་རྣམས་ཀྱིས་ཀྱང་ངེད་ཚོ་ལ་ཁྱད་ཅི་ཡོད་ཅེས་བརྙས་ཤིང། དེའི་ཤན་གྱིས་རབ་བྱུང་སྤྱི་ལའང་མི་གུས་པར་འགྲོ་བས་དེ་དག་གི་བསོད་ནམས་འཛད་ཅིང་བསྟན་པའི་ཞབས་འདྲེན་དུ་འགྲོ་སྟེ་འདི་འདྲ་བ་ནི་རང་གཞན་གཉི་ག་ཕུང་བར་བྱེད་པས། འདུལ་བའི་སྡེ་སྣོད་ལས་ཁྱིམ་སུན་འབྱིན་པ་ཞེས་ཤིན་ཏུ་སྨད་དོ། །དེར་མ་ཟད་བག་མེད་ཀྱི་ཆ་ལུགས་སྣ་ཚོགས་བྱས་ན་ཆོས་སྲུང་དང་དཀར་ཕྱོགས་སྐྱོང་བ་མཐའ་དག་མི་དགྱེས་པས་རང་རང་ལ་བཀྲ་མི་ཤིས་པ་འབྱུང་བར་མ་ཟད། ཡུལ་ཕྱོགས་སུའང་མཐའ་དམག་གི་གནོད་པ། རྗེ་འབངས་གྱེན་ལོག་སོགས་འཐབ་རྩོད་འཁྲུག་


GTD007_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་དང། འགོ་བའི་ནད་རིམས། སད་སེར་ཐན་པ་སོགས་སྒོ་ཐམས་ཅད་ནས་མི་འདོད་པ་སྣ་དགུ་འབྱུང་ཚུལ་ཟླ་བ་སྙིང་པོ་སོགས་ཀྱི་མདོ་དང། རྒྱལ་པོ་བཀའ་འབུམ་སོགས་ཚད་ལྡན་དུ་མས་ལུང་བསྟན་འདུག་ཀྱང་། ལུང་ཁུངས་རྣམས་འདིར་མ་དྲངས་ཀྱང་ལྟ་འདོད་ན་དེ་དག་ཏུ་གསལ་བས། དོན་གྱི་སྙིང་པོ་ལོང་བས་གླང་རྔ་བཞིན་དུ་བསྟན་པའི་མཇུག་ཙམ་ཟིན་པའི་དུས་འདིར་དྲན་ཤེས་བཞིན་བསྟེན་ནས་སྒོ་གསུམ་བག་ཡོད་པར་བྱས་ཏེ་རང་གིས་རང་མ་བསླུས་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལོ་ཟླ་རེ་རེ་ཙམ་ཡིན་ཀྱང་གནས་པའི་ཐབས་ལ་ཅི་ནུས་སུ་འབད་དགོས་སོ། །ཞེས་པ་འདི་ནི་དད་ལྡན་དགེ་སློང་འཇམ་དབྱངས་དོན་གྲུབ་ཀྱིས་བསྐུལ་ཞིང། རང་གིས་ཀྱང་འདི་རིགས་དགག་བྱ་ཆེ་བར་མཐོང་སྟེ་ཕན་སེམས་ཀྱི་ཁུལ་དུ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྐྱེ་བོ་རྣམས་ལ་འཕྲིན་དུ་གསོལ་བ་ཡིན་ནོ།། ༈ ཀོ་ཏམ་བསྟན་པའི་ཞབས་འདྲེན་ཐ་མ་ཁ། །ཁོ་ཐག་ཆོས་ལ་གཅོད་བྱེད་ཐ་མ་ཁ། །གོ་རིག་དྲན་པ་སླད་བྱེད་ཐ་མ་ཁ། །ངོ་ཚ་ཁྲེལ་འཛེམ་འདོར་བྱེད་ཐ་མ་ཁ། །ཅོ་འདྲི་བསླུ་བྲིད་སྣ་འདྲེན་ཐ་མ་ཁ། །ཆོ་རིགས་བཟང་པོ་སླད་བྱེད་ཐ་མ་ཁ། །ཇོ་བཟང་མིན་པའི་དན་རྟགས་ཐ་མ་ཁ། །ཉོ་ལེ་དགེ་སྦྱོར་འཆག་བྱེད་ཐ་མ་ཁ། །ཏོ་གེར་ཚུན་ཆད་དྲི་མནམ་ཐ་མ་ཁ། །ཐོ་ཅོའི་སྤྱོད་པའི་མཐར་ཟད་ཐ་མ་ཁ། །དོ་གལ་ཅི་ཡང་མེད་བཞིན་འདི་ལ་སྤྱོད། །ནོ་བསམ་ཅི་ཡང་མ་ཐོངས་འདི་ལ་དགའ། །པོ་ཏི་ལྔ་ལ་མཁས་པའང་འདི་ཡིས་བསླད། །ཕོ་རབས་སྙིང་སྟོབས་ཅན་ཡང་འདི་ཡིས་
བསླད། །བོ་བྷི་སྒྲུབ་བརྩོན་འགའ་ཡང་འདི་ཡིས་བསླད། །མོ་བཙུན་གཙང་སྦྲ་ཅན་ཡང་འདི་ཡིས་བསླད། །ཙོ་རས་ཙམ་ཡང་ཚ་གྲང་སྐྱོབ་མི་ནུས། །ཚོ་སྣུམ་ཟས་བཞིན་ལུས་ཟུངས་སྐྱེད་མི་ནུས། །ཛོ་ཀིའི་སྤྱོད་བཞིན་གྲོགས་སུ་འཁྱེར་མི་ནུས། །ཝོ་བརྒྱལ་དོན་མེད་མིག་ཆུ་འཛག་པར་ཟད། །ཞོ་སོགས་ཞིམ་དགུ་བསྟེན་ཀྱང་བྲོ་བ་བསླད། །ཟོ་མདོག་མི་བདེ་གདོན་དང་ནད་རིམས་སློང། །འོ་དོད་བོས་ཀྱང་ལྷ་སྲུང་འཁོར་མི་ནུས། །ཡོ་དོང་གཡང་ས་ལྟ་བུ་འདི་སྤོངས་ཤིག །རོ་ལངས་གདོན་གྱི་སྣ་འདྲེན་འདི་སྤོངས་ཤིག །ལོ་ཐོག་ས་བཅུད་ཉམས་བྱེད་འདི་སྤོངས་ཤིག །ཤོ་དང་ཁྲམ་ལ་འདེབ་བྱེད་འདི་སྤོངས་ཤིག །སོ་དང་སེམས་རྒྱུད་ནག་བྱེད་འདི་སྤོངས་ཤིག །ཧོ་ཧོ་བསམ་ཞིང་བསམ་ཞིང་འགྱོད་དགོས་པ། །ཨཽ་ཏཽ་བླ་མའི་ཙར་ལིག་ཁེ་ཚེའི་ཨང་།།


previousཐར་འདོད་སྐྱེས་བུ་བག་ཡོད་ལ་སྦྱོར་བའི་གཏམ།next