Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
བླ་མཆོད་ཀྱི་ཆོ་ག་འཇིགས་བྱེད་ཀྱི་རྣལ་འབྱོར་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་ཚུལ།
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousབླ་མཆོད་ཀྱི་ཆོ་ག་འཇིགས་བྱེད་ཀྱི་རྣལ་འབྱོར་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་ཚུལ།next

བླ་མཆོད་ཀྱི་ཆོ་ག་འཇིགས་བྱེད་ཀྱི་རྣལ་འབྱོར་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་ཚུལ།


GTD007_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མཆོད་ཀྱི་ཆོ་ག་འཇིགས་བྱེད་ཀྱི་རྣལ་འབྱོར་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་ཚུལ་བཞུགས་སོ།། དེའང་བླ་མ་མཆོད་པའི་ཆོ་ག་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པར་འདོད་པས་ཚོགས་ཞིང་གི་གཙོ་བོ་རྗེ་རིན་པོ་ཆེར་བྱེད་པ་སོགས་གཞུང་གི་དཀྱུས་ལྟར་བྱས་ན་ཤིན་ཏུ་འགྲེལ་ཆེ་སྟེ། སྤྱིར་འཇམ་དཔལ་ཞི་ཁྲོ་མཐའ་དག་ངོ་བོ་གཅིག་ཀྱང། སྒོས་སུ་རྗེ་བླ་མ་ནི་དཔལ་རྡོ་རྗེ་འཇིགས་བྱེད་མིའི་གཟུགས་སུ་ཤར་བའི་ཚུལ་རྗེ་དགེ་འདུན་རྒྱ་མཚོས། མ་རུང་གདུག་པ་འདུལ་མཛད་གཤིན་རྗེའི་གཤེད། །མི་ཡི་གཟུགས་ཀྱི་རྣམ་རོལ་ཙོང་ཁ་པའི། །ཞེས་གསུངས་པ་ལྟར་རོ། །དེའི་རྒྱུ་མཚན་ཡང་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་མཆིམས་བློ་བཟང་གྲགས་པས་མདོ་སྨད་དུ་སྒྲུབ་པ་ནན་ཏན་བྱས་ན་རྡོ་རྗེ་འཇིགས་བྱེད་དང་


GTD007_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་བར་ལུང་བསྟན་པ། དོན་གྲུབ་རིན་ཆེན་རང་ཉིད་ཆུ་དཀར་རི་ཁྲོད་དུ་བཞུགས་པའི་ཚེ་མནལ་ལམ་དུ་རྡོ་རྗེ་འཇིགས་བྱེད་ཀྱིས་སང་ཕོད་ད་ཙམ་ངེད་ལུང་པ་འདིའི་མདར་འོང་རྒྱུ་ཡིན་པས་དེའི་བར་དུ་བདེ་བར་གྱིས་ཞེས་གསུངས་པའི་ཕྱི་ལོ་དུས་ཚོད་དེར་རྗེ་བླ་མ་སྐུ་འཁྲུངས་ཤིང། རྗེ་རང་གིས་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ། ངེད་ཀྱི་རྗེས་འཇུག་རྣམས་ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་བྱས་ན་རྟེན་འབྲེལ་གྱི་སྒོ་ཞིག་ཡོད་པ་ཡིན་གསུངས་པའི་དགོངས་པའང་དེ་ཡིན་ནོ། །རྗེ་འདི་ཉིད་རྡོ་རྗེ་འཇིགས་བྱེད་དངོས་ཡིན་པའི་རྒྱུ་མཚན་གྱིས་རྗེའི་བསྟན་པ་འདི་ལའང་རྡོ་རྗེ་འཇིགས་བྱེད་ཀྱིས་ངའི་བསྟན་པ་ཞེས་ཐུན་མོང་མ་ཡིན་པར་བདག་གིར་མཛད་པ་ཡིན་ཏེ། གཏམ་རྒྱུད་ཀྱི་རྟོག་པ་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཡི་བསྟན་པ་བྱུང་བའི་ཚེ། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །བཀའ་བསྒོས་ལས་རྣམས་ཚུལ་བཞིན་གྱིས། །ཞེས་ཆོས་རྒྱལ་ལ་བཀའ་བསྒོས་པ་དང། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ལས་ཀྱང་། ད་ནི་ལྔ་བརྒྱ་ཐ་མའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །ཅེས་གསུངས་སོ།། འོ་ན་དེའི་ཚོགས་ཞིང་གི་གཙོ་བོ་རྗེ་བླ་མར་བྱས་པ་ཡིན་ན་ཕྱག་སྟབས་ཡོངས་གྲགས་དང་མི་མཐུན་པ་ཅི་ཡིན་སྙམ་ན། དེ་ནི་རྗེ་བླ་མ་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་དུ་རྒྱལ་བ་སེང་གེའི་ང་རོར་སངས་རྒྱས་པའི་ཕྱག་སྟབས་སུ་བྱས་པ་སླར་ཞིང་མཆོག་དེ་ཉིད་དུ་སྐྱེས་ནས་བསྟན་པའི་སྙིང་པོ་མཐར་ཐུག་པ་ཟབ་མོ་དབུ་མའི་ལྟ་བ་དང་


GTD007_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པའི་ལམ་བཟང་ཁྱད་པར་ཅན་མངོན་དུ་བྱེད་ནུས་ཀྱི་གདུལ་བྱ་སྐལ་བ་མཆོག་ཏུ་འགྱུར་བའི་རྟེན་འབྲེལ་ཁྱད་པར་ཅན་ཡིན་པར་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་དང། སྐྱབས་མགོན་འཇིགས་མེད་དབང་པོ་སོགས་ཞལ་མཐུན་ནོ། །ཆོ་གའི་ཚིག་རིས་ཀྱང་དམིགས་བསལ་རེ་གཉིས་མ་གཏོགས་རང་སོར་བཞག་པ་ལེགས་ཏེ། རྒྱུད་བརྟག་པ་གཉིས་པར། འཆད་པ་པོ་ང་ཆོས་ཀྱང་ང། །རང་གི་ཚོགས་ལྡན་ཉན་པོ་ང་། །གསུངས་པ་བཞིན་དོན་ལ་དབྱེར་མེད་ཀྱང་གདུལ་བྱའི་སྣང་ངོར་མགོན་པོ་འཇམ་པའི་དབྱངས་ཀྱིས་རྗེ་བླ་མ་ལ་ཟབ་རྒྱས་ཀྱི་གདམས་པ་མང་དུ་སྩལ་བའི་སྙིང་པོ་སྤྲུལ་བའི་གླེགས་བམ་ལས་ཇི་ལྟར་འབྱུང་བ་བཞིན་པཎ་ཆེན་ཐམས་ཅད་མཁྱེན་པས་བཀོད་པ་ཡིན་པས་སྒོ་མཐའ་དག་ནས་རྟེན་འབྲེལ་གྱི་གནད་གཅིག་ཏུ་འབབ་པས་དགོས་པ་ཤིན་ཏུ་ཆེའོ། །དེས་ན་སྐད་ཅིག་དཀྲོང་སྐྱེད། སྣོད་བཅུད་དང་མཆོད་རྫས་བྱིན་གྱིས་བརླབ་པ། བདེ་སྟོང་དབྱེར་མེད་ཅེས་སོགས་ཀྱིས་ཚོགས་ཞིང་གསལ་འདེབས་པའི་བར་དཀྱུས་བཞིན་བྱས་ལ། པཎ་ཞྭས་དབུ་ལ་མཛེས། ཞེས་པའི་འཕྲོར་ཐུགས་ཀར་འཇིགས་བྱེད་སྐྱེད་ཚུལ་ཞིག་བླ་མཆོད་ཀྱི་ཁྲིད་ཡིག་ཆེན་མོར་གསུངས་པ་བཞིན་བྱས་ཀྱང་ཆོག་མོད། ལྷ་བཅུ་གསུམ་ཚང་བར་བྱེད་ན། ཕུང་པོ་རྣམ་དག་བདེ་གཤེགས་ལྔ། །ཞེས་སོགས་ཀྱང་འདིའི་ལུགས་ལྟར་གྱིས་འཐུས་པར་བྱས་ཆོག་སྟེ། སྤྱིར་བླ་མའི་སྐུ་ལ་སྐྱབས་གནས་ཐམས་ཅད་འདུས་པར་བསམ་དགོས་ཤིང། མེད་དུ་མི་རུང་བ་ནི། གཤེགས་པ་དང་གཤེགས་མ། སེམས་


GTD007_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོ་སྟེ་རིགས་འདི་གསུམ་གའི་གནད་མ་ཚང་ན་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་མཐོང་བ་དང། དབང་བསྐུར་བ་སོགས་གནད་ཚང་བ་ཞིག་མི་འབྱུང་བས། ས་སྐྱ་པ་རྣམས་བླ་མ་ལ་གདན་གསུམ་ཚང་བ་ཞེས་ཟེར་བ་དང། བཀའ་གདམས་པ་རྣམས་ལྷ་བཞིར་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།། དེས་ན་སྔ་མའི་ཚིག་མཚམས་ནས་འདི་ལྟར་བྱ་སྟེ། སྐྱིལ་ཀྲུང་གིས་བཞུགས་ཐུགས་ཀར་རྣམ་ཤེས་རྣམ་དག་གཤིན་རྗེའི་གཤེད། །སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་ནི་སོ་བཞི་བཅུ་དྲུག་ཞབས་ལྡན་ཞིང། །རྡོ་རྗེ་རོ་ལངས་མ་དང་མཉམ་སྦྱོར་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །སྤྱི་བོ་ལྟེ་བ་མགྲིན་དང་གསང་བར་མེ་ལོང་ཡེ་ཤེས་སོགས་ཀྱི་དངོས། །ཕུང་པོ་གཞན་བཞི་རྣམ་དག་གཏི་མུག་གཤིན་རྗེའི་གཤེད་སོགས་གཤེགས་པ་བཞ། །ལྟེ་བ་སྙིང་མགྲིན་དཔྲལ་བར་ཁམས་བཞི་དག་པའི་ཚད་མེད་ཡུམ་ཆེན་བཞ། །ཕྱག་ཞབས་མཐིལ་ལ་བདུད་བཞི་འཇོམས་མཛད་སྟོབས་ཆེན་ཁྲོ་བོ་སྒོ་སྲུང་བཞ། །ཡུལ་དབང་སྐྱེ་མཆེད་སེམས་དཔའ་སེམས་མའི་བདག་ཉིད་བདེ་སྐྱོང་རྣམ་པར་བཅས། །མཐའ་སྐོར་རིམ་བཞིན་དངོས་བརྒྱུད་བླ་མ་ཞེས་སོགས་མན་ཆད་ཀྱང་དཀྱུས་ལྟར་ལ། སྐྱབས་མགོན་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པའི་འཕྲོར། ཆེར་སྙིགས་དུས་མཐའི་འགྲོ་ལ་བརྩེར་དགོངས་ནས། །ཁམས་གསུམ་ཟ་བྱེད་ཁྲོ་བོའི་རྒྱལ་པོ་དང། །གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་པ། །བླ་མ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཞི་བའི་ཚུལ་གྱིས་བློ་གྲོས་མཆོག་སྟེར་ཞིང། །ཁྲོ་བོའི་


GTD007_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱིས་གནོད་བྱེད་གདོན་བགེགས་འཇོམས། །འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཀུན་སྩོལ་བའི། །བླ་མ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སྐྱེ་འགྲོའི་སྲོག་འཕྲོག་ལས་ཉོན་རླུང་ཤུགས་བཅས། །ཕྱི་ནང་གསང་བའི་གཤིན་རྗེ་མ་ལུས་པ། །འཇོམས་མཛད་སྲིད་ཞིའི་འཇིགས་སྒྲོལ་དེད་དཔོན་མཆོག །བླ་མ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཉེས་ཀུན་བག་ཆགས་ཞེས་པ་མན་ཆད་གཞུང་བཞིན། བཟླས་པའི་སྐབས་ཐུགས་ཀར་ཧཱུཾ་ཡིག་གི་ཐིག་ལེའི་ནང་དུ་མཾ་ཡིག་གིས་མཚན་པའི་མཐར་འཇིགས་བྱེད་ཀྱི་སྔགས་གསུམ་དང་དམིགས་བརྩེ་མས་བསྐོར་བར་བསམ་སྟེ་བཟླ་བའམ། ཞི་ཁྲོ་སྦྲགས་སྒྲུབ་བྱེད་འདོད་ན་དེའི་ཐུགས་ཀར་འཇམ་དབྱངས་གསལ་བཏབ་སྟེ་ཨ་ར་པ་ཙ་ན་བཟླ་ཚུལ་གཞན་ནས་འབྱུང་བ་ལྟར་བྱ་ལ། རང་རང་གི་ཐུགས་ཀར་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བར་བསམས་ནས་འཁོར་རྣམས་ཀྱི་སྔགས་ཀྱང་བཟླས་ན་ལེགས་སོ། །ཡོན་ཏན་འབྱུང་གནས་ཞེས་པ་མན་ཆད་དཀྱུས་ལྟར་བྱའོ། །སྨོན་ལམ་གྱི་མཇུག་གི། ཐོབ་ཕྱིར་བསྔོ། །ཞེས་པའི་འཕྲོར། ཁྱད་པར་བཅོམ་ལྡན་འཇམ་དཔལ་ཞི་ཁྲོ་ཡིས། །ནམ་ཡང་འབྲལ་མེད་དགེ་བའི་བཤེས་མཛད་དེ། །ཟུང་འཇུག་ནོར་བུའི་གླིང་དུ་ཕྱིན་གྱུར་ནས། །འགྲོ་བ་ཀུན་ཀྱང་སྲིད་ལས་སྒྲོལ་བར་ཤོག །ཅེས་སོགས་གཤིན་རྗེའི་གཤེད་ཀྱི་བསྔོ་སྨོན་རྒྱས་བསྡུས་ཅི་རིགས་པས་ཀྱང་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་ཧལ་ཧ་ཁུ་རེ་ཆེན་མོའི་གྲྭ་རིགས་དགེ་སློང་དཀོན་མཆོག་མཁས་གྲུབ་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྗེ་བཙུན་


GTD007_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཚན་ལྡན་བཤེས་གཉེན་དམ་པ་གུས་བསྟེན་ནས། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་དང། །སྤྱི་དང་བྱེ་བྲག་འཁོར་བའི་སྡུག་བསྔལ་གྱིས། །གཏིང་ནས་ཡིད་འབྱུང་སྔོན་འགྲོའི་ཆོས་རྣམས་སྒྲུབ། །རྒྱུ་འབྲས་མན་ངག་བདུན་དང་མཉམ་བརྗེ་ཡིས། །ཐབས་མཆོག་ཀུན་རྫོབ་བྱང་ཆུབ་སེམས་བསྐྱེད་དང། །རྟེན་འབྲེལ་ཟབ་མོའི་དེ་ཉིད་རིག་པ་ཡི། །ཤེས་རབ་དོན་དམ་བྱང་ཆུབ་སེམས་མཆོག་བསྐྱེད། །ཆེར་སྙིགས་དུས་འདིར་ཕྱི་ནང༤་རྐྱེན་ངན་ཚོགས། །སྤྲིན༤་ལྟར་ལྡང་བ་བཅོས་ཀྱིས༤་མི་ལང་བས། །དེ་ཀུན་ཐབས་དང་ཤེས་རབ་སྒྱུ་འཕྲུལ་གྱིས། །བྱང་ཆུབ་སྒྲུབ་པའི་ལམ་གྱི་གྲོགས་སུ་སྒྱུར། །ཉིན་བཞིན་སེམས་གཉིས་སྦྱོང་བའི་འཕེན་པ༡་བཞིན། །གོ༢མས་བྱེད་མཐུན་རྐྱེན་གསོ༣ག་ཅིང་འགལ་རྐྱེན་༤སྦྱོང། །ཀུན་ཀྱང་རྫོགས་བྱ༥ང་རྒྱུ་རུ་བསྔོ་བ་སྟེ། །སྟོབས་ལྔའི་ཉམས་ལེན་མི་ཚེ་ཧྲིལ་གྱིས་སྐྱོངས། །གློ་བུར་རྐྱེན་ངན་གང་གིས་མི་འཕྲོག་པར། །ཅི་བྱས་ང་བདག་གཅེས་འཛིན་གཉེན་པོ་རུ། །འགྲོ་བ་ར༦ང་སེམས་དབང་པོ་ཐུབ་པ་ཡིས། །རྟག་ཏུ་དགའ་སྤྲོའི་གདེང་དང་ལྡན་པར་བྱས། །དངོས་དང་བརྒྱུད་པའི་གཞན་གནོད་བསམ་སྦྱོར་དང་། །བག་མེད་ཐོ་ཅོའི་སྤྱོད་པ་ཀུ༧ན་སྤོང་ཞིང་། །སྡོམ་གསུམ་སྤྱི་དང་ཁྱད་པར་བློ་སྦྱོང་གི །དམ་ཚིག་ཀུན་ལས་འདའ་བ་མེད་པར་བྱ། །རྟག་ཏུ་དྲན་ཤེས་བག་ཡོད་བྱ་ར་ཡིས། །སྒོ་གསུམ་ཉེས་སྤོང་ཅི་བྱས་གཞན་དོན་དང། །བྱང་ཆུབ་རྒྱུ་རུ་འགྱུར་ལ་བསླབ་བྱས་ན། །གཏན་


GTD007_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འདུན་མ་བདེ་བླག་འགྲུབ་པར་འགྱུར།། ཅེས་བློ་སྦྱོང་གི་དོན་ཚན་བདུན་ཐོ་ཙམ་དུ་བཀོད་པ་འདི་ནི་ཨུ་རད་དམ་ཆོས་དགའ་སྟོན་གླིང་གི་ཁྲི་པ་ཆོས་ཀྱི་སྤྱན་ལྡན་བློ་བཟང་ཆོས་འཕེལ་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྨྲས་པའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།དགེ་ལེགས་འཕེལ།།


previousབླ་མཆོད་ཀྱི་ཆོ་ག་འཇིགས་བྱེད་ཀྱི་རྣལ་འབྱོར་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་ཚུལ།next