Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚིག་བཀྲ་སྣ་ཚོགས་ཀྱི་སྐོར།
   


 
previousཚིག་བཀྲ་སྣ་ཚོགས་ཀྱི་སྐོར།next

ཚིག་བཀྲ་སྣ་ཚོགས་ཀྱི་སྐོར།


GTD007_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བཀྲ་སྣ་ཚོགས་ཀྱི་སྐོར་སྐལ་བཟང་མདོངས་མཐའ་དགྱེས་པའི་དབྱར་རྔ་ཞེས་བྱ་བ་བཞུགས་སོ།།


GTD007_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ཇི་སྐད་དུ། མཁས་གྲུབ་སྨྲ་བའི་ཉི་མས། ཁྱོད་ནི་རྣམ་དཔྱོད་ལུས་མཛེས་ཤིང། །དར་དིར་ལེགས་བཤད་མགྲིན་པའི་དབྱངས། །མ་ལུས་མཁས་པའི་ཡིད་འཕྲོག་པ། །རིན་ཆེན་རིགས་པའི་དོ་ཤལ་འཕྱང།། ཞེས་གསུངས་པ་ལྟར་འཇིགས་མེད་རྣམ་པར་དཔྱོད་པའི་ལུས་རྩལ་ཡོངས་སུ་རྫོགས་པའི་བློ་གྲོས་ཀྱི་ལང་ཚོ་དར་ལ་བབ་ཅིང། སྐལ་བཟང་རྣ་བའི་དཔྱིད་དུ་འཇོ་བའི་ལེགས་བཤད་ཀྱི་གླུ་དབྱངས་སྙན་པོ་དར་དིར་སྒྲོགས་པའི་སྨྲ་བའི་མགྲིན་པ་གཟེངས་སུ་མཐོ་བ། དཔྱོད་ལྡན་མཁས་པའི་ཡིད་ལ་དགའ་བ་མཆོག་ཏུ་སྟེར་བའི་མཛེས་རྒྱན་བླ་ན་མེད་པ་རྒྱལ་བའི་བཀའ་ལ་དྲང་ངེས་འབྱེད་པའི་རིགས་ལམ་དྲི་མ་མེད་པའི་ནོར་བུའི་དོ་ཤལ་ཕོན་པོའི་འཇོ་སྒེག་འཆང་བའི་མཁས་མང་ལྷ་བརྒྱའི་མདུན་ས་མཆོག་འདིར། འཇམ་དབྱངས་གཞོན་ནུའི་རོལ་གར་ངུར་སྨྲིག་འཆང་བའི་གཟུགས་སུ་བསྒྱུར་བ། བཀྲ་ཤིས་དགེ་མཚན་བྱེ་བའི་དཔལ་དང་ལྡན་པའི་གྲགས་སྙན་བ་དན་དཀར་པོ་སྲིད་པ་གསུམ་གྱི་བླ་ན་གཡོ་བ་དེ་ཉིད་ཀྱི་དུས་མཆོད་ཁྱད་པར་ཅན་དང་འབྲེལ་བར། གྲོ་ཞུན་ཟླ་བའི་དཀར་ཕྱོགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རིང་ལ་རླབས་ཆེན་སྨོན་པའི་མཐུ་དང་ལྷན་ཅིག་གཏོང་བའི་སྒོ་བརྒྱ་ཡོངས་སུ་ཕྱེ་བས་བསྙེན་བཀུར་ཕུལ་དུ་ཕྱིན་པའི་ཐོག །མདོ་སྔགས་ཐུབ་བསྟན་ཡོངས་ཀྱི་གཞི་


GTD007_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཀུན་གསལ་ཡངས་པའི་གོ་འབྱེད་རྨད་བྱུང་ཐོས་བསམ་གླིང། རྩ་བཤད་རྒྱུད་སྡེའི་འོད་སྟོང་སྤྲོ་བས་རིམ་གཉིས་པདྨོའི་དགའ་ཚལ་འབྱེད་པ་བསྟན་པའི་ཉི་མ་སྨད་རྒྱུད་རིག་པ་འཛིན་པའི་སྡེ། རིག་གནས་བསིལ་བའི་ཟེར་བརྒྱ་སྤྲོས་ཏེ་གཞན་དང་ཐུན་མོང་མིན་པ་དཔལ་ལྡན་དུས་ཀྱི་འཁོར་ལོའི་བཤད་སྲོལ་ཀུན་དའི་མཛེས་པ་འཛིན་པ་ཨེ་ཝཾ་ཆོས་འཁོར་གླིང། ལེགས་བྱས་ཆུ་འཛིན་འཁྲིགས་པའི་ཀློང་ནས་ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆར་གྱིས་ལུས་ཅན་གདུང་བ་སེལ་བ་གསོ་རིག་གཞན་ཕན་གླིང་བཅས་ཀྱི་དགེ་འདུན་ཐམས་ཅད་གདན་འཛོམ་སྟེ། ལེགས་པར་བཤད་པའི་དགའ་སྟོན་ཉིན་རེ་བཞིན་དུ་བསྟར་བའི་དགེ་བ་འདི་དག་གིས་མཚོན། རང་གཞན་སྐྱེ་འཕགས་ཀུན་གྱིས་བསྒྲུབས་པའི་རྣམ་དཀར་ལེགས་བྱས་ཕུང་པོ། བསོད་ནམས་ཡེ་ཤེས་ཟུང་དུ་འཇུག་པའི་ཚོགས་གཉིས་སྤྱོད་པ་རྒྱ་མཚོས་བསྡུས་པའི་དགེ་བའི་དངོས་པོ། རབ་ཡངས་ཕྱོགས་ཀྱི་འཁོར་ལོའི་མཐའ་དང་མཉམ་པ་ཇི་སྙེད་ཅིག་བསགས་པ་མཐའ་དག་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། ལེགས་ཉེས་བླང་དོར་ལྟ་བའི་བློ་གྲོས་ཀྱི་འདྲེན་བྱེད་མ་རིག་པའི་ལིང་ཏོག་གིས་ལྡོངས་པའི་འགྲོ་བ་མགོན་སྐྱབས་གླིང་དང་དཔུང་གཉེན་མེད་པ་མཐའ་དག་སྲིད་ཞིའི་མཐའ་དང་བྲལ་བའི་ཐེག་པ་མཆོག་གི་ལམ་བཟང་བརྒྱུད་དེ། ཡེ་ཤེས་ལྔ་ལྡན་སྐུ་


GTD007_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཕོ་བྲང་ཉམས་དགར་འཁྲིད་པའི་ས་མཁན་སྟོན་པ་མཆོག་ཏུ་བདག་ཅག་རྣམས་མྱུར་བ་ཉིད་དུ་འགྱུར་བ་དང། ཇི་སྲིད་བླ་ན་མེད་པའི་གོ་འཕང་མཆོག་དེར་མ་སོན་པའི་ཚེ་རབས་ཀྱི་འཕྲེང་བ་ཀུན་ཏུའང། མཐོ་རིས་ཡོན་ཏན་བདུན་ལྡན་རྟེན་བཟང་རིམ་པར་བླངས་ཏེ། འཇམ་དབྱངས་གཞོན་ནུའི་རྣམ་རོལ་རྗེ་བཙུན་བླ་མ་ཡབ་སྲས་ཀྱིས་འབྲལ་མེད་རྗེས་སུ་བཟུང་ནས་ལེགས་གསུངས་བདུད་རྩིའི་བཅུད་ཀྱིས་ལུས་སྟོབས་གསོས་ཏེ། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་མཚན་བཅས་མཚན་མེད་ལམ་རིམ་པ་གཉིས་ལ་སོགས་པའི་མདོ་དང་སྔགས་ཀྱི་བསྟན་པའི་གནད་དོན་མ་ཚང་བ་མེད་པར་ཐོས་བསམ་སྒོམ་པས་ཉམས་སུ་བླངས་ནས་སྲས་བཅས་རྒྱལ་བ་མ་ལུས་དགྱེས་པར་བྱེད་པའི་ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་སྤྲོ་བར་འགྱུར་བ་དང། དེ་ལྟར་རང་གིས་ཇི་བཞིན་ཁོང་དུ་ཆུད་ཅིང་ཚུལ་བཞིན་ཉམས་སུ་བསྟར་བའི་ལམ་གྱི་གནད་མ་ལུས་པ་བདག་པས་གཞན་གཅེས་པའི་ལྷག་བསམ་རྣམ་པར་དག་པའི་ཤུགས་ཀྱིས་ཡོངས་སུ་བསྐྱོད་དེ། གང་ལ་གང་འཚམ་གྱི་ཐབས་ལ་མཁས་པའི་གཞན་ཕན་འཕྲིན་ལས་ཀྱི་སྣང་བ་འབུམ་དུ་འབྱེད་པས་ལུས་ཅན་སྙིང་གི་མུན་པ་ཡོངས་སུ་བསལ་ནས་ཕན་དང་བདེ་བའི་པད་ཚལ་ཅིར་ཡང་བཞད་པས་ཐུབ་བསྟན་ནོར་འཛིན་ཡངས་པའི་ཁྱོན་ཀུན་རིང་དུ་གསལ་བར་འགྱུར་བ་ཡིན་པར་ཐལ། དེ་ལྟར་ཡིན་ནོ་ཞེས་པའི་ཚུལ་དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ན། །མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །བློ་མིག་


GTD007_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་གིས་ལྡོངས་འགྲོ་བ་རྣམས། །རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག །ཅེས་པའི་གཞུང་འདི་བྱུང། ཚུལ་གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང་། །འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག །རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག །ཅེས་པའི་གཞུང་འདི་བྱུང། ཚུལ་གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན། ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། ༈ དེའང་ཇི་སྐད་དུ། འཛམ་གླིང་བསྟན་པའི་ཉི་མ་མཁས་གྲུབ་ཆོས་ཀྱི་རྒྱལ་པོའི་ཞལ་ནས། མཁས་པ་ཀུན་གྱི་ཟུར་ཕུད་ལ། །བཀའ་ཡི་རྩེ་དགའ་བགྱིས་པ་ཁྱོད། །དཔལ་ལྡན་ཕྱོགས་རྣམས་ཐམས་ཅད་ལས། །རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན། །ཞེས་གསུངས་པ་ལྟར། ལུང་དང་རྟོགས་པའི་ཡོན་ཏན་གསེར་སྦྱངས་རྩིབས་སྟོང་འཁོར་ལོའི་ཤུགས་ཀྱིས་འཇིགས་བྲལ་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བའི་ཞབས་སེན་གསར་པའི་ཟླ་ཚེས་དཔྱོད་ལྡན་དྲན་དབང་བྱེ་བའི་གཙུག་ཕུད་རྩེ་མོར་ངལ་གསོ་ཞིང། སྨྲ་བ་ངན་པའི་གཡུལ་ངོ་མཐའ་དག་བཅོམ་སྟེ་འཇམ་མགོན་རྒྱལ་བའི་རིང་ལུགས་མི་ནུབ་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས་པ་མཁས་གྲུབ་བྱེ་བའི་བསྟི་གནས་རྨད་དུ་བྱུང་བ་འདིར། གྲྭ་ཚང་


GTD007_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དགེ་འདུན་མཐའ་དག་ཞལ་ལྷན་ཅིག་མངོན་དུ་གྱུར་ཏེ། དད་ལྡན་ས་འཛིན་བྱེ་བའི་རྩེ་ནས་མཆོད་བཀུར་ན་བུན་སྤྲོ་བའི་ཆུ་འཛིན་སྟུག་པོ་མངོན་པར་འཁྲིགས། རྟ་འདུར་དབྱངས་དང་བཅས་པའི་འདོན་ཆོས་འབྲུག་སྒྲ་སྙན་པོ་དལ་གྱིས་བསྒྲགས། རིགས་ལམ་དྲི་མ་མེད་པའི་འབྲེལ་གཏམ་གློག་འོད་གསེར་གྱི་ཞགས་པ་མངོན་པར་གཡོ། དགའ་བའི་མིག་ཡངས་གྱེན་དུ་གཡོ་བའི་མདོངས་མཐའ་རྣམས་ནི་རྗེས་སུ་ཡི་རང་ཟློས་གར་ཅིར་ཡང་བསྒྱུར་བའི་དགེ་མཚན་མཐའ་དག་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། སྲིད་ཞིའི་ནད་བརྒྱ་སེལ་བའི་སྨན་གཅིག །དོན་གཉིས་ལེགས་ཚོགས་ནོར་བུའི་འབྱུང་ཁུངས། རྒྱལ་བའི་བསྟན་པ་རིན་པོ་ཆེའི་འོད་ཀྱི་སྣང་བས་མ་ཁྱབ་པའི་ཕྱོགས་ཀུན་ཏུ་མངོན་པར་འཕྲོ་ཞིང། གང་དུ་ཁྱབ་ཀྱང་ཅུང་ཟད་ཉམས་པ་རྣམས་ཀྱང་སྐྱེས་མཆོག་བསྟན་པའི་བདག་པོ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས་སླར་གསོས་ཏེ་ལུས་ཅན་ཡོངས་ལ་ཕན་བདེའི་སྒོ་བརྒྱ་འབྱེད་པར་འགྱུར་བ་དང། ཁྱད་པར་དུའང་སྲས་བཅས་རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་ཏུ་བསྡུས་པའི་ཕུང་པོ། ཟབ་རྒྱས་ལམ་གྱི་གནད་ཀུན་ཡོངས་སུ་རྫོགས་པ་བྱང་ཆུབ་ལམ་གྱི་རིམ་པའི་སྲོལ་བཟང་ཉམས་མེད་དབྱར་གྱི་ཆུ་མཚོ་བཞིན་དུ་རྒྱས་ཏེ། ཐར་འདོད་ཀུན་གྱི་ཡིད་ལ་ངེས་པར་ལེགས་པའི་དཔལ་ཡོན་སྦྱིན་པས་རྒྱལ་བའི་མཛད་པ་མ་ལུས་བསྒྲུབ་པར་འགྱུར་བ་དང། ལམ་བཟང་འདི་ཉིད་སྒྲུབ་པའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྡོངས་གྲོགས་ལྷུར་ལེན་པའི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་


GTD007_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གཟི་བྱིན་དཔལ་འབྱོར་རྒྱས་ཤིང། སྦྱིན་པའི་བདག་པོ་རྣམས་ཀྱང་ཚེ་བསོད་སྟོབས་འབྱོར་མངའ་ཐང་སྙན་གྲགས་ཐམས་ཅད་གོང་དུ་འཕེལ་བ་དང། ཚེ་རབས་ཀྱི་འཕྲེང་བར་ཡང་ལམ་བཟང་འདི་ཉིད་ཉམས་སུ་ལེན་པའི་སྐལ་བ་མཆོག་དང་ལྡན་པར་འགྱུར་བ་ཡིན་པར་ཐལ། དེ་ལྟར་ཡིན་ནོ་ཞེས་པའི་ཚུལ་དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ན། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་པའི་གཞུང་འདི་བྱུང། ཚུལ་གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས། །ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང། །ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང། །རྒྱལ་བའི་མཛད་པ་རིང་དུ་སྐྱོང། ཞེས་པའི་གཞུང་འདི་བྱུང། ཚུལ་གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། ལམ་བཟང་བསྒྲུབ་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར། ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། ༈ དེའང་ཇི་སྐད་དུ། སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོའི་ཞལ་ནས། རིགས་པའི་ཉིན་བྱེད་ཁྱོད་དྲིན་ལས། །གངས་ཅན་བློ་གསལ་བུང་བའི་ཚོགས། །མཐའ་དག་བསྟན་པའི་པད་ཚལ་དུ། །གསུང་རབ་སྦྲང་རྩིའི་དགའ་སྟོན་མྱོང། །ཞེས་


GTD007_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར། བཤད་སྒྲུབ་སྦྲང་རྩིའི་རོ་ལ་རྗེས་སུ་ཆགས་པའི་བློ་གསལ་རྐང་དྲུག་ཚོགས་ཀྱི་ཉེར་འཚོའི་གཞི་རྟེན་དམ་པ་རྒྱལ་བསྟན་པདྨའི་དགའ་ཚལ་རིགས་ལམ་དྲི་མེད་འོད་ཀྱི་སྣང་བས་འབྱེད་པའི་ཉིན་བྱེད་སྟོང་ཕྲག་འབར་བའི་མདུན་སར་བརྒལ་བརྟག་ཅུང་ཟད་བགྱིས་པ་སོགས་ལེགས་བྱས་ཀླུང་བརྒྱ་གཅིག་ཏུ་འཁྱིལ་བའི་དགེ་ཚོགས་རྒྱ་མཚོའི་མཐུ་ལ་བརྟེན་ནས། ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་སྐྱབས་མགོན་རྡོ་རྗེ་འཆང་ཆེན་དེ་ཉིད་ཀྱི་ཚད་མེད་པའི་ཐུགས་རྗེ་དང། མི་འཕྲོག་པའི་མཁྱེན་རབ། གཞན་ཕན་གྱི་མཛད་པ། མཁའ་ཁྱབ་ཀྱི་འཕྲིན་ལས་སོགས་བསིལ་བའི་ཟེར་གྱི་རང་བཞིན་རྣམས་གདུལ་བྱའི་སྣང་ངོར་ཡང་སྔར་ལས་གཡོ་བ་མེད་ཅིང། མཚན་དཔེའི་སྣང་བརྙན་གྱི་ཆ་ཤས་སླར་ཡང་གསར་དུ་ཚེས་པའི་མཆོག་སྤྲུལ་ཟླ་བ་གཞོན་ནུ་འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་ཕན་བདེ་ཀུན་དའི་གཉེན་དུ་འགྱུར་བ་དང། ཚུལ་དེ་ལ་བརྟེན་ནས་རྣམ་དག་བསླབ་གསུམ་ལྡན་པའི་དགེ་འདུན་ཚོགས་ཀྱིས་གནས་འདི་ཡོངས་སུ་གང་སྟེ། བཤད་སྒྲུབ་བྱ་བ་ལས་ཀྱི་འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ཡངས་པའི་འཇིག་རྟེན་ཀུན་ཏུ་འཕེལ་བར་འགྱུར་བ་དང། ཚུལ་དེ་ལ་བརྟེན་ནས་ཆོས་སྤྱོད་བཅུ་ཡི་དཔལ་གྱིས་དགེ་ལེགས་གོས་དཀར་བྱིན་པའི་ཡུལ་གྲུ་ཀུན་ཀྱང་བསྟན་ལ་དགའ་བའི་ལྷ་ཀླུ་རྣམས་ཀྱིས་ཆོས་བཞིན་བསྐྱངས་ཏེ། རྫོགས་ལྡན་གསར་པའི་དགའ་སྟོན་བཀྲ་ཤིས་རྒྱ་མཚོའི་རླབས་ཀྱིས་ཁྱབ་པར་འགྱུར་བ་ཡིན་པར་ཐལ། དེ་ལྟར་ཡིན་ནོ་ཞེས་པའི་ཚུལ་དང་པོ་དེ་ཉིད་འཆད་


GTD007_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ལ། ཐུགས་མཁྱེན་རབ་མཛད་སྤྱོད་འཕྲིན་ལས་སོགས། །འོད་དཀར་པོའི་བསིལ་ཟེར་མ་འགྱུར་ཡང། །སྐུའི་ཆ་ཤས་གསར་དུ་ཚེས་པ་ཡི། །མཆོག་སྤྲུལ་བའི་ཟླ་བ་མྱུར་དུ་བྱོན། །ཞེས་པའི་གཞུང་འདི་བྱུང། ཚུལ་གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདི་ཡོངས་གང་ཞིང། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའི་གཞུང་འདི་བྱུང། ཚུལ་གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ། ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། ༈ དེའང་ཇི་སྐད་དུ། སྙན་པའི་བ་དན་འཇིག་རྟེན་གསུམ་ན་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཞེས་སོགས་ཀྱིས་བཤད་པ་ལྟར། རང་དོན་གྱི་ཡོན་ཏན་དམ་པ་ཉེས་ལྟུང་རྙོག་མའི་རྡུལ་དང་བྲལ་ཞིང་ལུང་རྟོགས་ཡོན་ཏན་གྱི་རྒྱན་འཕྲེང་མཛེས་པའི་གྲགས་སྙན་བ་དན་དཀར་པོ་འཇིག་རྟེན་གསུམ་གྱི་བླ་ན་གཡོ་བ། གཞན་དོན་གྱི་ཡོན་ཏན་དྲི་མ་མེད་པའི་ལུང་རིགས་སེང་གེའི་ངར་སྐད་དབྱངས་སུ་བསྒྲགས་པས་སྨྲ་ངན་ཡོངས་ཀྱི་སྙེམས་པ་ཕྲོགས་ནས་ཐར་འདོད་རི་སྐྱེས་མཐའ་དག་རྗེས་སུ་སྐྱོང་བར་མཛད་པ། སྲིད་པ་གསུམ་གྱི་དཀོན་པའི་ནོར་མཆོག་བཤད་སྒྲུབ་


GTD007_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་བང་མཛོད་འཕགས་ཆེན་འདུས་པ་རྒྱ་མཚོའི་དབུས་སུ། རང་ཅག་གཉིས་ཀྱིས་ཡོན་ཏན་མ་ལུས་པའི་གཞི་རྟེན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་སྣོད་དམ་འབྱུང་ཁུངས་ལྟ་བུར་གྱུར་པ་དམ་པའི་ཆོས་འདུལ་བའི་དོན་ལས་བརྩམས་ནས་འབེལ་གཏམ་ཅུང་ཟད་བགྱིས་ཏེ། ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་འཕགས་པ་ཉེ་བར་འཁོར་གྱི་རྣམ་པར་ཐར་པའི་རྗེས་སུ་ཞུགས་པ་འདིས་ཐོག་དྲངས། དུས་གསུམ་བསགས་པའི་དགེ་ཚོགས་ཆབས་ཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་མཁའ་མཉམ་སྐྱེ་དགུ་ཡོངས་ལ་ཕན་བདེའི་ལམ་བཟང་མཚོན་པའི་དམིགས་བུ་རྒྱལ་བའི་ཉི་མ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་ནས་ལེགས་པར་བསྟན་པའི་དམ་པའི་ཆོས་ལུང་རྟོགསཀྱི་བསྟན་པ་སྤྱི་དང། ཁྱད་པར་ཕྱི་འདུལ་བའི་ཀུན་སྤྱོད། ནང་ཕྱིན་དྲུག་གི་ཉམས་ལེན། གསང་བ་རིམ་གཉིས་ཀྱི་རྣལ་འབྱོར་སོགས་བསྟན་པའི་གནད་ཀུན་རྫོགས་པ་འཇམ་དབྱངས་བླ་མའི་ལུགས་བཟང་གསེར་མདོག་བཙོ་མ་ལྟ་བུ་བདེ་ལེགས་ཀུན་གྱི་འབྱུང་གནས་གཅིག་པུ་འདི་ཉིད་དར་རྒྱས་ཡུན་རིང་དུ་གནས་པར་འགྱུར་བ་དང། ཚུལ་དེ་ལ་བརྟེན་ནས་ཆོས་སྡེ་ཆེན་པོ་འདིས་མཚོན་མཐའ་དབུས་ཀྱི་དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང། ཉོན་མོངས་པའི་དགྲ་སྡེ་གདུང་བར་བྱེད་པའི་དཀའ་ཐུབ་དམ་པ་སྡེ་སྣོད་གསུམ་གྱི་འཆད་ཉན་དང། བསླབ་པ་གསུམ་གྱི་ཉམས་ལེན་སོགས་སྒྲུབ་པའི་མཆོད་པ་གོང་དུ་འཕེལ་བའི་དབང་གིས་རང་ཅག་རྣམས་ཀྱི་མགོན་དུ་བསམ་བཞིན་བྱོན་པའི་


GTD007_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཆེན་དམ་པ་༸གོང་ས་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་སོགས་སྐྱེས་མཆོག་དམ་པ་རྣམས་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་པའི་ཞབས་སེན་བཀྲ་ཤིས་པའི་རི་མོ་འབྲལ་མེད་སྤྱི་བོའི་རྒྱན་དུ་འགྲོགས་ཏེ་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་རྩ་བ་ཚུགས་པར་འགྱུར་བ་དང། ཚུལ་དེ་ལ་བརྟེན་ནས་རང་ཅག་རྣམས་ཀྱང་ཚེ་རབས་ཀྱི་འཕྲེང་བར་བསྟན་པའི་གཅེས་མཛོད་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱན་དང་ལྡན་ཞིང། མང་དུ་ཐོས་པའི་དཔལ་གྱིས་བརྗིད་པ་སོགས་བཤད་སྒྲུབ་ཡ་མ་བྲལ་བ་བཀའ་གདམས་གཙང་མའི་རྣམ་ཐར་ལྷུར་བླངས་པའི་སྟོབས་ཀྱིས་རིང་པོར་མི་ཐོགས་པར་ཡང་སྲིད་ཕྲ་རགས་ཀྱི་རྒྱ་ལས་རྣམ་པར་གྲོལ་ཏེ། ཐེག་པ་མཆོག་གི་དགྲ་བཅོམ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱས་ནས་འགྲོ་བ་ཀུན་ཀྱང་ཟག་མེད་བདེ་བའི་དགའ་སྟོན་མཆོག་ལ་འགོད་པར་འགྱུར་བ་ཡིན་པར་ཐལ། དེ་ལྟར་ཡིན་ནོ་ཞེས་པའི་ཚུལ་དང་པོ་དེ་ཉིད་སྟོན་པར་བྱེད་པ་ལ། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །ཞེས་པའི་གཞུང་འདི་བྱུང། ཚུལ་གཉིས་པ་དེ་ཉིད་སྟོན་པར་བྱེད་པ་ལ། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །ཞེས་པའི་གཞུང་འདི་བྱུང། ཚུལ་གསུམ་པ་དེ་ཉིད་སྟོན་པར་བྱེད་པ་ལ། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །


GTD007_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །ཞེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། ༈ དེའང་ཇི་སྐད་དུ། མཁྱེན་པ་མཁྱེན་པའི་གཏེར་ལ་འགྲན་བྱེད་ཅིང། །བཟང་པོས་ཐུགས་རྗེའི་ལྷ་དང་ཞི་དུལ་གྱིས། །ཨུ་པ་ལིར་འགྲན་དགེ་བའི་བཤེས་གཉེན་ཚོགས། །ཞེས་གསུངས་པ་ལྟར། མཁས་པའི་ཡོན་ཏན་གཞུང་བརྒྱའི་དེ་ཉིད་འབྱེད་པའི་མཁྱེན་རབ་མཁྱེན་གཏེར་གཞོན་ནུའི་དཔལ་ལ་འགྲན་ཅིང། བཙུན་པའི་ཡོན་ཏན་ཞི་དུལ་གཙང་མའི་རྣམ་ཐར་འཕགས་པ་ཉེ་བར་འཁོར་གྱི་མཆེད་ཟླ། བཟང་པོའི་ལྷག་བསམ་འགྲོ་ལ་རྗེས་སུ་ཆགས་པས་འཕགས་མཆོག་སྙིང་རྗེའི་ལྷ་དང་གཉིས་སུ་མེད་པ། མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཐོས་བསམ་སྒོམ་གསུམ་གྱི་ཕ་རོལ་ཏུ་ཕྱིན་ཅིང་། འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་འཕགས་ཆེན་འདུས་པ་རྒྱ་མཚོ་གསེར་གྱི་རི་བོའི་ཕྲེང་བ་ལྟ་བུ་ཚར་དུ་དངར་བའི་མདུན་སར་རང་ཅག་གཉིས་ཀྱིས་རྒྱལ་བའི་གསུང་རབ་ཀུན་གྱི་རྩེ་མོ། རྒྱལ་ཡུམ་རྣམ་པ་གསུམ་གྱིས་དངོས་བསྟན་སྟོང་པ་ཉིད་ཀྱི་རིམ་པ་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་གཞུང་རྒྱལ་བ་གཉིས་པས་ཉིན་མོ་བཞིན་དུ་གསལ་བར་མཛད་པ་ཟབ་མོ་དབུ་མའི་གཞུང་ལས་བརྩམས་ཏེ་འབེལ་གཏམ་ཅུང་ཟད་བགྱིས་པ་འདིས་མཚོན། དུས་གསུམ་རྣམ་དཀར་ཕུང་པོ་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། རྣམ་འདྲེན་ཐུབ་པའི་དབང་པོའི་ཐུགས་བསྐྱེད་དང་ཏིང་འཛིན་སྒྱུ་འཕྲུལ་བྱེ་བའི་འོད་ཟེར་གྱིས་དག་པའི་ཞིང་རབ་འབྱམས་ནས་


GTD007_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་དུ་བསུས་པའི་བསྟན་འཛིན་སྐྱེས་བུ་རྒྱལ་དང་རྒྱལ་བའི་རྣམ་འཕྲུལ་བསྟན་འགྲོའི་དཔལ་དུ་བྱོན་པ་ཐམས་ཅད་དང། ཁྱད་པར་དགེ་ལྡན་བསྟན་པ་ཡོངས་ཀྱི་བདག་པོ་ཀུན་གཟིགས་རྒྱལ་བའི་དབང་པོ་ཡབ་སྲས་གཉིས་དང། ཡང་སྒོས་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་ཉི་མའི་ཞལ་སྔ་ནས་ཡབ་སྲས་སོགས་ཞབས་ཟུང་གཡོ་མེད་རྡོ་རྗེའི་ཁམས་སུ་བརྟན་ཅིང། ངེས་དོན་ཟབ་མོའི་དབྱངས་དང་རྒྱ་ཆེ་བའི་ས་ལམ་སོགས་ལེགས་གསུང་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ཏེ་སྐལ་ལྡན་ཐར་འདོད་ཡོངས་ལ་ཕན་བདེའི་ལམ་བཟང་གསལ་བར་མཛད་པ་དང། ཚུལ་དེ་ལ་བརྟེན་ནས་ཀླུ་སྒྲུབ་ལུགས་བཟང་ཟབ་མོ་དབུ་མའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པ་རབ་འབྱམས་རྒྱལ་བ་ཀུན་གྱི་གདམས་པའི་ཉིང་ཁུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ལུགས་བཟང་ཀུན་གསལ་ཡངས་པའི་འཁོར་ལོ་ལོག་རྟོག་ཆུ་འཛིན་གྱི་སྒྲིབ་གཡོགས་ཀུན་དང་བྲལ་ཞིང། བཤད་སྒྲུབ་ཉི་ཟླ་ཟུང་གིས་འཁྱུད་པའི་འོད་སྣང་རྒྱ་མཚོའི་གོས་ཅན་ཀུན་ཏུ་ཁྱབ་པར་འགྱུར་བ་དང་། ཚུལ་དེ་ལ་བརྟེན་ནས་མཁའ་མཉམ་མ་རྒན་འགྲོ་བ་མཐའ་དག་བདེན་གཉིས་ཟུང་དུ་འཇུག་པའི་ལྷ་ལམ་ཡངས་པོར་ཐབས་ཤེས་ཟུང་འཇུག་གསེར་སྦྱངས་འཁོར་ལོའི་བགྲོད་པ་ལ་བརྟེན་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་དེ། སྐུ་


GTD007_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་གོ་འཕང་དམ་པ་འཆི་མེད་དབང་པོའི་ནོར་བུའི་ཁྲི་འཕང་མཐོན་པོ་ལ་མྱུར་བ་ཉིད་དུ་འཁོད་པར་འགྱུར་བ་ཡིན་པར་ཐལ། དེ་ལྟར་ཡིན་ནོ་ཞེས་པའི་ཚུལ་དང་པོ་དེ་ཉིད་སྟོན་པར་བྱེད་པ་ལ། ཐུབ་དབང་རྫུ་འཕྲུལ་བྱེ་བས་མངོན་བོས་པའ། །རབ་འབྱམས་ཞིང་གི་རྒྱལ་སྲས་ཏིལ་གང་ཚོགས། །ངེས་དོན་ཟབ་མོ་དྲུག་ཅུའི་དབྱངས་སྙན་གྱིས། །ཚིམ་མཛད་སྐལ་ལྡན་བྱེ་བའི་མིག་འབྱེད་ཤོག །ཅེས་པའི་གཞུང་འདི་བྱུང། ཚུལ་གཉིས་པ་དེ་ཉིད་སྟོན་པར་བྱེད་པ་ལ། ཀླུ་སྒྲུབ་ལུགས་བཟང་ཀུན་གསལ་སྟོང་པའི་མཁའ། །ལྟ་ངན་སྤྲིན་ཚོགས་སྟུག་པོས་མི་སྣང་བ། །ཐལ་འགྱུར་རྣམ་དཔྱོད་རླུང་གིས་རབ་ཕྱེ་བས། །སྟོང་པའི་མཁའ་དབྱིངས་ཐུབ་བསྟན་ཆེར་གསལ་ཤོག །ཅེས་པའི་གཞུང་འདི་བྱུང། ཚུལ་གསུམ་པ་དེ་ཉིད་སྟོན་པར་བྱེད་པ་ལ། འདིར་འབད་དགེ་བས་མ་རྒན་འགྲོ་བ་ཀུན། །ཐེག་ཆེན་ཟུང་འབྲེལ་ང་ལས་ནུའི་འཁོར་ལོས། །ལེགས་བྱས་ལམ་ལྔའི་ཐེམ་སྐས་རྩེར་སོན་པས། །སྐུ་གསུམ་ལྷ་དབང་གདན་ལ་མྱུར་སྤྱོད་ཤོག །ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། ༈ དེའང་ཇི་སྐད་དུ། ཁྲིམས་ལྡན་བློ་གྲོས་སྡེར་མོའི་གདེངས་ཀ་ཡིས། །སྲིད་པའི་ཚང་ཚིང་བསྲུང་བའི་ཉོན་མོངས་སྦྲུལ། །ཉེར་བཅོམ་གྲགས་པའི་བ་དན་འདབ་མའི་རླུང། །རི་བོ་རལ་པའི་སྒྲ་ལྡན་དཔའ་བོའི་སྡེ། །ཞེས་འབྱུང་བ་ལྟར། རྣམ་དག་ཁྲིམས་ཀྱི་གཟི་བརྗིད་སེར་སྐྱའི་མེ་འོད་ལང་ཚོ་རྒྱས་ཤིང། རྣམ་དག་བློ་གྲོས་རྣོ་ལྡན་སྡེར་འཕྲེང་གཡོ་བའི་གཏུམ་དྲག་ཤུགས་ཀྱིས་འགྲོ་བར་མཐའ་དག་མྱ་ངན་


GTD007_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་ཚང་ཚིང་ལས་འདོན་པའི་གོ་སྐབས་འཕྲོག་པའི་ཆགས་སོགས་ཉོན་མོངས་ནག་པོའི་སྦྲུལ་གདུག་ཕྱེ་མར་འཐག་པའི་སྙན་པ་འདབ་ཟུང་གཡོ་བའི་སྒྲ་སྐད་སྟོང་ཕྲག་དབྱར་གྱི་རྔ་གསང་ཅིག་ཅར་རྒོད་པའི་སྒྲ་ལ་ཅོ་འདྲིར་བགྱིད་པ་དྲན་དབང་འདུས་པ་འབུམ་སྡེའི་མདུན་སར། རང་ཅག་གཉིས་ཀྱིས་དཔྱད་གསུམ་དག་པའི་རིགས་པ་རླུང་གི་ཤིང་རྟས་རྒྱལ་བའི་དགོངས་ཟབ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཕ་རོལ་ཕྱིན་གཞུང་ཟླ་ཤེལ། འགྲོ་བའི་ལེགས་བྱས་ཤར་རིའི་རྩེ་མོར་དྲངས་པའི་དགེ་ཚོགས་ལ་བརྟེན་ནས། འཇམ་དབྱངས་མཐོན་མཐིང་ལྕང་ལོ་གསེར་སྦྱངས་ཁུ་བས་བྲན་ཏེ་རང་མདངས་དམར་སེར་གོས་ཀྱི་ཟོལ་ལ་བརྟེན་པའི་ཡབ་རྗེ་རྒྱལ་བ་གཉིས་པའི་ལུགས་བཟང་དྲི་བྲལ་སྦྲང་རྩིའི་དོག་པ་མཐའ་དག་ཕྱོགས་ཀྱི་འདབ་མའི་ཁོར་ཡུག་ཡངས་པའི་ངོས་ལ་གྲུབ་པའི་རོ་བརྒྱ་མངར་བཞིན་ཕྱི་མཐའི་བར་དུ་ཆགས་པར་འགྱུར་བ་དང། ཚུལ་དེ་ལ་བརྟེན་ནས་དགེ་ལྡན་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་རྒྱལ་དབང་གྲགས་པའི་མུ་ཁྱུད་མཆོག་གིས་གཙོས། བཤད་སྒྲུབ་སུམ་རྩེན་དགའ་ཚལ་སྐྱོང་བའི་མཁས་གྲུབ་ཉེ་དབང་ཚོགས་ཀྱི་ཞབས་སྐྱེས་དམར་བའི་ལང་ཚོ་སྐྱེ་དགུའི་བདེ་འཚོའི་དཔྱིད་དུ་བརྟན་ཅིང་འཕྲིན་ལས་བདུད་རྩིའི་འོད་ཀྱི་འཇུག་པ་མཐའ་དབུས་ཀུན་ཏུ་རྒྱས་པར་འགྱུར་བ་དང། ཚུལ་དེ་ལ་བརྟེན་ནས་མི་ཕམ་རྒྱལ་བའི་ཉི་མ་འཕགས་ཡུལ་ཤར་རིའི་རྩེ་མོར་འཕགས་ཏེ་གསུང་གསང་འོད་ཀྱི་དྲ་བ་འགྱེད་པའི་མོད་ལ་བདག་


GTD007_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འཆིང་བའི་སྦུབས་རྒྱ་གྲོལ་ཏེ། བསླབ་གསུམ་གེ་སར་རྒོད་པའི་བཅུད་ཀྱིས་མཐའ་ཀླས་ལུས་ཅན་མཐའ་དག་ཚིམ་པར་འགྱུར་བ་ཡིན་པར་ཐལ། དེ་ལྟར་ཡིན་ཞེས་པའི་ཚུལ་དང་པོ་དེ་ཉིད་སྟོན་པར་བྱེད་པ་ལ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །ཅེས་པའི་གཞུང་འདི་བྱུང། ཚུལ་གཉིས་པ་དེ་ཉིད་སྟོན་པར་བྱེད་པ་ལ། རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང། །བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱི། །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །ཅེས་པའི་གཞུང་འདི་བྱུང། ཚུལ་གསུམ་པ་དེ་ཉིད་སྟོན་པར་བྱེད་པ་ལ། ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་སྤོར། །བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ། །བདག་གི་བློ་གྲོས་པདྨ་ཁ་ཕྱེ་ནས། །སྐལ་བཟང་བུང་བའི་ཚོགས་རྣམས་ཚིམ་བྱེད། ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར།། །།༈ དེའང་མཁས་གྲུབ་ཆོས་ཀྱི་རྒྱལ་པོས། མཁས་པ་ཀུན་གྱི་ཟུར་ཕུད་ལ། །ནས། རྒྱལ་མཚན་འཛིན། །ཞེས་གསུངས་པ་ལྟར། དྲན་དབང་བདེ་འབྱུང་བྱེ་བ་ཕྲག་བརྒྱའི་རལ་པའི་ཟུར་ཕུད་ལ་ཞབས་སེན་ཟླ་བའི་མྱུ་གུ་དྲག་ཏུ་བཞད་པའི་རྩེ་དགའ་ལྷུར་བྱེད་ཅིང། དཔྱད་གསུམ་རྣམ་པར་དག་པའི་ལུང་རིགས་འོད་དཀར་དྲ་བ་འབུམ་དུ་འགྱེད་པས་རྒྱ་མཚོ་མཐའ་དག་གི་མཚམས་ཀྱི་ཐ་གྲུ་ཡངས་པའི་ཕྱོགས་ཀྱི་འཁོར་ལོ་ཀུན་ལ་དགེ་


GTD007_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཀྱི་གོས་དཀར་ཅི་ཡང་སྦྱིན་པར་མཛད་པ་རྒོལ་ངན་ལོག་པར་སྨྲ་བ་མཐའ་དག་ལས་རྣམ་པར་རྒྱལ་བའི་གྲགས་པའི་རུ་མཚོན་སྲིད་པའི་རྩེ་མོར་བསྒྲེངས་པ་ཟླ་བྲལ་མཁས་པའི་དབང་པོ་འབུམ་ཕྲག་གདན་འཇོམ་པའི་ཆོས་ཀྱི་གདན་ས་ཆེན་པོ་འདིར། དྲང་ངེས་རྣམ་འབྱེད་ཡིན་ན། རང་ཅག་གཉིས་ཀྱིས་རྣམ་འདྲེན་སྟོབས་བཅུ་མངའ་བ་ཡོངས་ཀྱི་ཐུགས་བཅུད། ཐེག་གསུམ་འཕགས་པའི་སྐྱེ་བོ་ཀུན་གྱི་གཤེགས་བཤུལ་འཕགས་ཡུལ་པཎ་གྲུབ་ཀུན་གྱི་བཞེད་གཞུང། གསུང་རབ་མ་ལུས་པ་དྲང་ངེས་ཀྱི་ཚུལ་དུ་གཏན་ལ་ཕབ་སྟེ། བསྟན་པའི་སྙིང་པོ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མེ། འཇམ་དབྱངས་བླ་མའི་གསུང་གི་ཡང་སྙིང་། དྲང་བ་དང་ངེས་པའི་དོན་གྱི་བསྟན་བཅོས་ཆེན་པོའི་དོན་ལས་བརྩམས་ཏེ། བསམ་གཟུགས་ཡིན་ན། རང་ཅག་གཉིས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཀུན་གྱི་རྒྱུར་བསྔགས་ཤིང། ཐེག་གསུམ་འཕགས་པའི་མངོན་རྟོགས་མ་ལུས་པའི་གཞི་རྟེན། རྣལ་འབྱོར་དབང་པོ་མཐའ་དག་གི་གཤེགས་བཤུལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་བགོས་པའི་སེམས་དཔའ་ཆེན་པོ་རྣམས་ལམ་གོང་མ་གོང་མར་འཇུག་ཅིང་འཛེགས་པའི་ཚུལ་འཇུག་སྒྲུབ་དགུའི་ཐོག་མར་གསུངས་པ་ལས་འཕྲོས་ཏེ་བསམ་གཟུགས་སྙོམས་འཇུག་གི་རྣམ་གཞག །རྟེན་འབྲེལ་ཡིན་ན། རང་ཅག་གཉིས་ཀྱིས་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་ལུགས་འབྱུང་ལྡོག་གི་རིམ་པས་ཀུན་བྱང་གི་


GTD007_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

གནད་མཐའ་དག་སྟོན་བྱེད་ཀྱི་སྤྱི་སྡོམ་ཆེན་པོར་གྱུར་ཅིང། བདེན་པ་བཞིའི་ཚུལ་གྱིས་ཐུབ་པའི་གསུང་གི་གཅེས་མཛོད་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་མཐའ་བྲལ་དབུ་མའི་དེ་ཁོ་ན་ཉིད་དང་དོན་གཅིག་ཏུ་གནས་པའི་ཆོས་ཀྱི་དེ་ཉིད་ཟབ་མོ་རྟེན་འབྱུང་གི་རྣམ་གཞག་ལས་བརྩམས་ཏེ། རིགས་པའི་གློག་འཕྲེང་བརྒྱ་ལྡན་དལ་གྱིས་བཞད་པའི་ལུང་གི་འབྲུག་སྒྲ་ཟབ་མོ། བློ་གསལ་མདོངས་མཐའི་སྙིང་ལ་མངོན་དགའི་དཔྱིད་དུ་གྱུར་པ་དུ་མ་སྤྲོས་པའི་དགེ་ཚོགས་འདིས་མཚོན་དུས་གསུམ་བསགས་པའི་རྣམ་དཀར་ལེགས་བྱས་ཀླུང་བརྒྱ་གཅིག་ཏུ་འདྲིལ་བའི་མཐུ་ལ་བརྟེན་ནས་རྣམ་འདྲེན་རྒྱལ་བ་ཀུན་གྱི་བདེ་ཆེན་སྙིང་རྗེའི་སྒྱུ་འཕྲུལ་གཅིག་ཏུ་བསྡུས་པའི་རོལ་གར་བསིལ་ལྡན་ར་བའི་ལྗོངས་ཀྱི་སྐྱེ་དགུའི་ཕན་བདེའི་རྩ་བ། ས་སྟེང་གི་ཐུབ་པའི་བསྟན་པ་ཡོངས་ཀྱི་མངའ་བདག་༸གོང་ས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཆེ་གེའི་ཞལ་སྔ་ནས་ཀྱིས་གཙོས་ས་སྟེང་གི་བསྟན་འཛིན་དམ་པ་རྣམས་ཞབས་ཟུང་གཡོ་མེད་གཞོམ་གཞིག་བྲལ་བ་རྡོ་རྗེའི་ཁམས་ལྟར་བརྟན་ཅིང། རྣམ་དཀར་འཕྲིན་ལས་ཀྱི་སྣང་བ་ཆུ་གཏེར་སྐ་རགས་ཅན་གྱི་འཛིན་མའི་ཁོར་ཡུག་ཀུན་ཏུ་ཁྱབ་པར་འགྱུར་བ་དང། ཚུལ་དེ་ལ་བརྟེན་ནས་ཕྱི་ཚངས་སྤྱོད་ཀྱི་ཆ་ལུགས་ངུར་སྨྲིག་ཆོས་གོས་གསུམ་གྱི་འདབ་མ་མངོན་པར་མཛེས་ཤིང། ནང་བསླབ་གསུམ་གྱི་ཉམས་ལེན་སྦྲང་རྩིའི་ཟིལ་མངར་མཆོག་གིས་གཏམས་པ་སྡེ་སྣོད་གསུམ་གྱི་ལེགས་བཤད་རྐང་དྲུག་མྱོས་པའི་གླུ་དབྱངས་བརྒྱུད་མར་སྒྲོགས་པས་རྒྱ་མཚོའི་


GTD007_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཅན་ཡངས་པའི་ཁྱོན་འདིར་བཤད་སྒྲུབ་ཀྱི་སྡེ་ཇི་སྙེད་ཅིག་མཆིས་པའི་ནང་ན་རྒྱལ་མཚན་གྱི་རྩེ་མོར་ཏོག་བཞིན་མངོན་པར་འཕགས་པའི་ཆོས་ཀྱི་སྡེ་ཆེན་པོ་འདིས་མཚོན་ཕྱོགས་བཅུའི་དགེ་འདུན་རྣམས་ཐུགས་མཐུན་ཞིང། འཁོར་ལོ་གསུམ་གྱི་མཛད་བཟང་ནམ་ཡང་ཉམས་པ་མེད་པའི་མཐུ་ལ་བརྟེན་ནས་དགེ་ལྡན་ལུགས་བཟང་འདི་ཉིད་མཐའ་དབུས་ཀྱི་འཛིན་མའི་ཁྱོན་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་འགྱུར་བ་དང། ཚུལ་དེ་ལ་བརྟེན་ནས་བདག་ཀྱང་རྟག་ཏུ་བཤེས་གཉེན་དམ་པའི་མགོན་དང་བཅས་ཤིང། དཔལ་ཨ་ཏི་ཤ་དང་འཇམ་མགོན་བླ་མའི་རྣམ་པར་ཐར་པ་བཞིན་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་གདན་ཐོག་གཅིག་ཏུ་ཉམས་སུ་བླངས་པས་རྒྱལ་བའི་དགོངས་པ་མཐའ་དག་བདེ་བླག་ཉིད་དུ་ཁོང་དུ་ཆུད་དེ། ཡང་དག་པའི་ལམ་གྱི་ལུས་རྩལ་ཡོངས་སུ་རྫོགས་ནས་རང་གིས་ཇི་ལྟར་ངེས་པ་བཞིན་དུ་སྐལ་ལྡན་གདུལ་བྱའི་ཚོགས་ལ་སྤེལ་བ་སོགས་བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྒོ་ནས་བློ་བཟང་རྒྱལ་བའི་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་པ་ཡིན་པར་ཐལ། དེ་ལྟར་ཡིན་ནོ་ཞེས་ཚུལ་དང་པོ་དེ་ཉིད་སྟོན་པར་བྱེད་པ་ལ། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིའ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་ཆེ་གེ་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན། ཞེས་པའི་གཞུང་འདི་བྱུང། ཚུལ་གཉིས་པ་དེ་ཉིད་སྟོན་པར་བྱེད་པ་ལ།


GTD007_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །ནས། ཕྱོགས་བཅུར་རྒྱས། ཞེས་པའི་གཞུང་འདི་བྱུང། ཚུལ་གསུམ་པ་དེ་ཉིད་སྟོན་པར་བྱེད་པ་ལ། མདོར་ན་བཤེས་གཉེན་དམ་པ་མཉེས་བྱས་ནས། །ཐུབ་པའི་དགོངས་པ་རྙེད་པའི་མང་ཐོས་ཀྱིས། །སྒྲུབ་པའི་བྱ་བ་ལེགས་པར་མཐར་ཕྱིན་ཏེ། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་བྱེད། ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། དགེའོ།། །།


previousཚིག་བཀྲ་སྣ་ཚོགས་ཀྱི་སྐོར།next