Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
 
  
  
  
  
  
  
  
  
སྙན་དངགས་ཀྱི་དཔེར་བརྗོད་རྩོམ་འཕྲོ་ཅན།


6 occurrences of བྱམས་པ་གླིང་
[Clear Hits]

 
previousསྙན་དངགས་ཀྱི་དཔེར་བརྗོད་རྩོམ་འཕྲོ་ཅན།no next

སྙན་དངགས་ཀྱི་དཔེར་བརྗོད་རྩོམ་འཕྲོ་ཅན།


GTD007_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་དངགས་ཀྱི་དཔེར་བརྗོད་རྩོམ་འཕྲོ་ཅན་བཞུགས་སོ།།


GTD007_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གྲོལ་བ་ནི། འདབ་སྟོང་རྩེ་ན་ཟླ་བའི་མེ་ལོང་ངོས། །ཏིང་འཛིན་པིར་གྱིས་བྲིས་འདྲ་ཚངས་སྲས་མ། །སྙན་འགྱུར་རྒྱུད་མངས་སྒྲ་ལས་ངག་གི་དཔྱིད། །འདོད་དགུར་འཇོ་བ་ལྷག་པའི་ལྷ་དེར་འདུད། །ཡང་། སྙན་འགྱུར་རྒྱུད་མངས་སྒྲ་དང་སྦྱར་བ་ཡི། །ལེགས་བཤད་རོལ་མོ་རྣམ་པར་སྤྲོ་བའི་གཉེན། །ངག་ལ་ངག་གི་དཔལ་སྟེར་དབྱངས་ལྡན་མས། །སྡེབ་ལེགས་ཚིག་གི་འདོད་པ་འཇོ་བར་མཛོད། །རིགས་ནི། དཀར་གསལ་རི་དྭགས་མཚན་མ་ཡི། །མཛེས་སྡུག་སྙེམས་པ་འཕྲོག་བྱེད་པའ། །ཞལ་གྱི་དཀྱིལ་འཁོར་རབ་རྒྱས་པ། །བློ་ལྡན་ཡིད་ཀྱི་ལྕགས་ཀྱུ་བཞིན། །ཡོན་པོར་བལྟ་བའི་ཟུར་མིག་གི །འོད་ཀྱི་ཞགས་པ་རིང་པོ་ཡིས། །རྣ་ལུང་ནོར་བུའི་མཛེས་སྡུག་ཀུན། །དལ་གྱིས་འདྲེན་པའི་འཇབ་བུ་མཁན། །


GTD007_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་སྒྲོས་བིམྦའི་དགའ་ཚལ་དབུས། །ཚེམས་འཕྲེང་ཟླ་བའི་མྱུ་གུ་ལས། །བསུང་ཞིམ་བསིལ་ཟེར་སྤྲོ་བ་ཡི། །དབྱངས་ལྡན་མཐོང་བས་དང་བ་འཕེལ། །མཛོད་ནི། དཀར་ཞིང་གསལ་ལ་དྲི་མ་མེད། །མཛེས་སྡུག་དཀྱིལ་འཁོར་ཡོངས་སུ་རྫོགས། །ཟུར་མིག་ག་བུར་གཟེགས་མ་ཡིས། །ཡིད་ཀྱི་གདུང་བ་སེལ་བྱེད་ཅིང། །དགའ་བའི་ཀུནྡ་ཁོང་ནས་རྒོད། །འཛུམ་དཀར་བདུད་རྩིའི་འོད་རླབས་ཀྱིས། །བློ་གྲོས་ཆུ་གཏེར་རྒྱས་པར་བྱེད། །སྒེག་ཅིང་རབ་ཏུ་དགྱེས་པའི་ཉམས། །རི་དྭགས་གཟུགས་ཀྱིས་རྣམ་པར་ངོམས། །དབྱངས་ལྡན་མ་ནི་ཁོ་བོའི་ལྷ། །འདུས་པ་ནི། དམར་སེར་སྐུ་ཡི་ཉིན་བྱེད་ལས། །ཕྱག་གཡས་མཁའ་ལ་བརྐྱངས་པ་ན། །རབ་དམར་གློག་གི་རྩེ་དགའ་ཡིས། །ཤེས་བྱའི་ཁོར་ཡུག་གཞལ་བྱེད་བཞིན། །ནོར་བུའི་སྙེ་མ་གཡུར་ཟ་ཞིང་། །སྒྲ་


GTD007_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གསེར་སྦྱངས་གདུ་བུ་ཡིས། །མཁྲིག་མའི་ཕྱོགས་སུ་བརྒྱན་པ་འདིས། །སྲིད་ཞིའི་མཛེས་སྡུག་བདག་གིར་བྱེད། །གང་གི་ཡལ་འདབ་རྩེ་མོ་ན། །རྩེན་པ་རལ་གྲིའི་གདེངས་ཀ་ཡིས། །ཀུན་རྨོངས་མུན་པའི་དྲ་བ་དག །ཅིག་ཅར་ཉིད་ལ་གཅོད་པར་བྱེད། །ཤིས་བརྗོད་ནི། འགྲིབ་མེད་འོད་ཀྱི་རྩེ་དགའ་ཡིས། །དུས་ཀྱི་མུན་པ་མཐར་མཛད་པ། །ཡེ་ཤེས་སྣང་བ་བླ་ན་མེད། །ཚེ་མཐའ་ཡས་པས་ཤིས་པར་མཛོད། །ཕྱག་ནི། ཐུགས་རྗེའི་པི་ཝང་དང་པོའི་རྒྱུད། །བརྡུང་བ་ཙམ་གྱིས་རྨོངས་པའི་གཟིངས། །འཇོམས་བྱེད་དྲི་ཟའི་ན་ཆུང་མ། །དབྱངས་ཅན་ལྷ་དེར་སྙིང་ནས་འདུད། །དངོས་པོ་ངེས་བསྟན། བཅད་ལྷུག་སྤེལ་མའི་ཆ་ཤས་ཡོངས་སུ་རྫོགས། །སྡེ་བཞིའི་གཏམ་གྱི་རི་བོང་མཚན་མས་མཛེས། །སྒྲ་དོན་རྒྱན་གྱི་འོད་དཀར་དྲ་བ་ཅན། །ལེགས་བཤད་ཟླ་ཤེལ་ཐུབ་བསྟན་མཁའ་ལ་འདྲེན། ༈ །དལ་ཞིང་རྒྱུ་བ་སོ་ཀའི་ཉིན་བྱེད་ཀྱིས། །གནམ་སྔོན་མེ་ལོང་ཞུ་བ་སྨིག་རྒྱུའི་ཆབ། །སྤང་གཤོང་ཡངས་པོར་འཁྱིལ་འདྲའི་ཆུ་མཚོ་ལས། །ལྦུ་བའི་སྐར་ཚོགས་མཁའ་ལ་འཐོར་བ་བཞིན། ༈ །སིལ་སིལ་འབབ་པ་གཙང་མའི་ཆབ་རྒྱུན་ཅན། །ལྗང་སྔོན་ནགས་ཚལ་མཛེས་པས་སྨད་ཁེབས་ཤིང། །སྤྲིན་དཀར་སྟོད་གཡོགས་གཡོ་བའི་རི་སུལ་ན། །ཁུ་བྱུག་མྱོས་པའི་གསུང་སྙན་དལ་གྱིས་སྒྲོག །༈ འོད་སྟོང་གཟི་བྱིན་མ་བཟོད་


GTD007_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མའི་ཚོགས། །ས་ལ་འཕོས་འདྲ་གྲོང་ཁྱེར་ཆེན་པོའི་དབུས། །གསེར་གྱི་རྒྱལ་མཚན་འཕྲེང་བས་མཛེས་པ་ན། །ཉི་མའི་དམག་ཚོགས་རྗེས་སུ་བབས་པ་བཞིན། ༈ །སྐྱོན་བྲལ་སྟོན་གྱི་མཁའ་ལ་རྟ་ལྗང་ཅན། །འབར་བའི་ཟེར་གྱིས་ཕྱེ་བའི་འདབ་སྟོང་འཕྲེང་། །ཚར་དངར་སྐྱེད་ཚལ་དབུས་ཀྱི་རྫིང་བུ་ན། །གཞོན་ནུ་ཁྲུས་ཀྱི་རྩེ་དགས་རྣམ་པར་རོལ། ༈ །ཆང་གིས་མྱོས་པས་ཟིམ་ཟིམ་ལྟ་བྱེད་ཅིང། །དགའ་མགུར་རོལ་བའི་བདེ་བས་སྤུ་ལོང་རྒྱས། །འོན་ཀྱང་ད་དུང་འདོད་པའི་ཕོ་ཉ་མོ། །གཞན་དང་དུས་བཏབ་ལས་འདས་གདུང་བས་མནར། ༈ །ཡིད་ཀྱི་ཤིང་རྟ་འགྲོ་དང་འོང་བ་ཡིས། །ཉེ་བར་མཚམས་སྦྱར་དགའ་བའི་དགའ་སྟོན་ཆེ། །དར་བས་རིགས་སྲས་གསར་པའི་ཀུ་མུད་ད། །འཕེལ་བ་ཡར་ཚེས་ཟླ་བའི་མྱུ་གུ་བཞིན། ༈ །རྟ་རྨིག་གིས་བསླད་རྡུལ་གྱིས་ཆུ་འཐུང་འགོག །རི་བོ་རལ་བྱེད་གླང་པོའི་དཔའ་སྒྲ་ཅན། །མི་བཟད་གཡུལ་གྱི་དགྲ་སྡེའི་དཔུང་བཅོམ་ཚེ། །རྒྱལ་པོའི་སྡེ་བཞིའི་མངའ་ཐང་ངང་གིས་འཕེལ། ༈ །རྟེན་འབྱུང་མདུན་ན་འདོན་གྱིས་གྲོས་བཏབ་སྟེ། །དཔྱད་འཇོག་ལྟ་བའི་ཕོ་ཉ་འགྲོ་འོང་གིས། །དངོས་འཛིན་བཙོན་ར་བཤིགས་ནས་གཉུག་མའི་སེམས། །ཕ་རོལ་ཞི་བའི་གླིང་དེར་དལ་གྱིས་སོངས། །གཽ་ཌཱ་བའི་སྦྱར་བ། པདྨའི་རྩེ་ན་སྙན་པའི་གླུ་ལེན་མ། །


GTD007_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་མདངས་བཀྲ་མུ་ཏིག་འོད་ལྡན་མ། །མ་ལྟར་གུས་པས་བསྟེན་ནོ་དབྱངས་ལྡན་མ། །མ་གཡེལ་བརྩེ་བས་གཟིགས་པ་མ་དོར་ཞིག །འདི་ཡང། རབ་དཀར་ཀ་མ་ལ་ཡི་གདན་སྟེང་ན། །དཀར་ཞིང་མཛེས་པ་ངང་པའི་བུ་མོ་དཀར། །འཛུམ་དཀར་བསིལ་བའི་འོད་དཀར་སྤྲོ་བ་ཡིས། །བློ་ཡི་ཀུནྡ་རྒྱས་པའི་མཛེས་སྡུག་དཀར། །ལྷོ་པའི་སྦྱར་བ། ཤེས་རབ་ཆུང་ཡང་ཁེངས་ལྡན་མཁས་རློམ་ཚོགས། །འཐད་འཐད་ཚིག་གིས་ཕལ་ཆེར་མགོ་བསྐོར་ཞིང། །ཚིག་འཁྲི་ཁོ་ནས་མི་ཚེ་ཆུད་གཟོན་པས། །ཚང་ཚིང་ཁོར་ཡུག་ཁེངས་ཀྱང་ཕན་པ་ཆུང། །འདི་ཡང། ཤེས་རབ་མེད་ན་ཁེངས་ཀྱང་མཁས་པ་མིན། །ཁེ་ཚོང་ཁོ་ནར་འཐམ་ཚེ་བཙུན་པ་མིན། །ཁེ་འདོད་ཕུགས་སུ་འཆང་ཕྱིར་བཟང་པོ་མིན། །ཆོས་མེད་ཆོས་པའི་གཟུགས་ཀྱིས་ས་འདི་ཁེངས། །ལྷོ་པའི་རབ་དྭངས། མཐོ་ཞིང་བརྗིད་ཆགས་ཤར་རིའི་རྩེ་མོ་ནས། །སྤྲིན་བྲལ་སྟོན་གྱི་ནམ་མཁའ་དྭངས་པ་ལ། །དལ་གྱིས་འཛེག་པའི་ཟླ་བ་བདུད་རྩིའི་འོད། །མུན་པའི་གདུང་སེལ་བསིལ་བའི་དཔལ་དུ་ཤར། །ཤར་པའི་རབ་དྭངས། ཡེ་ཤེས་མེ་ལོང་ངོས་ལ་མངོན་དགའ་བ། །ངང་པའི་བུ་མོ་མགྲིན་པའི་རྫ་རྔ་ཡིས། །ཕུལ་བྱུང་ཤིས་པར་བསྒྲུབས་པའི་ཡིད་མཚོ་ལས། །སྡེབ་ལེགས་ཚིག་གི་མེ་ཏོག་མཁའ་ལ་འཐོར། །ལྷོ་པའི་མཉམ་ཉིད། འཇམ་དབྱངས་གཞོན་ནུ་མི་ཡི་རོལ་གར་ཅན། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡིས། །ཐེག་མཆོག་མཐར་ཐུག་གསང་ཆེན་དུནྡྷུ་བྷ། །བརྡུང་ཚེ་མཁས་རློམ་ཡོངས་ཀྱི་ཁེངས་པ་


GTD007_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག །ཤར་པའི་མཉམ་ཉིད། ཀུན་གསལ་ཡངས་པའི་དོ་ར་མཛེས་པའི་དཔྱིད། །འོད་དཀར་ག་བུར་འགྱེད་པ་ཀུནྡའི་གཉེན། །ཚ་བའི་གདུང་འཕྲོག་བསིལ་བའི་མཆོག་སྟེར་བ། །ལུས་ཅན་སྙིང་གི་དགའ་བ་གཟུགས་ཅན་བཞིན། །སྙན་པ་ལྷོ་ཕྱོགས་པའི་སྒྲའི་ཉམས། རྒྱ་ཆེ་རྒྱ་མཚོ་ལྟར་ཟབ་རྒྱལ་བའི་ཐུགས། །མཁའ་ལྟར་ཡངས་ལ་ཉ་རྒྱས་ཟླ་ལྟར་གསལ། །མ་སྨད་ཕུལ་བྱུང་སྤོབས་པ་མི་དཔོག་པས། །རྣམ་ཀུན་རྟོགས་པའི་སྟོབས་ཞེས་རྣམ་པར་བསྟོད། །ཤར་པའི་རྐང་པ་ལ་བསྐོར་བ། མཐའ་ཡས་གསུང་རབ་ཀུན་གྱི་སྙིང་པོའི་དོན། །མཐར་འཛིན་ནད་ཀུན་སེལ་བའི་སྨན་གཅིག་པུ། །མཐའ་བྲལ་ཟབ་མོ་རྟེན་ཅིང་འབྲེལ་འབྱུང་ལམ། །མཐར་གྱིས་གོམས་པས་སྲིད་པའི་ཟུག་རྔུ་གཅོད། །ཚིག་ལ་བསྐོར་བ། བིམ་པའི་ཚལ་ན་བུང་བའི་ན་ཆུང་མ། །སྙན་པའི་གླུ་ལེན་སྦྲང་རྩིའི་སྙེ་མར་རོལ། །རབ་དགའ་རྒྱས་པའི་ངོ་མཚར་རི་མོ་འདིས། །སྲིད་པའི་བདེ་ལ་སྲེད་པ་འཕེལ་བར་བྱེད། །རིང་པོར་བསྐོར་བ། མ་ལུས་མཁས་པའི་སྙིང་ལ་དཔྱིད་འཇོ་བ། །དབྱངས་ལྡན་མ་ཁྱོད་ལྷག་པའི་ལྷར་བསྟེན་ན། །བརྩེ་བས་དགོངས་ནས་མ་གཡེལ་དུས་ཀུན་ཏུ། །འཛད་མེད་ངག་གི་དངོས་གྲུབ་མ་ལུས་སྩོལ། །ཤར་པ་ཁོ་ན་འདོད་པའི་རྗེས་ཁྲིད། སྒྲོས་བར་ལས་བྱུང་སྒྲ་དབྱངས་སྙན་སྒྲོག་ཅིང། །སྦྲང་རྩིས་སྒྲེགས་པའི་བསུང་ལྡན་བྷྲ་མ་རཿ །འདབ་སྟོང་རྩེ་ན་གར་གྱིས་རོལ་པ་ལ། །བ་མོའི་རེག་པས་གནོད་པར་མ་གྱུར་


GTD007_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཏམ། །སྤང་བྱ་གྲོང་པའི་ཚིག །འདོད་ལྡན་སྙིང་དུ་སྡུག་པའི་བུ་མོ་ཁྱོད། །མཐོང་བས་ཆགས་པའི་ཡིད་ནི་བཟུང་བར་དཀའ། །མལ་སྟན་བདེ་བར་འོ་དང་འཁྱུད་པ་ཡིས། །འཁྲིག་པའི་བདེ་ལ་སྤྱོད་པར་མི་བྱེད་དམ། །སྤོང་བྱེད་ཀྱི་ཉམས། མེ་ཏོག་མདའ་ཅན་སྲིད་ལས་རྒྱལ་བྱེད་པའ། །བ་དན་ལྟ་བུར་དཀར་མཛེས་ལུས་ཕྲ་ཁྱོད། །དགའ་བའི་གྲོང་ཁྱེར་ཡངས་པོར་ཡིད་སྲུབས་ཀྱི། །དགའ་སྟོན་ཆེ་ལ་རོལ་བར་མི་བྱེད་དམ། །མཚམས་སྦྱོར་ལ་ཞུགས་པ། འོད་ཀྱི་དཀྱིལ་འཁོར་རབ་རྒྱས་རྟ་ལྗང་ཅན། །བསིལ་ཟེར་ལྡན་པ་ཡིས་ཀྱང་མི་ཕྱེད་པ། །ཅིག་ཅར་འབྱེད་བྱེད་སྒེག་མོའི་འགྲམ་ཆང་གིས། །འཐོར་ཚེ་བ་ཀུ་ལ་དེ་རང་དབང་ཅ། །ངག་ཚིག་དོན་ལ་ཞུགས་པ། དམར་བའི་བཞིན་ལྡན་དྲག་པོའི་དབུགས་འབྱིན་ཅིང། །ཕ་རོལ་ལུས་ལ་རྡོ་རྗེའི་གདེངས་ཀ་ཡིས། །བསྣུན་པ་ལས་སྐྱེས་བཟོད་དཀའ་ཟུག་རྔུའི་ཚོགས། །ཀུན་རྟོག་སྤྲོས་པའི་སྡེ་དང་ལྷན་ཅིག་རྒྱས། །དམིགས་བསལ། ཆོས་ལ་ཡིད་རྟོན་བུ་མོ་མཚན་ལྡན་མ། །དྲིན་ལྡན་ཕ་མའི་འདོད་པ་སྒྲུབ་བྱེད་ཅིང། །འཁོར་འབངས་ཚོགས་ལ་རྗེས་སུ་ཆགས་པའི་སེམས། །མི་འདོར་ཡ་རབས་ངང་ཚུལ་མཆོག་གིས་མཛེས། །ལྷོ་པའི་གཞོན་པ། པད་དཀར་འཕྲེང་བས་མཛེས་པའི་སྐྱེད་ཚལ་ན། །གེ་ས་རས་མྱོས་བུང་བའི་ན་ཆུང་མ། །སྦྲང་རྩིའི་སྙེ་མ་འཆང་ཞིང་སྙན་འགྱུར་གྱི། །གླུ་དབྱངས་ལེན་བཞིན་དལ་གྱིས་རྒྱུ་བར་བྱེད། །ཤར་པའི་བརྗོད་དཀའ་བ། གཏུམ་དྲག་རྔམས་བརྗིད་གར་གྱིས་སྲིད་གསུམ་ཁྱོན། །འདར་བྱེད་ཧཱུཾ་སྒྲ་དྲག་པོས་རི་བོ་བསྙིལ། །ཧྲིག་ཧྲིག་སྡང་མིག་གཡོ་


GTD007_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བས་དགྲ་སྡེའི་སྙིང། །ལྐོག་མར་འབྲོས་བྱེད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ལྷོ་པའི་དོན་གསལ། ཁྱབ་འཇུག་ཡིད་ཀྱི་རོལ་པ་མ་རྐ་རས། །ཆུ་མཚོར་བྱིངས་པའི་ས་ཆེན་འདེགས་པ་ན། །རྨིག་པ་སྤུ་གྲིས་གདེངས་ཅན་ཚོགས་ཀྱི་ལུས། །བཅད་པའི་ཁྲག་གིས་ཆུ་གཏེར་དམར་འོད་འཛིན། །ཡང། མ་དྲོས་གདེངས་ཅན་བདག་པོའི་མཐུ་དཔལ་ལས། །འཆི་མེད་རྫིང་རིང་ངོས་ལ་སྤྲིན་དཀར་གྱི། །བླ་རེ་བྲེས་ཚེ་སྦྲང་ཆར་འབབ་མཐོང་ནས། །ཆར་འདོད་བྱེ་འུ་དགའ་བའི་དབྱངས་ཀྱིས་བྲེལ། །ཤར་པའི་དོན་གསལ། ཡངས་པའི་གསེར་ལྡན་མ་འདི་ཆུ་གཏེར་དབུས། །བྱིངས་ཚེ་འཇུག་པ་བཅུ་པ་ཕག་རྒོད་ཀྱི། །རྣམ་པར་རྩེན་པས་གྱེན་དུ་བཏེགས་པ་ན། །ཟླ་བའི་མ་མ་མཚམས་སྤྲིན་མདངས་ཀྱིས་མཛེས། །ཡང། འཇིག་རྟེན་སྐྱོང་བ་ཀླུ་དབང་ཚོགས་ཀྱི་མཐུ། །ཞིང་པའི་བསོད་ནམས་དཔྱིད་དུ་སྨིན་པ་ལས། །མཁའ་དབྱིངས་ཆུ་འཛིན་དྲ་བས་ཁེབས་པ་ན། །ཙ་ཏ་ཀ་རྣམས་དབྱངས་སྙན་གླུ་རུ་ལེན། །ལྷོ་པའི་རྒྱ་ཆེ་བ། མཚུངས་མེད་འདྲེན་པ་ཉིན་མོར་བྱེད་པ་ཡི། །ཞབས་སྐྱེས་བཀྲ་ཤིས་རྡུལ་གྱིས་གཙུག་མཛེས་ཚེ། །གནས་སྐབས་མཐར་ཐུག་དོན་གཉིས་གང་ལ་ཡང། །སྣང་བ་གཞན་ལ་བརྟེན་པའི་དོན་མ་མཆིས། །ཡང་། འབྱོར་དང་གཏོང་བ་ཟླ་མེད་མེ་ལོང་གདོང། །གང་ལ་སྨོད་པའི་སྐྱེ་བ་དེ་དག་གི །དབུལ་བའི་སྡུག་བསྔལ་ལྷག་མ་ཟད་པའི་ཕྱིར། །སྦྱིན་པའི་བདག་པོ་གཞན་གྱིས་ཅི་ཞིག་བྱ། །ཤར་པའི་རྒྱ་ཆེ་བ།


GTD007_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འཁྲི་ཤིང་རྒྱས་པའི་དགའ་ཚལ་ན། །རྩེན་པའི་ན་ཆུང་ནོར་བུའི་འོག་པག་ལས། །དཔྱངས་པའི་དྲིལ་ཆུང་སིལ་སིལ་འཁྲོལ་བ་ཡིས། །དྲུག་སྐྱེས་གླུ་དབྱངས་སྙན་པའི་ཁེངས་པ་འཕྲོག །ཡང་། རྒྱལ་ཕྲན་སྟོང་གི་ཟུར་ཕུད་གདེངས་ཀ་ཡིས། །ལན་གཅིག་མིན་པར་གུས་པས་བསྟེན་བྱ་བ། །སྡེ་བཞིའི་སྒོ་འཕར་ཡངས་པོར་ཕྱེ་བ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁབ་ཆེ། །ཤར་པའི་བརྗིད་པ། བདེ་གཤེགས་གསུང་རབ་རབ་འབྱམས་དཀའ་གནད་ཀུན། །འགྲེལ་ལ་ཕུལ་བྱུང་རྣམ་དཔྱོད་ཟླ་བྲལ་བ། །འཇིགས་བྲལ་སྨྲ་དབང་མཁས་གྲུབ་དགེ་ལེགས་དཔལ། །འཛམ་གླིང་མཁས་པ་མ་ལུས་གཙུག་ན་མཛེས། །ལྷོ་པའི་བརྗིད་པ། ཇི་ལྟ་ཇི་སྙེད་ཆོས་རྣམས་མ་ལུས། །ཐུགས་སུ་ཆུད་པ་རྒྱལ་བའི་ཉི་མ། །ཡེ་ཤེས་པདྨོ་རྒྱས་བྱེད་དེ་ལ། །བྷྲ་མ་རཿ ཡི་དབྱངས་ཀྱིས་བསྟོད་དོ། །ཡང་། ཀུ་མུད་ད་ལྟར་དཀར་ཞིང་གསལ་ལ། །མུ་ཏི་ཀ་བཞིན་འོད་རབ་འཕྲོ་བ། །མ་སྨད་ལང་ཚོ་རབ་རྒྱས་མ་མ། །འདོད་ལྡན་སྙིང་ལ་ཨུ་དུམ་ཝ་ར། །ལྷོ་པའི་མཛེས་པ་གཏམ་ལ་སྦྱར་བ། སྤྲིན་དཀར་དལ་གྱིས་གཡོ་འདྲའི་ས་སྲུང་སྟེང། །འཆི་མེད་བདག་པོའི་ལག་ཉལ་རྡོ་རྗེ་ཡིས། །སྦྱིན་སྐྱེས་གཡུལ་ངོ་བཟློག་པར་མཛད་པ་ན། །ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་སྙན་ལྡིར། །ཡང་། བློ་བཟང་རྒྱལ་བའི་གསུང་གི་མཛོད་ཕྱེ་སྟེ། །བསྟན་པའི་གནད་ཀུན་རྫོགས་པར་གསལ་བ་ཡིས། །མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་འདི་ཡང། །དབུས་འགྱུར་ཞེས་བྱར་གྲགས་


GTD007_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་དང་ལྡན། །བསྔགས་པ་ལ་སྦྱར་བ། མུ་ཏིག་འཁྲི་ཤིང་ཡང་དག་རྒྱུ་བ་བཞིན། །འདོད་ལྡན་སྐྱེ་བོ་དགའ་བྱེད་དགའ་མ་ཡིས། །ཟུར་མིག་འོད་ཞགས་སྤྲོ་བའི་རྩེ་མོ་ན། །རྣ་ལུང་ཕོན་པོའི་བར་དུ་རྫོགས་མ་གྱུར། །ཤར་པའི་གཏམ་ལ་སྦྱར་བ། །ཀཻ་ལ་ཤ་རིའི་དཔལ་འཛིན་གཉིས་འཐུང་གི །སྟེང་འགྱིང་གྲགས་པའི་མུ་ཁྱུད་རྩེ་བརྒྱ་ཡིས། །ལྷུན་པོ་ཉུང་དཀར་གནས་ལ་འགོད་བྱེད་ན། །ཉམས་འབྱུང་ལྷ་མིན་བཅོམ་ལ་མཚར་དུ་ཅ། །ཡང། འཇམ་མགོན་བླ་མའི་ལེགས་བཤད་འོད་སྟོང་གིས། །མདོ་རྒྱུད་པད་ཚལ་རྒྱས་པའི་གངས་ལྗོངས་འདིར། །འོག་མིན་ཞེས་བྱར་གྲགས་པའི་རྔ་བོ་ཆེ། །རྡུང་བ་དེས་ཀྱང་བསྒྲུན་དུ་ག་ལ་ཡོད། །བསྔགས་པ་ལ་སྦྱར་བ། སྲེད་ལྡན་སྙིང་ལ་ཀུན་དགའ་གསར་པའི་རོ། །སྦྱིན་བྱེད་ལང་ཚོ་མ་ཡི་ཟུར་མིག་གི །དཀྱུས་རིང་ཡིད་སྲུབས་འཕྲུལ་གྱི་ཉག་ཕྲན་དེ། །འཇིག་རྟེན་གསུམ་གྱི་མཐར་ཡང་རྫོགས་མ་གྱུར། །ཏིང་ངེ་འཛིན་གྱི་ཡོན་ཏན་སྤྱིར་བསྟན་པ། དབང་ཕྱོགས་ས་འཛིན་རྩེ་ནས་འོད་སྟོང་ཅན། །དགྱེས་པའི་རང་ཞལ་ངོམ་ཚེ་པདྨོ་རྣམས། །དགའ་བའི་གེ་སར་སོ་འཕྲེང་རྒོད་པ་ན། །ཕྲག་དོག་ལྡན་པའི་ཀུ་མུད་ཟུམ་པར་གྱུར། །ཆོས་གཅིག་བཀོད་པ། འགྲམ་ཆང་གཟེགས་མས་བསྐྱངས་པའི་བ་ཀུ་ལ། །དགའ་ཞིང་ཆགས་པས་རབ་ཏུ་རྒོད་པ་ན། །རྐང་གདུབ་ཀྱིས་བསྣུན་མྱ་ངན་མེད་པ་ཡང། །ཁྲེལ་བའི་ཡིད་ཀྱིས་ཅུང་ཟད་རྒོད་པར་བྱེད། །ཡང། མི་བཟད་དགུན་གྱི་གྲང་རེག་རྒྱས་པ་ན། །


GTD007_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་འགྲོ་མ་རྣམས་ཆབ་རོམ་གུར་དུ་མནལ། །ཁོར་ཡུག་མཛེས་བྱེད་རི་བོའི་འཕྲེང་བ་ཡང། །ཁ་བའི་གུར་ཁང་ཕུགས་སུ་གཉིད་ལ་ཡུར། །ཆོས་དུ་མ་བཀོད་པ། འོད་སྟོང་ཆུ་ལྷའི་པང་བར་མནལ་བ་ན། །སྐར་མའི་དོ་ཤལ་ལེགས་བགོས་སྔོ་བསངས་མར། །དུས་བཏབ་ཟླ་བ་གཞོན་ནུས་བགྲོད་པའི་ཚེ། །སྐྱེངས་ལྡན་སྤྲིན་གྱིས་སྒྲིབ་གཡོགས་ཅི་ཡང་བྱེད། །ཡང་། ཉིན་བྱེད་ལྷོ་ཡི་ལམ་དུ་བྲོས་གྱུར་ཅིང། །ས་འཛིན་ཁ་བའི་ཐོར་ཚུགས་བཅིངས་པ་ན། །རྩི་ཤིང་ཚོགས་རྣམས་ཤུགས་རིང་འབྱིན་བྱེད་ཅིང། །ན་ཆུང་ཉལ་འགྲོ་མ་རྣམས་སྦུབས་སུ་བྲོས།། །།རིགས་རང་བཞིན་བརྗོད་པ། ཕུལ་བྱུང་མཚན་དཔེའི་ལང་ཚོ་རབ་འབར་ཞིང། །ཡན་ལག་དྲུག་ཅུའི་དབྱངས་སྙན་རྣ་བར་འཇེབས། །ཆོས་རྣམས་ཀུན་ལ་གཟིགས་པ་སྒྲིབ་མེད་པ། །དུས་གསུམ་བདེ་བར་གཤེགས་རྣམས་གཏན་གྱི་སྐྱབས། །ཡང་། བགྲང་ཡས་རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར། །གཅིག་གྱུར་བཅུ་དྲུག་ལང་ཚོའི་དཔལ་གྱིས་སྒེག །དབྱངས་ཅན་དགའ་མར་རབ་དགྱེས་ངག་གི་ལྷ། །དཔལ་ལྡན་བརྟན་པའི་འཁོར་ལོས་བདག་སྐྱོངས་ཤིག །བྱ་བ་རང་བཞིན་བརྗོད་པ། དེ་ཉིད་གཟིགས་པས་སྲིད་མཚོ་ལས་བརྒལ་ཞིང། །བརྩེ་ཆེན་གོམས་པས་ཞི་བའི་མཐའ་བཀག་ནས། །མི་གནས་མྱ་ངན་འདས་པའི་གྲོང་མཆོག་དེར། །གདུལ་བྱ་གཞན་ཡང་འཁྲིད་མཛད་སྟོན་པ་མཆོག །ཡང་། གཞུང་བརྒྱ་འཆད་པས་རྨོངས་པའི་མུན་སེལ་ཞིང། །རྩོད་ངག་ང་རོས་རྒོལ་ངན་ཀླད་པ་འགེམས། །རྩོམ་པས་མཁས་ཀུན་ཡིད་དབང་


GTD007_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

འགུག་བྱེད་པ། །མ་ལུས་བསྟན་པའི་སྣང་བྱེད་དྲིན་ཅན་རྗེ། །ཡོན་ཏན་རང་བཞིན་བརྗོད་པ། འདབ་བརྒྱད་སྙིང་གི་ཟེའུ་འབྲུར་འཇམ་པའི་དབྱངས། །ལན་གཅིག་མིན་པར་ཡང་ཡང་བསྟེན་པ་ལས། །རབ་རྨོངས་མུན་པ་སེལ་ཞིང་གསུང་རབ་ཀྱི། །དགོངས་དོན་འབྱེད་པའི་བློ་གྲོས་སྣང་བ་རྒྱས། །ཡང། འདྲེན་མཆོག་དམ་པའི་ཞལ་གྱི་བུམ་བཟང་ལས། །འཕོས་པའི་ལེགས་བཤད་བདུད་རྩི་གསར་པའི་རྒྱུན། །སྙིང་ཁར་སིམས་པས་མཁས་དབང་དཎྜིའི་གཞུང་། །འགྲེལ་ལ་མི་འཇིགས་དགེ་བའི་སྤོབས་པ་རྒྱས། །རྫས་རང་བཞིན་བརྗོད་པ། རྨོངས་མུན་དྲ་བ་གཅོད་པའི་རལ་གྲི་དང། །ཨུཏྤལ་འཆང་ཞིང་རིན་ཆེན་རྩེ་ཕྲན་ཚོགས། །གཡུར་དུ་ཟ་བའི་ཟུར་ཕུད་ལན་བུ་ལྔས། །གཙུག་མཛེས་སྨྲ་བའི་རྒྱལ་པོ་སྙིང་གི་དཔྱིད། །ཡང། ཕུལ་བྱུང་རྣམ་པར་རྒྱལ་བའི་ཁང་བཟང་དབུས། །ལྷ་བརྒྱའི་ཟུར་ཕུད་འོད་ཆགས་ནོར་བུའི་ཁྲིར། །སྦྱིན་སྐྱེས་ཀླད་འགེམས་ཞོ་འཐུང་རྩེ་བརྒྱ་པ། །འཛིན་བྱེད་ལྷ་དབང་བསོད་ནམས་དཔལ་གྱིས་མཐོ། །ཆོས་དཔེ། དབྱངས་ཅན་ཞལ་གྱི་མཆུ་སྒྲོས་འཛུམ་བར་ལས། །ཐགས་བཟང་བཞི་བཅུའི་ཚེམས་འཕྲེང་གསལ་བ་ན། །མཚམས་སྤྲིན་ཁོང་ལས་གསར་ཚེས་ཟླ་བ་བཞིན། །དཀར་ཞིང་གསལ་བས་འཇིག་རྟེན་ཀུན་ཡིད་འཕྲོག །ཡང་། གཏུམ་ཆེན་ཁྲོ་བོའི་དབང་པོ་གཤིན་རྗེའི་གཤེད། །བ་སྤུའི་ཁོང་ལས་མེ་ལྕེའི་ཚོགས་འཕྲོ་བ། །བཻ་ཌཱུར་རྡུལ་མང་བརྩེགས་པའི་རི་བོ་ལ། །རྟ་གདོང་མེ་ཡིས་འཁྱུད་ལྟར་


GTD007_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

རྔམས་ཤིང་བརྗིད། །དངོས་དཔེ། བཅོམ་ལྡན་མཐུ་སྟོབས་བདག་པོའི་ཞལ་ཁྱིམ་ན། །འཇིགས་རུང་དབྱར་གྱི་ཆར་སྤྲིན་གཏིབས་པ་བཞིན། །སྤྱན་གསུམ་སྡང་མིག་ཡོན་པོར་བལྟ་བ་ཡང་། །གློག་དམར་འཁྱུག་པའི་དཔལ་ལ་རྣམ་པར་འཁུ། །ཡང། རྒྱུད་མངས་སྒྲ་ལ་འཁུ་བ་རྒྱལ་གསུང་གིས། །ལེགས་པར་བསྟན་པ་འཆི་མེད་བདུད་རྩི་བཞིན། །དེ་དོན་གོམས་པས་ཞི་བའི་དཔལ་འཐོབ་པས། །ལྷ་དབང་བདུད་རྩིར་རོལ་པའི་ཁེངས་པ་འཕྲོག །བཟློག་པའི་དཔེ། བློ་དང་བརྩོན་པར་ལྡན་པའི་ཡོན་ཏན་བཞིན། །ཡར་ཚེས་ཟླ་ཤེལ་འདི་ནི་འཕེལ་རྩོམ་ཞིང། །དེ་ཡིས་སྡེ་བཞིའི་དཔལ་འབྱོར་སྤེལ་བ་ལྟར། །མཛེས་སྡུག་ཀུན་དའི་དགའ་ཚལ་རྒྱས་པར་བྱེད། །ཕན་ཚུན་དཔེ། བུང་བའི་ན་ཆུང་པདྨའི་ཚལ་ལ་བཞིན། །བློ་ལྡན་སྐྱེ་བོ་ཆོས་ལ་ལེགས་གནས་ཤིང། །དེ་དོན་རྩེ་གཅིག་སྒྲུབ་ལ་བརྩོན་པ་ལྟར། །རྐང་པ་དྲུག་པ་སྦྲང་རྩིའི་བཅུད་ཀྱིས་མྱོས། །ཡང་། བཅུ་དྲུག་ཆ་ཤས་ཡོངས་གང་ཟླ་བ་ལྟར། །ཤོང་དཔང་མཁྱེན་པའི་དཔལ་ཡོན་རབ་རྒྱས་ཤིང། །དེ་ཡི་ལེགས་བཤད་དགའ་སྟོན་འགྱེད་པ་བཞིན། །ཟླ་ཤེལ་བདུད་རྩི་གསར་པའི་ཐིགས་འཕྲེང་སྤྲོ། །ངེས་པའི་དཔེ། རབ་འབྱམས་གསུང་རབ་ཀུན་གྱི་དཀའ་གནས་ལ། །གཟིགས་པ་ཆགས་ཐོགས་མི་མངའ་འདྲེན་པ་མཆོག །གང་གི་མཁྱེན་རབ་འདི་ནི་ཀུན་གསལ་མ། །ཁོ་ནར་མཚུངས་ཀྱི་དཔེ་ཟླ་གཞན་ཡོད་མིན། །ཡང་། འཇམ་དབྱངས་བླ་མའི་འཁྲུལ་མེད་ལུང་རིགས་ཀྱིས། །རྣམ་པར་དག་བྱས་དགེ་ལྡན་བསྟན་པ་


GTD007_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །གསེར་སྦྱངས་བཙོ་མ་ཁོ་ནའི་རྗེས་འགྲོ་སྟེ། །དཔེ་གཞན་སྲིད་པ་འདི་ན་འགའ་ཡང་མེད། །ངེས་མེད་དཔེ། གནས་སྐབས་མཐར་ཐུག་ལེགས་ཚོགས་མ་ལུས་པ། །གང་ལས་འབྱུང་བ་རིན་ཆེན་བྱང་ཆུབ་སེམས། །ལྷ་ཡི་དཔག་བསམ་ལྗོན་པའི་རྗེས་འགྲོ་སྟེ། །དེ་ལྟ་གཞན་འགའ་མཆིས་ནའང་མཚོན་པར་ནུས། །བསྡུས་པའི་དཔེ། མཐོ་རིས་ཡོན་ཏན་བདུན་ལྡན་རྟེན་བཟང་འདི། །རྙེད་དཀའ་ཁོ་ནས་ཡིད་བཞིན་ནོར་བུ་དང། །མཚུངས་པ་མིན་ཏེ་འདི་ཉིད་ལ་བརྟེན་ནས། །ལེགས་ཚོགས་མ་ལུས་འདོད་དགུར་འཇོ་བས་ཀྱང། །ཕུལ་བྱུང་དཔེ། རྣམ་འདྲེན་ཤཱཀྱའི་ཏོག་དང་ཙོང་ཁ་པའི། །འཕགས་ཡུལ་རྡོ་རྗེ་གདན་དང་བསིལ་ལྗོངས་འདིར། །ཟབ་གསང་ཆོས་ཀྱི་སྒྲ་དབྱངས་བསྒྲགས་པ་ལས། །གཞན་དུ་ཐ་དད་དབྱེ་བའི་སྐབས་མ་མཆིས། །རབ་བཏགས་ཀྱི་དཔེ། སྲིད་འབྱོར་རྒྱས་པ་རྒུད་པའི་མཐའ་ཅན་དུ། །སྟོན་བྱེད་དམར་ཕྱོགས་ཟླ་བ་སྙེམས་མི་འཚལ། །འདབ་སྟོང་མཛེས་སྡུག་རྫོགས་པའི་པད་མོ་ཡང། །ལོ་འབྲས་འབྲུལ་བའི་ངང་ཚུལ་སྟོན་ཕྱིར་རོ། །རྨད་བྱུང་གི་དཔེ། རབ་དཀར་ཀཻ་ལ་ཤ་རིས་དབང་སྔོན་གྱི། །ཟུར་ཕུད་བཅིངས་ཏེ་སྙན་འགྱུར་རྒྱུད་མངས་སྒྲས། །སྐལ་བཟང་རྣ་བར་བདུད་རྩིའི་དཔལ་སྟེར་ན། །ངག་དབང་ལྷ་མོ་ཁྱོད་ཀྱི་དཔེ་ཟླར་འོས། །རྨོངས་པའི་དཔེ། གངས་ཀྱི་རི་བོ་དལ་གྱིས་རྒྱུ་བར་ན། །འཁྲུལ་པ་སྐྱེད་བྱེད་གཉིས་འཐུང་དབང་པོ་ལ། །ལྟ་བར་འདོད་པས་རབ་དཀར་ཀཻ་ལ་ཤ །མཐོང་ཚེ་


GTD007_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུའི་སྦྱོར་བ་རྩོམ་པས་བྲེལ། །ཐེ་ཚོམ་གྱི་དཔེ། སྤྲིན་བྲལ་སྟོན་གྱི་ནམ་མཁའ་དྭངས་པ་ལ། །ཉི་ཟླའི་དཀྱིལ་འཁོར་ཅིག་ཅར་ཤར་བའམ། །གཏུམ་ཆེན་ཁྲོ་བོའི་དབང་པོའི་ཞལ་ཁྱིམ་ངོས། །སྡང་མིག་གཡོ་སྙམ་བདག་ཡིད་འཕྱང་མོ་ཉུག །གཏན་ཕབ་ཀྱི་དཔེ། མཐའ་བྲལ་ལམ་བཟང་ཇི་བཞིན་གསལ་མཛད་ཁྱོད། །སངས་རྒྱས་གཉིས་པ་ཀླུ་སྒྲུབ་དང་མཚུངས་ཀྱང། །མདོ་སྨད་ཙོང་ཁའི་ཡུལ་དུ་བལྟམས་པའི་ཕྱིར། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པར་ངེས། །སྦྱར་བའི་དཔེ། དྲི་མ་དང་བྲལ་མཛེས་སྡུག་ཡོངས་སུ་རྫོགས། །མཐོང་བས་ཡིད་ལ་ཀུན་དགའི་དཔྱིད་འཇོ་བ། །སྒྲ་དབྱངས་ལྷ་མོའི་ཞལ་གྱི་དཀྱིལ་འཁོར་ན། །ཉ་གང་བསིལ་ཟེར་བདག་པོའི་རྗེས་སུ་འགྲོ། །མཉམ་ཉིད་དཔེ། ཀུན་སྦྱོར་རྨོངས་པའི་དྲ་བ་དྲུངས་ཕྱུང་སྟེ། །ཆོས་ཀུན་ཐུགས་སུ་ཆུད་པ་ཤཱཀྱའི་ཏོག །རྒྱ་མཚོའི་གླིང་དུ་བགྲོད་པའི་དེད་དཔོན་བཞིན། །མ་ནོར་ལམ་བཟང་གསལ་བར་སྟོན་ཕྱིར་རོ། །སྨད་པའི་དཔེ། ཆུ་འཛིན་སྟུག་པོའི་སྒྲིབ་གཡོགས་དང་བཅས་ཤིང། །ཀུ་མུད་ད་ཚལ་ཟུམ་བྱེད་ཉི་མ་འདིས། །དུས་ལས་མི་ཡོལ་ཀུན་ལ་སྙོམས་པ་ཡི། །རྒྱལ་བའི་འཕྲིན་ལས་ཇི་བཞིན་མཚོན་དུ་མེད། །བསྔགས་པའི་དཔེ། ལྷ་ཡི་རྫིང་རིང་ཕ་མཐའ་མི་མངོན་ཞིང། །ཟླ་བའི་མ་མ་ནོར་བུའི་གཏེར་དུ་གྲུབ། །ཟླ་ཤེལ་སྐྱོན་གྱི་དྲི་མས་མ་གོས་ཏེ། །དེ་དག་རྣམས་དང་འཇམ་མགོན་ཁྱོད་ཐུགས་མཚུངས། །བརྗོད་འདོད་དཔེ། རབ་དཀར་བསིལ་ཟེར་རྫོགས་པའི་དཔལ་ལྡན་ནམ། །


GTD007_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་བསངས་ར་རིའི་མཚན་མས་སྦགས་ཀྱང་རུང། །ཚངས་སྲས་ལྷ་མོའི་ཞལ་དང་ཀུན་དའི་གཉེན། །མངོན་པར་མཚུངས་ཞེས་བརྗོད་འདོད་ཡིད་ལ་བཅགས། །འགལ་བའི་དཔེ། དབྱངས་ཅན་ལྷ་མོའི་ཞལ་དང་སྟོན་ཀའི་ཟླ། །ཡིད་འོང་མཛེས་སྡུག་རྫོགས་པའི་ཀུན་ད་རྣམས། །ངོ་མཚར་ཀུན་དགའི་དཔྱིད་དུ་གཅིག་གྱུར་ཀྱང། །ཐ་དད་རྣམ་པར་གནས་འདིས་འགལ་བར་སེམས། །དགག་པའི་དཔེ། ལེགས་པར་བཤད་པའི་དོན་གྱིས་དབེན་གྱུར་ཞིང། །འདོད་ལྡན་སྲིད་པར་འཆིང་བྱེད་རྒྱུད་མངས་ལ། །རྣམ་འདྲེན་རྒྱལ་བའི་གསུང་ལ་འགྲན་བཟོད་པའ། །ཡོན་ཏན་ཆ་ཤས་ཙམ་ཡང་དམིགས་སུ་མེད། །ངོ་བསྟོད་ཀྱི་དཔེ། མཆོད་སྦྱིན་བརྒྱ་པ་འཆི་མེད་རིགས་སུ་འཁྲུངས། །ང་ལས་ནུ་ཁྱོད་འཛམ་གླིང་མིར་གྱུར་ཀྱང། །ས་སྟེང་འཇིག་རྟེན་དབང་དུ་བྱེད་པ་ལ། །ལྷ་ཡི་དབང་པོ་ཉིད་དང་ཁྱད་པར་ཅ། །དེ་ཉིད་བརྗོད་པའི་དཔེ། དཀར་གསལ་ལང་ཚོ་ཡོངས་སུ་རྒྱས་པ་འདི། །ཟླ་བ་མ་ཡིན་དབྱངས་ཅན་གཞོན་ནུའི་སྐུ། །མདངས་སྔོན་རྣམ་བཀྲ་འདི་ཡང་རི་དྭགས་གཟུགས། །མ་ཡིན་བཻ་ཌཱུརྻ་ཡི་རྒྱུད་མངས་ལགས། །ཐུན་མོང་མིན་པའི་དཔེ། ཕུལ་བྱུང་མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། །ཇི་ལྟ་ཇི་སྙེད་ཆོས་ཀུན་གཟིགས་པ་ཡི། །དཔེ་ཟླ་སྲིད་ཞིའི་ཁམས་ན་གཞན་མེད་པས། །རང་ཉིད་མཚུངས་དཔེར་བསྟན་པ་རྒྱལ་བའི་ཐུགས། །འབྱུང་མིན་གྱི་དཔེ། སྲིད་དང་ཞི་བའི་མཛེས་སྡུག་མ་


GTD007_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ། །འཇིག་རྟེན་བྱེད་པོས་གཅིག་ཏུ་བསྡུས་པ་བཞིན། །ཨུཏྤལ་ཟུར་མིག་གཡོ་བའི་དབྱངས་ཅན་ཞལ། །འདྲེན་བྱེད་ཡུལ་གྱི་བདུད་རྩི་བླ་ན་མེད། །མཚམས་འདི་ནས་སྲིད་མིན་གྱི་དཔེ་དང། མང་བའི་དཔེ་དང། རྣམ་འགྱུར་གྱི་དཔེ་རྣམས་ཀྱི་དཔེ་བརྗོད་མ་རྙེད། འཕྲེང་བའི་དཔེ། བདག་ཏུ་འཛིན་པ་ལས་ནི་ཆགས་སོགས་བཞིན། །དེ་ལས་སྣ་ཚོགས་ལས་བཞིན་དེ་ལས་ཀྱང། །སྐྱེ་བའི་ཀུན་ཉོན་བཞིན་དུ་སླར་ཡང་ན། །སྲིད་སོགས་སྐྱེ་བས་འཁོར་བའི་འཁོར་ལོར་འཇུག །ངག་དོན་ལས་བཞིན་སྒྲ་གཅིག་པ་ནི། མཉེན་ལྕུག་ཕྱག་གི་སོར་མོ་གཡོ་བ་ཡིས། །སྙན་འགྱུར་རྒྱུད་མངས་རྣམ་པར་འཁྲོལ་བ་ན། །སྤྲིན་གྱི་ལྕུག་མ་མངོན་པར་གཡོ་བའི་དབུས། །དབྱར་རྔ་དལ་གྱིས་རྒོད་བཞིན་རྣ་བར་སྙན། །བཞིན་སྒྲ་དུ་མ་ནི། གསེར་རི་ཇི་བཞིན་བརྗིད་ཆགས་ཐུབ་དབང་སྐུ། །ཉི་མ་བཞིན་དུ་འབར་བའི་འོད་འཕྲོ་ཞིང། །མཚམས་སྤྲིན་ཇི་བཞིན་ངུར་སྨྲིག་གོས་བཟང་གིས། །ཀླུབས་པས་སྐྱེ་དགུའི་ཡིད་ལ་དགའ་བ་སྟེར། །ཟླ་བོ་དངོས་པོའི་དཔེ། དགེ་ལྡན་བསྟན་པའི་གཉེན་གྱུར་མང་ན་ཡང། །མཁས་གྲུབ་སྨྲ་བའི་སེང་གེར་འགྲན་ནུས་སུ། །རྐང་འཐུང་གསར་པས་སྐྱེད་ཚལ་གང་གྱུར་ཀྱང། །ལྷ་ཡི་དཔག་བསམ་ལྗོན་པའི་དོ་ཟླ་མེད། །མཚུངས་སྦྱོར་དཔེ། པུ་ལོ་མ་དགྲ་ལྷུན་པོའི་རྩེར་གནས་ཤིང། །གདོང་ལྔ་ལྡན་པ་གངས་རིའི་སྤོ་ལ་འགྱིང། །ལྷ་ཡི་དབང་པོས་ལྷ་མིན་ཕམ་བྱེད་ཅིང། །འཕྲོག་བྱེད་ཁྲོས་པས་གཉིས་འཐུང་ཀླད་པ་འགེམས། །རྒྱུའི་དཔེ། གཟི་བྱིན་ལང་ཚོ་རྒྱས་པས་ཉི་མ་


GTD007_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལུས་ཅན་གདུང་བ་སེལ་བས་འོད་དཀར་ཅན། །འདོད་དགུའི་དངོས་གྲུབ་སྟེར་བས་དཔག་བསམ་དང། །མཚུངས་པ་འཇམ་མགོན་ལྷག་པའི་ལྷ་དེར་འདུད། །རྟགས་འདྲེས་ཀྱང་སྐྱོན་མེད་པ། རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཞོན་ནུ་ཁྱོད། །ངག་གི་དངོས་གྲུབ་སྩོལ་ལ་དབྱངས་ལྡན་བཞིན། །ཁྱོད་ཀྱི་ཡུམ་གྱུར་སྒྲ་དབྱངས་ལྷ་མོ་ཡང། །ཕུལ་བྱུང་སྤོབས་པ་སྩོལ་ལ་ཁྱོད་དང་མཚུངས། །ཚིག་འདྲེས་ཀྱང་སྐྱོན་མེད་པ། འདྲེན་མཆོག་དམ་པའི་རྣམ་པར་ཐར་པ་ན། །དུས་གསུམ་རྒྱལ་བ་སྲས་བཅས་ཀུན་དང་མཐུན། །བདག་ཉིད་ཆེན་པོ་རྣམས་ཀྱི་མཛད་པ་ཡང། །ཟླ་ཤེལ་ལྟ་བུར་འགྲོ་ལ་གཅིག་ཏུ་བསིལ། །དཔེ་མཆོག་དམན་བྱུང་ཡང་སྐྱོན་མེད་པ། ལུས་དཀར་ལྡན་པའི་སྡེར་འཕྲེང་དྲ་བ་བཞིན། །ཐུབ་པའི་ཕྱག་སོར་དྲ་བས་ཡོངས་འབྲེལ་ཞིང། །སྙན་འགྱུར་འབུམ་ལྡན་དེ་ཡི་གསུང་དབྱངས་ལྟར། །སྤྲིན་དཀར་ཁོང་ལས་འབྲུག་སྒྲ་སྙན་པར་སྒྲོགས། །སྐྱོན་ནི། རྒྱལ་པོ་བཞིན་དུ་ཁེངས་ལྡན་ལུས་ཕྲ་མ། །ཁྱོད་གདོང་དཀར་མཛེས་རྒྱུ་སྐར་སྟོང་ཕྲག་བཞིན། །དབྱིབས་ལེགས་ཕུག་རོན་དགའ་མའི་རྗེས་འགྲོ་ཞིང། །ཚངས་དབྱངས་དང་མཚུངས་སྙན་འགྱུར་མགྲིན་གླུ་ལེན།། །།བསྡུས་པའི་གཟུགས་ཅན། མཚན་དཔེའི་དཔལ་ཀུན་རྫོགས་པ་ལྷ་ཡི་ལམ། །ངུར་སྨྲིག་གོས་བཟང་མཚམས་སྤྲིན་གསར་པས་འཁྱུད། །ཞལ་ཁྱིམ་ཟླ་ཤེལ་འཛུམ་པའི་རྦ་རླབས་ཅན། །ཀླུ་ཡི་དབང་ཕྱུག་རྒྱལ་པོ་འགྲོ་བའི་སྐྱབས། །མ་བསྡུས་པའི་གཟུགས་ཅན།


GTD007_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་མཁས་པའི་གངས་རི་ལས་འོངས་ཤིང། །ལུང་དང་རིགས་པའི་རླབས་འཕྲེང་གཡོ་བ་ཡི། །ཕུལ་བྱུང་ལེགས་པར་བཤད་པའི་གངྒཱ་མ། །འཁྲུལ་བའི་རྡུལ་གྱི་རྙོག་པས་རིང་དུ་དབེན། །བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན། འཇམ་མགོན་ཐུགས་ཀྱི་ཀུན་གསལ་ཡངས་པའི་ངོས། །ཟབ་ཡངས་མཁྱེན་པའི་ཉིན་བྱེད་རྩེ་དགའ་ཡིས། །ཐུབ་པའི་དགོངས་དོན་འདབ་བརྒྱ་བཞད་པ་ན། །ཐར་འདོད་བུང་བའི་ཚོགས་རྣམས་དགའ་བས་རྩེན། །མཐའ་དག་གཟུགས་ཅན། རྒྱལ་སྲས་སྤྱོད་པའི་ལུས་སྟོབས་རབ་རྒྱས་ཤིང། །ཕུལ་བྱུང་མཁྱེན་བརྩེའི་གཤོག་ཟུང་གཡོ་བ་ཅན། །ལུང་རིགས་མགྲིན་པའི་རྫ་རྔ་སྒྲོགས་པ་ཡི། །བཤེས་གཉེན་ངང་པའི་དེད་དཔོན་བསྔགས་པར་འོས། །ཆ་ཤས་གཟུགས་ཅན། མ་སྨད་སྙིང་རྗེའི་རྩ་བ་རབ་བརྟན་ཅིང། །ཕྱིན་དྲུག་སྤྱོད་པའི་ལོ་འདབ་ཕང་ཕུང་གཡོ། །བསྡུ་བཞིའི་མེ་ཏོག་རྣམ་པར་བཀྲ་བ་ཡི། །བློ་ལྡན་རྒྱལ་བའི་སྲས་རྣམས་ཕྱག་གི་ཡུལ། །ཆ་ཤས་ཅན་གྱི་གཟུགས་ཅན། འཇམ་དབྱངས་སྐུ་ཡི་གསེར་སྦྱངས་ལྷུན་པོ་ལ། །རྨད་བྱུང་མཚན་དཔེའི་ལང་ཚོ་རབ་རྒྱས་ཤིང་། །སྣ་ཚོགས་ནོར་བུའི་རྒྱན་གྱིས་མཛེས་པ་ཡིས། །ཐར་འདོད་ཡིད་ལ་ཀུན་དགའི་དཔལ་ཡོན་སྟེར། །ཡན་ལག་གཅིག་པའི་གཟུགས་ཅན། བགྲང་ཡས་རྒྱལ་བའི་ཚེ་དང་ཡེ་ཤེས་ཀྱི། །ངོ་མཚར་རབ་རྒྱས་བདེ་ལྡན་ཞིང་གི་གཙོ། །གང་གི་ཐུགས་རྗེ་བདུད་རྩིའི་ཐིགས་འཕྲེང་གིས། །སྤྱི་བོར་རེག་པས་འཆི་མེད་དགའ་སྟོན་ཐོབ། །ལྡན་པའི་


GTD007_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན། འཇམ་དབྱངས་མཛེས་སྐུ་གསེར་སྦྱངས་རི་བོའི་སྤོར། །ནོར་བུའི་གཙུག་རྒྱན་འོད་སྟོང་རབ་འབར་ཞིང། །མཉེན་ལྕུག་ཕྱག་སོར་ཡལ་ག་གཡོ་བའི་རྩེར། །རྣོ་ལྡན་རལ་གྲིའི་འདབ་འཕྲེང་གཡོ་བས་མཛེས། །མི་ལྡན་པའི་གཟུགས་ཅན། དབྱངས་ཅན་སྐུ་ཡི་འོ་མཚོ་འཁྱིལ་བའི་དབུས། །ནོར་བུའི་རྒྱན་འཕྲེང་གློག་འོད་རབ་འཕྲོ་ཞིང། །ཞལ་དཀྱིལ་རབ་རྒྱས་ཟླ་བའི་མེ་ལོང་ངོས། །སྨིན་མའི་ཨུཏྤལ་འཁྲི་ཤིང་རྣམ་པར་གཡོ། །མི་མཉམ་པའི་གཟུགས་ཅན། འཇམ་མགོན་ཁྱོད་སྐུ་ལི་ཁྲིའི་རྒྱ་མཚོ་ལས། །འཛིན་བྱེད་རྦ་རླབས་བྱི་རུའི་འཁྲི་ཤིང་གཡོ། །སྙན་འགྱུར་གསུང་གིས་ཐར་འདོད་ཡིད་འཕྲོག་ཅིང། །མཁྱེན་པས་ཆོས་ཀུན་མ་འདྲེས་གསལ་ལེར་གཟིགས། །ཁྱད་པར་གཟུགས་ཅན། རྒྱལ་ཀུན་ཐུགས་རྗེ་ཟླ་བའི་མ་མ་ལས། །བློ་བཟང་ཀུན་དའི་གཉེན་གཅིག་ཤར་བ་ན། །པདྨའི་མཛེས་པ་ཟུམ་པར་མ་གྱུར་ཀྱང། །ཐུབ་བསྟན་ཀུ་མུད་དགའ་ཚལ་ཅིར་ཡང་བཞད། །འགལ་གཟུགས། རྟ་ལྗང་བདུན་གྱི་ཤིང་རྟས་མ་དྲངས་ཤིང། །སྦྲང་རྩིའི་རྒྱལ་མཚན་རྒྱས་པར་མི་བྱེད་པའ། །ཐུབ་དབང་ཉིན་བྱེད་མངོན་པར་ཤར་བ་ན། །སྐལ་བཟང་ས་མོས་ཚལ་རབ་རྒྱས་པར་འགྱུར། །རྒྱུའི་གཟུགས་ཅན། བགྲང་ཡས་རྒྱལ་བའི་ཡབ་གཅིག་མཁྱེན་པའི་གཏེར། །རྨོངས་པའི་ཚ་གདུང་སེལ་བས་བསིལ་ཟེར་ཅན། །མཚན་དཔེའི་གཟི་བྱིན་རྒྱས་པས་ཉི་མ་སྟེ། །འདོད་དགུའི་དངོས་


GTD007_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འབྱུང་བས་གཏེར་ཀྱང་ཡིན། །སྦྱར་བའི་གཟུགས་ཅན། མཐོ་རིས་རྟེན་བཟང་ཡངས་པའི་དོ་ར་རུ། །ཉེར་བཏབ་ས་བོན་དུས་སུ་སྨིན་པ་ཡི། །མ་སྨད་འབྲས་བུ་མཆོག་གི་དགའ་སྟོན་ལ། །སྐལ་བཟང་སྐྱེ་བོ་འདོད་དགུར་ལོངས་སུ་སྤྱོད། །དཔེ་གཟུགས། ཡེ་ཤེས་འོད་ཀྱི་ཤིང་རྟའི་དམར་འོད་ཀྱིས། །འཁྱུད་པའི་ཁྲོ་རྒྱལ་ཞལ་དཀྱིལ་ན་ཀྲའི་གྲོང། །རབ་འབར་རྟ་གདོང་མེ་ལྕེ་དང་འགྲོགས་པའ། །ཆུ་གཏེར་རྦ་ཀློང་འཁྲུགས་པའི་དཔལ་ལ་འགྲན། །ལྡོག་པ་ཅན་གྱི་གཟུགས་ཅན། ལེགས་བྲིས་ཚོགས་རྣམས་ལྷ་ཡི་དཔལ་འབྱོར་དང། །རྒྱལ་རྣམས་ཀུན་བཟང་མཆོད་པའི་སྤྲིན་ལ་རོལ། །སྲིད་པའི་འབྱོར་པ་འགྲིབ་པའི་ངང་ཚུལ་འཛིན། །ཀུན་བཟང་མཆོད་ཚོགས་དུས་ཀྱི་མཐར་ཡང་རྒྱས། །འགོག་པའི་གཟུགས་ཅན། འཇམ་མགོན་ཐུགས་ཀྱི་ཆུ་གཏེར་ལས་འཕོས་པའ། །སྔོན་མེད་ལེགས་བཤད་གསར་པའི་ཟླ་བ་འདིས། །ལྟ་ངན་ཚང་ཚིང་མ་ལུས་སྲེག་བྱེད་ན། །བསིལ་ཟེར་བྱེད་པ་ཉིད་དུ་ཇི་ལྟར་གྲུབ། །མཉམ་འཇོག་གཟུགས་ཅན། མཁས་གྲུབ་སྨྲ་དབང་རིག་པའི་འོད་རྣོན་གྱིས། །རྒོལ་ངན་འབྱུང་པོའི་བྱ་རྣམས་ལོང་བར་བྱས། །རང་ལྟ་མཆོག་འཛིན་རི་ལ་གཏི་མུག་གི །མུན་པར་སྐྱབས་འཚོལ་རང་མཚང་དེས་ཀྱང་ནོངས། །གཟུགས་ཅན་གྱི་གཟུགས་ཅན། ཁྱོད་ཞལ་ཟླ་བ་གསར་པའི་སྐྱེད་ཚལ་དབུས། །སྨིན་འཁྱོག་ཧ་རི་ཎ་ཡི་གར་མཁན་མ། །རྣམ་པར་རྩེན་དེས་བློ་གསལ་གཞོན་ནུ་ཡི། །སྙིང་ལ་བསིལ་བའི་དགའ་སྟོན་ཅི་ཡང་སྦྱིན། །བསྙོན་དོར་གཟུགས་ཅན།


GTD007_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་བཟང་རྣམ་པར་བཀྲ་འདི་ངུར་སྨྲིག་གོས། །མ་ཡིན་འཆར་ཀའི་མཚམས་སྤྲིན་གཞོན་ནུ་སྟེ། །བསུང་ཞིམ་འདི་ཡང་ཚུལ་ཁྲིམས་དྲི་ངད་མཆོག །མ་ཡིན་དཔལ་གྱི་དུམ་བུ་ཀུན་དགའི་དྲ། །རིགས་ཐོག་མའི་གསལ་བྱེད། གཙུག་ཕུད་ལྔ་པ་གངས་རིའི་སྤོར་འགྱིང་ཞིང། །མཚམས་སྤྲིན་འོད་ཆགས་རལ་པའི་ཁུར་གྱིས་མཛེས། །མི་བཟད་སྡེར་མོའི་གདེངས་ཀ་གཡོ་ལྡན་ཞིང། །ང་རོས་གཉིས་འཐུང་ཚོགས་ཀྱི་ཀླད་པ་འགེམས། །བྱ་བ་ཐོག་མའི་གསལ་བྱེད། མངོན་པར་སྤྲོ་འོ་ཟླ་ཤེལ་བསིལ་བའི་ཟེར། །འདབ་སྟོང་གཉེན་གྱིས་ཚ་ཟེར་དྲ་བ་སྟེ། །རིན་ཆེན་འབྱུང་གནས་ལས་ནི་རླབས་ཀྱི་འཕྲེང། །རྒྱལ་རྣམས་ཀུན་ཏུ་བཟང་པོའི་འོད་ཟེར་རོ། །ཡོན་ཏན་ཐོག་མའི་གསལ་བྱེད། རྣམ་པར་མཛེས་སོ་མཁའ་ལ་བསིལ་ཟེར་ཅན། །འོ་མའི་ཆུ་གཏེར་དབུས་ན་འཁོར་ལོའི་ལག །འདབ་སྟོང་པདྨའི་རྩེ་མོར་བྷྲཿ མ་ར། །བློ་ལྡན་སྙིང་གི་ཟེའུ་འབྲུར་འཇམ་པའི་དབྱངས། །རྫས་ཐོག་མའི་གསལ་བྱེད། ཤེས་རབ་རལ་གྲི་འཛིན་མཛད་མཁྱེན་པའི་གཏེར། །མ་ལུས་འགྲོ་བའི་རྨོངས་པ་དྲུངས་འབྱིན་ཅིང། །གནས་ལྔ་རིག་པའི་བློ་གྲོས་རྒྱས་མཛད་པས། །སྐལ་བཟང་སྙིང་ལ་ཀུན་དགའི་དཔལ་ཡོན་སྐྱེད། །རིགས་བརྗོད་བར་གྱི་གསལ་བྱེད། འདབ་མའི་རླུང་གིས་རི་བོ་རལ་བྱེད་ཅིང། །གཟི་བྱིན་སེར་སྐྱའི་དཔལ་འབར་ནམ་མཁའ་ལྡིང་། །མི་བཟད་ཤུགས་དྲག་སྡེར་མོའི་གདེངས་ཀ་ཡིས། །ཀླུ་དབང་ཚོགས་ཀྱི་སྙིང་རྩ་ལྐོག་མར་འབྱིན། །བྱ་


GTD007_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྗོད་པ་བར་གྱི་གསལ་བྱེད། ལེགས་བཤད་ཟབ་མོའི་གཏམ་གྱིས་མཁས་རློམ་དང། །ཉིན་བྱེད་གཟི་ཡིས་སྲིན་བྱ་ལོང་བར་བྱེད། །ཡིད་སྲུབས་དགའ་མ་དང་མཚུངས་མཛེས་མ་ཡིས། །ཟུར་མིག་གཡོ་བས་འདོད་ལྡན་སྐྱེ་བོ་དང་། །རིགས་བརྗོད་པ་མཐའི་གསལ་བྱེད། བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་སུ་རྫོགས། །སྒྲིབ་གཉིས་མུན་པའི་ས་བོན་དྲུངས་ནས་ཕྱུངས། །སྟོབས་དང་མི་འཇིགས་ཡོན་ཏན་ཡོངས་སུ་རྫོགས། །མ་ལུས་འགྲོ་བའི་མགོན་གྱུར་རྫོགས་སངས་རྒྱས། །བྱ་བ་བརྗོད་པ་ཐ་མའི་གསལ་བྱེད། ཟླ་ཤེལ་འཛུམ་པའི་རླབས་ཀྱིས་ཆུ་བོའི་གཏེར། །སྦྲང་ཆར་སྙོམས་པར་འབབ་པས་ལོ་ཏོག་བཅུད། །ཆོས་ལྡན་རྒྱལ་པོས་ཆབ་འབངས་བདེ་སྐྱིད་དང། །བཤེས་གཉེན་དམ་པས་ལེགས་ཚོགས་འཕེལ་བར་བྱེད། །འཕྲེང་བའི་གསལ་བྱེད། བརྩེ་ཆེན་སྙིང་པོར་འཆང་བའི་ལྟ་བ་དང། །རིན་ཆེན་བྱང་ཆུབ་སེམས་ལས་རྒྱལ་བའི་སྲས། །དེ་ལས་དུས་གསུམ་བདེ་བར་གཤེགས་རྣམས་དང། །དེ་ཡི་གསུང་ལས་ཉན་རང་འཕགས་པའི་ཚོགས། །འགལ་བའི་གསལ་བྱེད། རྣམ་དག་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས། །ལུས་ལ་བརྣག་དཀའི་གདུང་བ་སྟེར་བྱེད་ཀྱང། །མ་ཉམས་ཚུལ་བཞིན་བསྟེན་པས་སྐྱེ་བོ་ཡི། །ཡིད་ཀྱི་གདུང་བ་མཐའ་དག་སེལ་བར་བྱེད། །དོན་གཅིག་གསལ་བྱེད། སྙིང་སྟོབས་མཐུ་ལྡན་རྒྱལ་སྲས་རྟག་ཏུ་ངུས། །རབ་དམར་ཁྲག་གིས་འཛིན་མའི་རྡུལ་མནན་ཞིང་། །ཤ་དང་རུས་པ་ཟོང་དུ་


GTD007_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བྱས་ཏེ། །འགྲོ་བའི་དོན་ཕྱིར་བླ་མེད་བྱང་ཆུབ་བསྒྲུབས། །སྦྱར་བའི་གསལ་བྱེད། སྔོ་བསངས་བཻ་ཌཱུར་ཞུན་མའི་མདངས་འཛིན་ཅིང། །ཕ་མཐའ་ཚད་ཀྱིས་གཞལ་བར་མི་སྤོབས་པ། །འཆི་མེད་ལམ་ཡངས་སྟེང་གི་ཕྱོགས་སུ་སྟེ། །ཟླ་བའི་མ་མ་ལྷུན་པོའི་མཐའ་ལ་གནས། །དོན་བསྐོར་བ། དྲི་བཟང་ཁང་པ་རྒྱས་པའི་དགའ་ཚལ་དབུས། །སྦྲང་རྩིའི་རྒྱལ་མཚན་གཡོ་བའི་རྩེ་མོ་ན། །ཆུ་སྐྱེས་ཟེའུ་འབྲུར་རོལ་པའི་རྐང་དྲུག་ཚོགས། །འདབ་སྟོང་བཅུད་ཀྱིས་མྱོས་པའི་གླུ་དབྱངས་སྒྲོག །ཚིག་བསྐོར་བ། མཁའ་དབྱིངས་ཆུ་འཛིན་དཀར་པོའི་འཕྲེང་བ་དཀྲིགས། །དྭངས་པའི་མཚོ་ནང་རབ་དཀར་ལྦུ་བ་དཀྲིགས། །དགའ་ཚལ་ཡངས་པོར་མཛེས་པའི་རྐང་འཐུང་དཀྲིགས། །དབྱངས་ཅན་མཆུ་སྒྲོས་དབུས་ན་ཚེམས་འཕྲེང་དཀྲིགས། །ཚིག་དོན་གཉིས་ཀ་བསྐོར་བ། དབྱར་སྐྱེས་ཆུ་འཛིན་འཕྲེང་བ་དཀྲིགས་པའི་དབུས། །གློག་དམར་གཡོ་ཞིང་འབྲུག་སྒྲ་སྙན་པར་སྒྲོག །རྣམ་བཀྲ་སྒྲོ་གདུགས་ཟླུམ་པོར་གཡོ་བ་ཡི། །མདོངས་མཐའ་དགའ་བའི་གླུ་དབྱངས་སྙན་པར་སྒྲོག །བྱུང་བ་འགོག་པ། བགྲང་ཡས་བསྐལ་པར་བགྲོད་དཀའ་སངས་རྒྱས་ལམ། །ཚེ་གཅིག་གྲུབ་པའི་སྙན་གྲགས་འུད་པོ་ཆེ། །འོན་ཀྱང་དུས་གསུམ་རྒྱལ་བའི་ཐབས་མཁས་འཕྲུལ། །རྫོགས་པའི་གསང་ཆེན་ནུས་པ་བསམ་མི་ཁྱབ། །ད་ལྟ་བ་འགོག་པ། སྐྱེ་འགྲོའི་སྲོག་ལ་དབང་བསྒྱུར་ཉི་མའི་བུ། །མི་བཟད་ཐོད་དབྱུག་འཕྱར་


GTD007_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅི་ཡི་སླད། །འཇམ་མགོན་བསྟན་ལ་སྡང་བའི་དགྲ་བགེགས་རྣམས། །སྡང་མིག་ཙམ་གྱིས་ཐལ་བར་བྱེད་མིན་ནམ། །མ་འོངས་པ་འགོགས་པ། མི་ཡི་དབང་ཕྱུག་མཆོག་ཁྱོད་སླད་དུ་ཡང། །འབྱོར་ལྡན་ཁོ་ནར་དགྱེས་པའི་འཛུམ་སྟོན་ན། །ཉམ་ཆུང་ཆབ་འབངས་ཚོགས་རྣམས་བདེ་བའི་སར། །འབྲོས་ཕྱིར་ཁྱོད་ཞལ་ཕྱི་ནས་མཐོང་མི་འགྱུར། །ཆོས་འགོག་པ། ཐུབ་མཆོག་བདུད་སྡེའི་དཔུང་གིས་བསྐོར་བ་ན། །གཅིག་ཏུ་བྱམས་པའི་ཚུལ་ལ་གནས་པ་རྫུན། །གལ་ཏེ་བདེན་ན་ཡིད་སྲུབས་རབ་གདུངས་ཤིང། །མཆི་མས་བརྣངས་བཞིན་རང་ཡུལ་ཟློག་པ་ཅ། །ཆོས་ཅན་འགོག་པ། ཕྱོགས་ཀྱི་འཁོར་ལོ་གསལ་བའི་རྟ་ལྗང་ཅན། །ཁོར་ཡུག་ཚད་ཀྱི་རང་བཞིན་བཟུང་བར་དཀའ། །འོད་སྟོང་གཟི་བྱིན་མ་བཟོད་འདྲེན་བྱེད་ཀྱིས། །ཕྲ་ཞིབ་རིང་དུ་བལྟ་བའི་གོ་སྐབས་བྲལ། །རྒྱུ་འགོག་པ། འབྲུག་སྒྲ་དྲག་པོས་རི་བོ་རལ་བྱེད་ཅིང། །བདེ་འཐུང་དམར་འོད་དང་འགྲོགས་རྡོ་ཆར་གྱིས། །ཞིང་པའི་སྙིང་རྩ་ལྐོག་མར་འབྲོས་བྱེད་ཀྱང་། །བདག་བཟུང་ཞིང་ས་མེད་པས་བདག་མི་འཇིགས། །འབྲས་བུ་འགོག་པ། ཆེར་སྙིགས་དུས་དང་ཡུལ་གྱིས་མཐའ་ལ་བརྟེན། །སྣ་ཚོགས་རྐྱེན་གྱི་རོལ་པ་མཐའ་ཡས་ཀྱང། །ཐོས་བསམ་སྒོམ་པའི་དགའ་སྟོན་ཉམས་མེད་པ། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་གྲྭ་ཆེ། །རྗེས་གནང་གིས་འགོག་པ། སྲིད་འབྱོར་འབའ་ཞིག་སྒྲུབ་པའི་ཆེན་པོ་རྣམས། །འབྱོར་ལྡན་ཁོ་ནར་


GTD007_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ན་དེ་དག་སྐྱོངས། །བློ་ལྡན་ཐར་པ་འདོད་རྣམས་སྐྱབས་གཞན་དུ། །འཚོལ་ཕྱིར་དེ་དག་དོན་དུ་དོགས་མི་འཚལ། །དབང་གིས་འགོག་པ། འཇམ་མགོན་བླ་མ་མཆོག་ཁྱོད་འཕགས་ཡུལ་དུ། །བྱོན་ཚེ་རྣམ་པར་དཀར་བའི་དགོངས་བཞེད་ཀུན། །དབུས་འགྱུར་བསྟན་པའི་དཔྱིད་དུ་སྨིན་འགྱུར་མོད། །དེ་ལྟ་ན་ཡང་ལྗོངས་འདིར་བརྟན་པར་བཞུགས། །མ་གུས་པས་འགོག་པ། ཇི་སྙེད་སྲིད་ཞིའི་དཔལ་ཀུན་དགེ་བ་དང། །མི་འདོད་གདུང་བའི་ཚོགས་རྣམས་སྡིག་ལས་སྐྱེ། །འོན་ཀྱང་བདག་ནི་རང་བཞིན་གླེང་བ་ཙམ། །ཁྱེད་ཉིད་རང་གི་མོས་པ་ཇི་བཞིན་མཛོད། །ཤིས་བརྗོད་ཀྱིས་འགོག་པ། གྲོགས་དག་ལྷ་ཆོས་སྒྲུབ་པར་མི་བྱེད་ན། །འདི་སྣང་ཙམ་གྱི་བདེ་བས་འཚོ་གྱུར་ཅིག །བདག་ནི་ཕྱི་མ་མེད་པའི་ཕྱག་བགྱིས་ཏེ། །དབེན་པའི་རི་ལ་ཐོས་དོན་སྒྲུབ་ཏུ་འགྲོ། །རྩུབ་མོས་འགོག་པ། ཀ་ཡེ་བདག་ལ་རེ་བའི་སློབ་བུ་རྣམས། །བསྟུན་པ་བསྐྱེད་དེ་ཐོས་བསམ་མི་བགྱིད་ན། །རང་དང་མཐུན་པའི་སློབ་དཔོན་གཞན་སྟེན་ཅིག །བདག་གིས་དེང་ནས་གདམས་ངག་འབོགས་མི་ནུས། །གྲོགས་ཀྱིས་འགོག་པ། མི་གཡོའི་སར་གནས་རྒྱལ་སྲས་དཔའ་བོ་རྣམས། །ཞི་བདེར་རོལ་པར་བཞེད་ཚེ་མྱུར་དུ་མཛོད། །ཀུན་ལ་ཕན་དགོངས་ཕྱོགས་བཅུའི་རྒྱལ་རྣམས་ཀྱིས། །སློང་བར་མཛད་ཚེ་དེ་ལས་འདའ་བར་དཀའ། །འབད་པས་འགོག་པ། གཅེས་ཤིང་འཕང་བའི་བློ་གསལ་གཞོན་ནུ་རྣམས། །དགྱེས་ཕྱིར་ཅི་བདེར་


GTD007_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཞེས་བརྗོད་འདོད་ཀྱང། །འཕྲལ་ཡུན་འབྲས་ལ་བསམ་ཚེ་དཀའ་སྤྱད་ལ། །བསྐུལ་ཚིག་ལན་འགའ་ཐལ་ཏེ་ཅི་བྱར་ཡོད། །གཞན་དབང་གིས་འགོག་པ། ལས་ངན་འབྲས་བུ་སྨིན་པ་འགའ་ཞིག་གིས། །གདུང་སེལ་ཟབ་མོའི་གདམས་པ་དགོས་ཞེས་སྨྲ། །འདི་ན་བདེ་སྡུག་འགྱུར་བ་མཐའ་ཡས་རྣམས། །ལས་ཀྱིས་བསྐྲུན་ཕྱིར་དེ་དང་བགྲོ་བར་འཚལ། །ཐབས་ཀྱིས་འགོག་པ། འོད་སྟོང་ལྡན་ཁྱོད་ཆུ་ལྷའི་ཕང་པ་རུ། །གལ་ཏེ་གཟིགས་པར་བཞེད་ན་དེ་བཞིན་མཛོད། །པད་ཚལ་མཛེས་པ་ཟུམ་པར་མི་འགྱུར་སླད། །ཚ་ཟེར་འོད་ཀྱི་འཕྲེང་བ་བཞག་འཚལ་ལོ། །ཁྲོ་བས་འགོག་པ། འབྱོར་པས་དབུལ་ཞིང་འདུ་བ་འཁྲུགས་པས་མནར། །ཕན་རེའི་དུས་སུ་བྱོལ་བའི་ཁྲེལ་འདས་རྣམས། །ཕྱི་ནས་བདེ་སྐྱིད་མངའ་ཐང་དར་བའི་ཚེ། །འཛུམ་ཞལ་ལྷུག་པར་བསྟན་ཀྱང་དགོས་པ་ཅ། །མྱ་ངན་གྱིས་འགོག་པ། འདི་ན་ལ་ལ་ངལ་བརྒྱས་བསྒྲུབས་པ་ཡི། །ནོར་རྣམས་བསོད་ནམས་གཏེར་དུ་མ་སྦས་ཤིང། །འཕྲལ་ཡང་ལོངས་སུ་སྤྱོད་པར་མ་ནུས་པ། །ཆོམ་པོས་ཁྱེར་ཚེ་ཟུག་རྔུ་སྙིང་ལ་འཛིན། །འགྱོད་པས་འགོག་པ། བརྩོན་ཤེས་མཐུ་དང་བྲལ་ཕྱིར་རྒྱལ་བསྟན་ལ། །འཁོར་ལོ་གསུམ་གྱིས་རི་མོར་མ་བྱས་ཤིང། །བཟང་པོའི་རྫུ་ཡིས་རང་སྡེ་སྐྱོང་བ་སོགས། །སྲིད་ཀྱང་མ་བཟུང་གཉིས་མེད་ངང་དུ་རྒས། །ཐེ་ཚོམ་གྱིས་འགོག་པ། རྣམ་པར་དཀར་འདི་དབྱངས་ཅན་མཛེས་སྐུ་འམ། །ཟླ་འོད་ལྷུང་བའི་ཀེ་ལ་ཤ་འམ་ཅ། །སྙན་འགྱུར་རྒྱུད་


GTD007_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

མངས་སྒྲ་ཡི་དཔལ་ལྡན་ཕྱིར། །གདོས་བཅས་གངས་ཀྱི་རི་བོ་མིན་པར་སེམས། །སྦྱར་བས་འགོག་པ། རྙེད་དཀའ་བརྒྱ་ལམ་ཞིག་ན་རྙེད་གྱུར་ཚེ། །ཕུན་ཚོགས་འདོད་དགུ་འབྱུང་བའི་དོན་ཆེ་བ། །དལ་འབྱོར་རྟེན་བཟང་ནོར་བུ་འདི་ཐོབ་ཚེ། །རྒྱ་མཚོའི་ཀློང་གི་ནོར་བུ་དེས་ཅི་བྱ། །དོན་གཞན་འགོག་པ། འདོད་ལ་སྲེད་པས་དམ་དུ་བཅིངས་པ་རྣམས། །ལྷ་དབང་དཔལ་ལ་རོལ་ཡང་ཚིམ་མི་འགྱུར། །རབ་འབར་རྟ་གདོང་མེ་ལྕེའི་འཕྲེང་བ་དེས། །རྒྱ་མཚོའི་ཆུ་ཚོགས་བཏུང་ཡང་ངོམས་པ་མེད། །རྒྱུས་འགོག་པ། འདྲེན་མཆོག་དམ་པའི་ཞབས་སེན་བཀྲ་ཤིས་རྡུལ། །དྲེགས་ལྡན་ལྷར་བཅས་སྐྱེ་དགུའི་གཙུག་ཏོར་རྩེར། །མཆོག་ཏུ་མཛེས་ཀྱང་བསྟོད་བསྔགས་འོས་མིན་ཏེ། །ཚོགས་གཉིས་རྫོགས་པའི་ནུས་མཐུ་ཁོ་ནར་ཟད། །ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ། ཨེ་མ་གྲགས་པའི་གཞིར་གྱུར་ཐམས་ཅད་སྒྲོལ། །གཅེས་དགུ་གཏོང་བའི་སྒྲ་ལ་མཚར་དུ་ཅ། །རང་བདེར་མ་ཆགས་གཞན་ཕན་ཁུར་ཆེན་གྱིས། །མི་སྐྱོ་འཕགས་ཆེན་དམ་པའི་ངང་ཚུལ་ལགས། །ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ། ཡིད་ལ་རིང་དུ་རོལ་པའི་དབྱངས་ལྡན་མ། །ཟག་མེད་ངག་གི་འདོད་པ་འཇོ་བར་མཛོད། །མཁའ་དབྱིངས་ཆུ་འཛིན་དཀར་པོའི་ཀློང་ལས་ཀྱང། །སྦྲང་ཆར་དལ་གྱིས་འབེབས་པ་མ་ལགས་སམ། །སྦྱར་བའི་དོན་གཞན་བཀོད་པ། རྣམ་འདྲེན་མཚུངས་མེད་སྟོབས་བཅུ་མངའ་བ་


GTD007_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །རྒུད་པའི་མུན་པ་དྲུངས་ནས་འབྱིན་པར་བྱེད། །འགྲོ་བའི་སྒྲོན་མ་གསལ་བའི་འོད་སྣང་གིས། །སྨག་རུམ་གདུང་བའི་གོ་སྐབས་འཕྲོག་པར་བྱེད། །འགལ་བའི་དོན་གཞན་བཀོད་པ། མཐའ་བྲལ་ལྟ་བ་ཐང་ཅིག་གོམས་པས་ཀྱང། །རིང་ནས་འདྲིས་པའི་དངོས་འཛིན་ཧྲུལ་པོར་བྱེད། །མི་བརྟན་སྐད་ཅིག་གཡོ་བའི་གློག་འཕྲེང་གིས། །མཚན་དུས་རྒྱུན་ཆགས་མུན་པའི་སྨག་རུམ་སེལ། །མི་འོས་པའི་དོན་གཞན་བཀོད་པ། བསིལ་བའི་ཟེར་བརྒྱ་འཕྲོ་བའི་ཟླ་ཤེལ་གྱིས། །ཡི་དྭགས་ཚོགས་ལ་ཚ་བའི་གདུང་བ་སྟེར། །ཀྱེ་མ་བསམ་གྱིས་མི་ཁྱབ་ལས་ཀྱི་མཐུ། །སྨིན་པའི་ངང་ཚུལ་འདི་འདྲ་བཟློག་པར་དཀའ། །འོས་པའི་དོན་གཞན་བཀོད་པ། རྒྱལ་ཀུན་ཐུགས་རྗེའི་སྒྱུ་འཕྲུལ་དགེ་བའི་བཤེས། །གཙུག་གིས་བསྟེན་པས་དོན་གཉིས་ལེགས་ཚོགས་འཕེལ། །བསམ་འཕེལ་དབང་གི་རྒྱལ་པོ་རྒྱལ་མཚན་རྩེར། །མཆོད་པས་ཕུན་ཚོགས་འདོད་དགུའི་རེ་བ་སྐོང། །འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ། ཕ་རོལ་མི་བསྲུན་དགྲ་ཡིས་གླགས་ལྟ་ཡང། །རྟེན་གྱུར་ས་ཡི་བདག་པོས་དེ་ལྟ་མིན། །ཉི་འོད་རེག་པས་ཚ་གདུང་སྐྱེད་འོས་ཀྱི། །བསིལ་སྦྱིན་རེ་བའི་གདུགས་ཀྱིས་བསྲེག་མི་འོས། །མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ། ཐུབ་པའི་རྗེས་འཇུག་འགའ་ཡང་རྟེན་འབྱུང་གཏམ། །སྤོང་བར་བྱེད་ན་གཞན་སྡེ་སྨོས་ཅི་འཚལ། །སྐྱོན་ཡོན་ཤེས་པའི་མི་ཡང་དུག་ཟ་ན། །རྨ་བྱ་རང་གི་ཟས་ལ་ཅིས་མི་སྤྱོད། །ཡན་


GTD007_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཅིག་གིས་ལྡོག་པ་ཅན། གཟི་བྱིན་རབ་རྒྱས་ངང་པའི་རྒྱལ་པོ་ཁྱོད། །དཀར་མཛེས་དབྱངས་སྙན་སྒྲ་ཡི་དགའ་སྟོན་གྱིས། །གཡས་འཁྱིལ་དུང་དང་མཚུངས་ཀྱང་སྒྲོ་གཤོག་གིས། །འཕུར་ལྡིང་གར་གྱིས་རོལ་པས་ཐ་དད་དབྱེ། །གཉིས་ཀྱིས་ལྡོག་པ་ཅན། མུན་པའི་དགྲ་དང་བདེ་ལྡན་ཞིང་གི་གཙོ། །འོད་སྟོང་གཟི་བྱིན་འགྱེད་པར་མཚུངས་པ་སྟེ། །འོན་ཀྱང་དེ་ནི་གླིང་བཞིའི་ཁོར་ཡུག་དང། །ཁྱོད་སྐུའི་འོད་ཀྱིས་ཞིང་བརྒྱ་ཅིག་ཅར་གསལ། །སྦྱར་བའི་ལྡོག་པ་ཅན། རྒྱལ་བའི་རྗེས་ཞུགས་ཡེ་ཤེས་ལྔ་སྒྲུབ་པར། །རྒྱལ་སྲས་རྣམས་དང་མུ་སྟེགས་ཀུན་ཏུ་རྒྱུ། །མཚུངས་ཀྱང་བློ་ལྡན་ཐར་པའི་ལམ་བཟང་དུ། །འགྲོ་འོ་མུ་སྟེགས་རྣམས་ནི་དེ་ལས་གོལ། །འགོག་པ་ཅན་གྱིས་ལྡོག་པ། གཟི་བརྗིད་འབར་ཞིང་དབྱིག་གི་མཛོད་འཛིན་པ། །མི་ཡི་དབང་ཕྱུག་ཁྱོད་དང་གདེངས་ཅན་གཙོ། །མཚུངས་ཀྱང་མི་བཟད་སྦྲུལ་གདུག་སྤྲོ་བ་དེས། །ས་དབང་ཁྱོད་ལ་འགྲན་པའི་སྐབས་ཡོད་མིན། །གཏན་ཚིགས་ཅན་གྱིས་ལྡོག་པ། སྐལ་བཟང་སྐྱེ་བོའི་སྙིང་གི་དཔྱིད་གྱུར་ཅིང། །ཕུན་ཚོགས་འདོད་པ་འཇོ་བར་མཚུངས་ན་ཡང། །འཇོ་སྒེག་རོལ་པའི་ཉམས་ཀྱིས་དབེན་པའི་ཕྱིར། །དཔག་བསམ་ཤིང་དེ་མཚོ་བྱུང་དོ་ཟླ་མིན། །རྟེན་གྱིས་ལྡོག་པ། རྒྱལ་བ་ཀུན་ཡུམ་རྡོ་རྗེ་དབྱངས་ལྡན་མ། །དྲི་ཟའི་ན་ཆུང་དབུས་ན་འགྱིང་ཞིང་བཞུགས། །བཅུ་དྲུག་ཆ་ཤས་ཡོངས་གང་ཟླ་བ་ན། །རྒྱུ་སྐར་ཁྲོད་ན་གསལ་ཕྱིར་མཚུངས་མ་ཡིན། །དཔེ་


GTD007_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དཔེ་ཅན་ལྷག་པའི་ལྡོག་པ། དབང་པོའི་གཞུ་རིས་འཇམ་མཉེན་རེག་བྱས་དབེན། །ལོངས་སུ་ཉེར་སྤྱད་ཀུན་དགའི་རོ་དང་བྲལ། །ལྷ་ཡུལ་པཉྩ་ལི་ཀའི་གོས་བཟང་ལ། །ཡིད་འོང་འདོད་པའི་ཡོན་ཏན་ཡོངས་སུ་རྫོགས། །འབྱེད་བྱེད་མཚུངས་པས་ལྡོག་པ། དབྱངས་ཅན་ཞལ་དང་སྟོན་ཀའི་ཟླ་ཤེལ་གཉིས། །དཀར་ཞིང་འདི་ལ་ཀུན་དགའ་སྟེར་བར་མཚུངས། །འོན་ཏང་ཁྱོད་ཞལ་སྨིན་མ་འཁྱོག་པོས་མཚན། །བསིལ་ཟེར་འགྱེད་པ་རི་བོང་གཟུགས་ཀྱིས་མཛེས། །མཚུངས་ཆོས་མ་ཟིན་པའི་འབྱེད་བྱེད། རབ་དཀར་པདྨོ་སྐྱེད་ཚལ་མཛེས་པའི་རྒྱན། །གཉིས་སྐྱེས་རྒྱལ་པོ་འཆི་མེད་ལམ་གྱི་རྒྱན། །སྦྲང་རྩིའི་རྒྱལ་མཚན་གསུང་ཞིམ་སྤྲོ་བྱེད་ཅིང། །ཟླ་ཤེལ་ག་བུར་འོད་ཀྱི་འཕྲེང་བ་འགྱེད། །རིགས་མཐུན་ལྡོག་པ། སྟུག་པོའི་ཆུ་འཛིན་དྲ་བས་མི་སྒྲིབ་ཅིང། །འཆར་དང་ནུབ་པའི་དབང་དུ་མ་གྱུར་པ། །ཆོས་ཀྱི་དབང་ཕྱུག་རྒྱལ་བའི་ཉི་མ་དེས། །འགྲོ་ལ་སྣང་བའི་དགའ་སྟོན་ཅི་ཡང་སྤྲོ། །དུས་ལ་སྦྱར་བའི་སྲིད་པ་ཅན། མ་བཅད་པར་ཡང་འདབ་མའི་འཕྲེང་བ་ལྷུང། །མ་བཀྲུས་པར་ཡང་ཡལ་ག་སྐྱ་བོར་གྱུར། །མ་བསྟན་པར་ཡང་མི་རྟག་གོ་བྱེད་པ། །སྐྱོ་བའི་ཤུགས་རིང་འབྱིན་པའི་དགུན་གྱི་ཤིང། །ནང་ལ་སྦྱར་བ། རྒྱུད་དུ་མ་དྲངས་རྐེད་པ་གཞུ་ལྟར་གུག །མ་བརྗེས་སྐྲ་དང་བཞིན་གྱི་ཁ་དོག་འཆོལ། །སྐྲག་པ་མིན་ཡང་ཡན་ལག་ཤིག་ཤིག་འདར། །དགྲ་ཡིས་མ་བཅོམ་གཞོན་ནུའི་ལང་ཚོ་སྟོར། །ངོ་བོ་ཙམ་བརྗོད་པ། མ་བགོས་བསུང་


GTD007_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་སྤྲོ་བའི་པདྨ་དཀར། །མ་ཕྱིས་པར་ཡང་འདམ་རྫབ་དྲི་མ་བྲལ། །ཕྲག་དོག་མེད་ཀྱང་ཟླ་བ་མཐོང་ཚེ་ཟུམ། །མ་བརྐུས་པར་ཡང་སྲེད་ལྡན་ཡིད་དབང་འགུག །སྤྱིའི་བསྡུས་བརྗོད། ཆུ་རྒྱུན་གཙང་མ་ཉེ་བར་གནས་པ་ལ། །འདོད་དགུར་ལོངས་སུ་སྤྱོད་པའི་མཐུ་ལྡན་ཡང། །བ་ཚྭ་ཅན་གྱི་ཁྲོན་པའི་ཆུ་རྒྱུན་ཕྱིར། །ལུས་སེམས་ངལ་བར་བྱེད་པ་ཡིད་རེ་སྐྱོ། །ཁྱད་གཞི་ཐ་དད་ཀྱང་ཁྱད་ཆོས་གཅིག་པའི་བསྡུས་བརྗོད། ལྷ་ཡི་མཆོད་ཡོན་གཏིང་མཐའ་དཔག་དཀའ་ཞིང་། །གང་གིས་བསྟེན་ན་ལུས་སེམས་གདུང་བ་སེལ། །སྐྱོན་ལྡན་རོ་དང་ལྷན་ཅིག་མི་གནས་ཤིང། །རླབས་འཕྲེང་གཡོ་བས་བློ་ཆུང་སྐྲག་པར་བྱེད། །ཁྱད་ཆོས་མཚུངས་ཤིང་མི་མཚུངས་པ། ཛ་ཧུའི་བུ་མོ་ནོར་བུའི་མཛོད་འཛིན་ཞིང། །གདེངས་ཅན་དབང་པོའི་ཚོགས་ཀྱི་ཉེར་འཚོའི་གཞ། །ཡན་ལག་བརྒྱད་ལྡན་བཻ་ཌཱུར་ཞུན་མའི་མདངས། །རྣམ་བཀྲ་དེར་ནི་ཁྲུས་ཀྱིས་འཇུག་པར་རིགས། །སྔོན་མེད་བསྡུས་བརྗོད། བཟོད་དཀའ་བྲང་འགྲོ་གདུག་པས་མ་བསྟེན་ཞིང། །ནམ་ཡང་ཐུར་དུ་བགྲོད་མིན་གངྒཱ་མ། །གང་གི་ངོགས་སུ་ཁྲུས་ཀྱི་རྩེ་དགའ་ལ། །གཞོལ་བ་དེ་དག་མཆོག་ཏུ་སྐལ་བ་བཟང། །ཁྱད་འཕགས་ཕུལ་བྱུང། རབ་དཀར་ཀ་མ་ལ་ཡི་འདབ་འཕྲེང་རྩེར། །འོད་དཀར་ཟླུམ་པོར་སྤྲོ་བའི་ལྡིང་ཁང་དབུས། །གངས་རིའི་མདངས་འཛིན་འཕགས་མཆོག་སྤྱན་རས་གཟིགས། །སྟོང་ཕྲག་ཟླ་བའི་འོད་ཀྱིས་མཚོན་དུ་མེད། །


GTD007_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་ཕུལ་བྱུང། ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཉིད། །བཞིན་ལེགས་གར་རོལ་ཧེ་རུ་ཀ་ཡི་སྐུ། །གདོས་བཅས་ཐོགས་རེག་བྲལ་བའི་མཁའ་དབྱིངས་དང། །འདྲེས་སམ་གཞན་དུ་མཆིས་སྙམ་ཁྱོགས་ལ་འཕྱང། །ངེས་པ་ཕུལ་བྱུང། ཡེ་ཤེས་ཉིད་ཀྱང་ངོ་མཚར་ཐབས་མཁས་ཀྱིས། །རྣམ་པར་འཕྲུལ་པའི་གཟུགས་སྐུ་ལྡན་པར་ངེས། །རིན་ཆེན་རྒྱན་མང་གཡུར་དུ་ཟ་བའི་རྟེན། །སྟོང་སངས་ཀུན་གསལ་མ་ཡིས་ནུས་མ་ཡིན། །ངོ་མཚར་ཕུལ་བྱུང། ཅུང་ཟད་བརྡབས་པ་ཙམ་གྱིས་སྲིད་པ་གསུམ། །ཤིག་ཤིག་གཡོ་མཛད་གཤིན་རྗེའི་གཤེད་པོ་ཡིས། །བཅུ་དྲུག་ཞབས་ཀྱིས་བསྐལ་བརྒྱར་མནན་བྱས་ཀྱང། །གཡོ་མེད་འདབ་བརྒྱ་པ་འདི་ངོ་མཚར་ཆེ། །སེམས་ལྡན་རབ་རྟོག །སྤུ་སྡུག་རྣམ་བཀྲ་དཔྱིད་ཀྱི་ཕོ་ཉ་མོ། །ལྷུང་ལྷུང་སྙན་པའི་གླུ་དབྱངས་ལེན་པ་ན། །ཕུལ་བྱུང་དབྱར་གྱི་དུས་སྟོན་གསར་པ་ཁྱོད། །ཡུན་རིང་བཞུགས་ཞེས་གསོལ་བ་འདེབས་པ་བཞིན། །སེམས་མེད་རབ་རྟོག །ལྷོ་ཡི་རླུང་གིས་བསྐྱོད་པའི་ཙནྡན་གྱི། །ལྗོན་པའི་ཚོགས་རྣམས་ཡལ་ག་གཡོ་བ་ན། །གྲུབ་རིགས་ཚོགས་ཀྱི་བསྟི་གནས་འདི་འོ་ཞེས། །དྲང་སྲོང་ཆེ་རྣམས་མགྲོན་དུ་འབོད་པ་འདྲ། །ཏིང་འཛིན་རབ་རྟོག །ཉིན་བྱེད་དབང་པོའི་ཚ་ཟེར་འཕྲེང་བ་ཡིས། །ཆུ་སྐྱེས་གཞོན་ནུའི་འདབ་རྒྱ་བཀྲོལ་བ་ན། །དབྱིག་གི་ཁུ་བ་བག་མེད་བཏུང་བ་བཞིན། །མྱོས་པའི་གེ་སར་རྡུལ་ཚོགས་སྐྱུགས་པ་བཞིན། །སྙམ་སྒྲ་ཅན། དཔྱིད་དུས་རླུང་ནག་འཚུབ་མར་གཡོ་


GTD007_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན། །མི་གཙང་རྡུལ་ཚོགས་བྱི་དོར་བྱས་པར་སྙམ། །དོགས་སྒྲ་ཅན། མི་ཟད་དུས་ཀྱི་འཐོར་རླུང་དྲག་པོ་ཡིས། །དབྱར་གྱི་ལང་ཚོ་བྱེར་ཞིང་བྲོས་ཀྱིས་དོགས། །ངེས་སྒྲ་ཅན། དེ་ནས་སྦྲང་ཆར་དལ་གྱིས་འབེབས་པ་ན། །རྡུལ་ཚོགས་གནོན་པའི་ཐབས་ལ་ཞུགས་པར་ངེས། །འདྲ་བའི་སྒྲ་ཅན། དེ་ཚེ་དབང་གཞུ་རྣམ་པར་བཀྲ་བ་ཡང། །དབྱར་གྱི་ལང་ཚོ་རྒྱས་པ་ངོམ་པ་འདྲ། །མིན་ནམ་སྒྲ་ཅན། སྟོན་དུས་རྩི་བཅུད་ཕུན་སུམ་ཚོགས་པ་ན། །ལྷ་ཡི་དཔལ་ལས་བརྐུས་པ་མ་ཡིན་ནམ། །སྐྱེད་བྱེད་ཀྱི་རྒྱུ། སྐལ་བཟང་རྣམ་འདྲེན་བུ་རམ་ཤིང་པ་ཡིས། །འཕྲིན་ལས་འོད་ཀྱི་སྣང་བ་རིས་མེད་དུ། །སྤྲོས་པའི་མཐུ་ལས་ནོར་འཛིན་ཡངས་པའི་ཁྱོན། །རྫོགས་ལྡན་གསར་པའི་དཔལ་གྱིས་ཁྱབ་པར་གྱུར། །ཉམས་བྱེད་ཀྱི་རྒྱུ། འཇམ་དཔལ་རྡོ་རྗེ་མི་ཡི་གར་རོལ་བ། །རྒྱལ་བ་གཉིས་པའི་ལེགས་བཤད་སྒྲ་དབྱངས་ཀྱིས། །ཐུབ་བསྟན་དཔལ་ལ་སྡང་བ་མཐའ་དག་གི །ཡིད་ནི་མི་བཟད་ཟུག་རྔུས་གདུང་བར་བྱས། །རྣམ་འགྱུར་གྱི་རྒྱུ། ནོར་བུ་འོད་འབར་མཛེས་པའི་ཕོ་བྲང་དབུས། །ན་ཆུང་ཚོགས་རྣམས་སྙན་པའི་གླུ་ལེན་ཀྱང། །ཡིད་འབྱུང་རབ་རྒྱས་ཤཱཀྱའི་སྲས་པོ་ཡིས། །དེ་ཀུན་མི་བཟད་གཤེད་མ་ལྟ་བུར་གཟིགས། །ཐོབ་བྱེད་ཀྱི་རྒྱུ། དཔལ་ལྡན་བརྟན་པའི་འཁོར་ལོའི་ཞབས་ཀྱི་རྡུལ། །སྙིང་གར་བཀོད་དེ་ངལ་བ་བརྒྱས་བསྟེན་པས། །གཞུང་ལུགས་འབུམ་སྡེའི་གནད་ལ་ཐོགས་མེད་དུ། །འཇུག་


GTD007_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་གྲོས་སྣང་བ་རྒྱས་པར་འགྱུར། །ཕྱི་ཤེས་བྱེད་ཀྱི་རྒྱུ། སྙན་སྒྲོག་འདབ་ཆགས་ཚོགས་ཀྱི་གདངས་ཆག་ཅིང། །ཆུ་ཀླུང་རྣམས་ཀྱང་སྒྲ་མེད་སྦུབས་སུ་ཞུགས། །རི་ཀླུང་མཐའ་དག་ཁ་བའི་རྡུལ་གྱིས་ཁེབས། །མི་རྣམས་ལུས་ལ་གྲང་བའི་སྤུ་ལོང་རྒྱས། །ནང་ཤེས་བྱེད་ཀྱི་རྒྱུ། ཟབ་བརླིང་ཆོས་སྒྲ་ཐོས་ཚེ་བག་འཁུམ་ཞིང། །དོན་མེད་འཆལ་གཏམ་སྨྲ་ཚེ་མགོ་འཕང་མཐོ། །རྣམ་དཀར་ལས་ལ་བཙུད་ཚེ་ཐབས་ཀྱིས་འབྲོས། །ལྟོ་གོས་ཟས་ནོར་མཐོང་ཚེ་ངང་གིས་འདུ། །སྔ་ནས་མེད་པའི་བྱེད་རྒྱུ། ཚེ་སྔོན་མི་བཟད་སྡིག་པ་མ་བྱས་ཤིང། །འབྱུང་བ་འཁྲུགས་པའི་ནད་ཀྱིས་མ་བཏབ་ལ། །ཕྱི་རོལ་དགྲ་ཡིས་གཙེ་བར་མ་བྱས་པས། །སྐལ་བཟང་སྙིང་ལ་བདེ་བའི་དགའ་སྟོན་རྒྱས། །ཞིག་ནས་མེད་པའི་བྱེད་རྒྱུ། ཐུབ་དབང་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང། །རྒྱལ་བསྟན་རྩ་ལག་ཕལ་ཆེར་འདས་པ་ན། །ཁྲེལ་ཡོད་ཚུལ་ལས་འདས་པའི་ཆེར་རློམ་འགའ། །རྨོངས་རྟུལ་སྐྱེ་བོའི་ཁྲོད་ན་ཅི་ཡང་སྤྱོད། །ཕན་ཚུན་མེད་པའི་བྱེད་རྒྱུ། ངང་པ་འདི་དག་འཆལ་སྒྲོག་བློན་པོ་མིན། །ཉེའུ་ཆུང་བག་མེད་འགྱུ་བའི་བཙུན་མོ་མིན། །རླབས་འཕྲེང་འདི་དག་གདུག་པའི་དཔུང་ཚོགས་མིན། །རྫིང་འདི་རྒྱལ་སྲིད་མིན་ཕྱིར་སྙིང་དུ་སྡུག །སྤངས་ནས་མེད་པའི་བྱེད་རྒྱུ། ཉེས་བརྒྱའི་འབྱུང་གནས་རང་ཉིད་གཅེས་འཛིན་བློ། །རྒྱལ་སྲས་དམ་པ་རྣམས་ཀྱིས་རིང་སྤངས་པས། །དེ་དག་ཐུགས་ལ་ཟག་མེད་བདེ་བའི་དཔལ། །ནམ་ཡང་ཉམས་པ་མེད་པར་ངང་གིས་འཕེལ། །རྒྱུ་མེད་


GTD007_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

པས་མེད་པ་སྐྱེད་པའི་བྱེད་རྒྱུ། དགེ་ལྡན་ལུགས་བཟང་ཀུན་གྱིས་བཀུར་བའི་ཟོལ། །མཁས་གྲུབ་དམ་པས་དགག་པར་མ་མཛད་ན། །འཇམ་མགོན་རྗེས་ཞུགས་རེ་བའི་ལྟ་ལོག་དང། །རྩིང་སྤྱོད་ཧྲལ་པོས་ས་འདི་ཧྲུལ་པོར་བྱེད། །རིང་འབྲས་ཀྱི་རྒྱུ། ས་ཆེན་དཔུང་པས་འཛིན་པ་མི་ཡི་རྗེས། །ཆབ་འབངས་ཚོགས་རྣམས་ཆོས་བཞིན་བསྐྱངས་པ་ན། །རིང་ན་གནས་པའི་མི་བསྲུན་དགྲ་སྡེའི་ཚོགས། །གུས་པའི་ཡིད་ཀྱིས་ཁྱོད་ཞབས་བསྙེན་པར་བྱེད། །རྒྱུ་འབྲས་ལྷན་ཅིག་པ། དཔལ་ལྡན་སྟུག་པོ་བཀོད་པའི་ཞིང་ཁམས་སུ། །བླ་མེད་ཡེ་ཤེས་བདུད་རྩི་བརྙེས་པ་དང། །ལྷན་ཅིག་བགྲང་ཡས་ཞིང་ཁམས་རྒྱ་མཚོ་རུ། །སྣ་ཚོགས་ཚུལ་གྱིས་འགྲོ་བ་འདྲེན་པར་མཛད། །རྒྱུ་ལས་འབྲས་བུ་སྔ་བ། མི་བཟད་སྲིད་པའི་རྒྱ་མཚོ་ཆེན་པོ་འདིར། །སྐྱེ་བའི་རྣམ་འཕྲུལ་བཟུང་སྟེ་ད་དུང་ཡང། །དེ་ཡི་ཡན་ལག་ཡོངས་སུ་གོམས་པའི་མཐུས། །སྣ་ཚོགས་ལས་ཀྱི་ལམ་ལ་འཇུག་པར་བྱེད། །རིགས་མིན་གྱི་རྒྱུ། ཐུབ་རྣམས་བརྟན་པ་འཕྲོག་པའི་མཛེས་སྡུག་གི །ལང་ཚོ་རབ་རྒྱས་དབྱངས་ཅན་ཀུན་དའི་གཉེན། །རྩེ་གཅིག་གུས་པའི་ཡིད་ལ་རོལ་བའི་མོད། །ཆགས་དང་རྨོངས་པའི་ཀུ་མུད་ཟུམ་པར་གྱུར། །རིགས་པའི་རྒྱུ། བགྲང་ཡས་རྒྱལ་བའི་ངག་གི་དངོས་གྲུབ་ཀུན། །མཛེས་སྡུག་ལྷ་མོའི་རྣམ་རོལ་འོད་དཀར་ཅན། །ཡིད་ལ་རོལ་པས་བློ་གྲོས་ཀུ་མུད་ད། །རྣམ་པར་རྒྱས་པའི་དགའ་སྟོན་ཅི་ཡང་ཐོབ། །ཟུར་


GTD007_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཕྲ་མོ། རིང་ནས་རྣ་བའི་གྲགས་འབར་རྗེས་ཞུགས་ཏེ། །སློང་བར་འདོད་ཀྱང་གཟི་བྱིན་མ་བཟོད་པའ། །མུ་ཏོའི་སྡུག་བསྔལ་གཟིགས་པའི་ས་སྐྱོང་གིས། །ནོར་བུའི་གདུབ་ཀོར་མཛེས་པའི་ཕྱག་གཡས་བརྐྱངས། །རྣམ་པས་ཕྲ་མོ། ཡིད་སྲུབས་སྒེག་མོ་བསླུ་བྲིད་ལ་ཞུགས་ཤིང། །བདུད་སྡེའི་དཔུང་གིས་ལན་བརྒྱར་མཐོ་བརྩམས་ཚེ། །མཉམ་པ་ཉིད་དུ་བ་སྤུའི་རྩེ་མོ་ཡང། །གཡོ་བར་མི་མཛད་འཛུམ་ལྡན་ཤཱཀྱའི་ཏོག །འོས་པའི་ཆ། མཁས་མང་ཚོགས་པའི་མདུན་སར་ལེགས་བཤད་ཀྱི། །གསུང་གླེང་བགྱིད་པར་བསྐུལ་ཚེ་མགོ་བོ་ན། །རིང་མོ་ཞིག་ནས་ཞུགས་པའི་ཁྲག་འཁྲུག་གིས། །ནད་རོ་དུས་སུ་ལྡང་ལ་ཅི་བྱར་ཡོད། །མི་འོས་པའི་ཆ། མི་བཟད་སྡིག་ལ་ཞུགས་པའི་མྱ་ངན་གྱིས། །གདུང་བས་ལྷ་ཆེན་སྨྲེ་སྔགས་ཤོར་བ་ཡང། །སློབ་མའི་ཚོགས་ལ་རྗེས་སུ་བརྩེ་བ་ཡིས། །འཕགས་པའི་བདེན་པ་སྟོན་པར་མཛད་པ་ལགས། །ཆ་ལས་སྨད་པ། མ་བསླབ་པར་ཡང་ཡོན་ཏན་ཐམས་ཅད་ཤེས། །ཕྲད་པ་ཙམ་ནས་དགྱེས་པའི་འཛུམ་ཞལ་སྟོན། །ཀུན་གྱི་བཀའ་སྒྲུབ་དྲང་པོའི་རང་བཞིན་ཅན། །འདི་དག་གཞན་གྱི་བྱ་བའི་གྲོགས་སུ་བཟང། །ཆ་ལས་བསྟོད་པ། སྡོམ་གསུམ་ཁུར་གྱི་ངལ་བ་བརྒྱས་གཟིར་ཞིང། །ཉིན་མཚན་མེད་པར་ཐོས་བསམ་བྱ་བས་བྲེལ། །གོས་སྐྱ་འཚོ་བས་དབུལ་བའི་མཚན་ཉིད་པ། །འབྱོར་ལྡན་སྐྱེ་བོ་རྣམས་ཀྱི་སྙིང་རྗེའི་ཡུལ། །རིམ་པ་ཅན་གྱི་རྒྱན། ཨེ་མ་དྭངས་ཤིང་བསིལ་བའི་ཆབ་འདི་ཡང། །རང་རང་ལས་ཀྱི་རྣམ་པར་


GTD007_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་བ་ཡིས། །ཡི་དྭགས་དུད་འགྲོ་མི་དང་ལྷ་རྣམས་ལ། །རྣག་ཁྲག་གནས་དང་ཆུ་དང་བདུད་རྩིར་གྱུར། །དངོས་ཐོབ་ཀྱིས་དགའ་བ། ལེགས་བཤད་གཏམ་གྱི་དགའ་སྟོན་སྤེལ་མཁས་ཤིང། །ཞི་དུལ་འགྲོགས་ན་བདེ་བའི་རིགས་སྨྲ་ཁྱོད། །མཐོང་ཞིང་བཀའ་མཆིད་འཕེལ་བའི་དགའ་བ་འདི། །གཞན་གྱིས་སྟེར་ནུས་མིན་ཕྱིར་སླར་ཡང་བྱོན། །གཟུགས་བརྙན་གྱིས་དགའ་བ། མཚན་དཔེའི་དཔལ་འབར་ཐུབ་པའི་ཉི་མ་ཡི། །མཛེས་སྐུ་མཐོང་བའི་ལམ་ལས་འདས་གྱུར་ཀྱང། །དེ་ཡི་ཞལ་སྐྱིན་སྐྱེ་དགུའི་བསོད་ནམས་ཞིང། །ཇོ་ཤཱཀ་སྣང་བརྙན་མཇལ་བས་རབ་དགའ་རྒྱས། །སྒེག་པའི་ཉམས། གློ་བུར་ཉིད་དུ་སོ་སྐྱེའི་ས་ལས་འདས། །ཀུན་ཏུ་སྦྱོར་བའི་འཆིང་བ་རང་སར་ཆད། །བརྒྱ་ཕྲག་བཅུ་གཉིས་ཡོན་ཏན་གཏེར་རྡོལ་བས། །དང་པོའི་ས་ལ་རབ་དགའ་ཅི་ཡང་འཐོབ། །དྲག་ཤུལ་གྱི་ཉམས། ལས་གཤིན་ཁྲོས་པའི་སྡང་མིག་གློག་གི་འོད། །འུར་འུར་མེ་རླུང་དང་འགྲོགས་སྤྲོས་པ་ཡིས། །རི་རབ་ཁོང་ན་གནས་པའི་བསྟན་དགྲ་ཡང། །ལྕེ་སྙིང་ལྐོག་མར་འདོང་སྟེ་བརྒྱལ་བར་བྱེད། །དཔའ་བའི་ཉམས། མི་བཟད་གཡུལ་གྱི་སྦྱོར་བ་མ་བཤམས་ཤིང། །མཁོ་དགུའི་ལོངས་སྤྱོད་སྦྱིན་པས་མ་བསྡུས་པར། །མཁས་བཙུན་བཟང་པོའི་རྣམ་དཔྱོད་དཔུང་པ་ཡིས། །འཇིག་རྟེན་གསུམ་གྱི་ཏོག་གྱུར་ཙོང་ཁ་པའི། །སྙིང་རྗེའི་ཉམས། སིལ་སིལ་སྒྲ་སྒྲོགས་ནོར་བུའི་འོག་པག་ཅན། །འཇམ་མཉེན་གོས་བཟང་


GTD007_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་ལྷ་ཡི་བུ། །གློ་བུར་དམྱལ་བའི་ལྕགས་བསྲེག་ས་གཞི་ལ། །སོག་ལེས་གཤགས་ཤིང་གཏུབ་པ་ཇི་ལྟར་བཟོད། །མི་སྡུག་པའི་ཉམས། གདོན་གྱིས་བརླམས་པས་གཡང་སར་མཆོངས་གྱུར་ཀྱང། །སྡིག་པས་བཟུང་བའི་སྲོག་ནི་མ་བཏང་བར། །ཁྲག་བཅས་ཀླད་པ་ལྡག་ཅིང་སྐྱུག་བྱེད་ལ། །ནང་ཁྲོལ་ས་ལ་འཕྱང་བཞིན་ཁྱོར་ཁྱོར་འགྲོ། །བཞད་གད་ཀྱི་ཉམས། གཞན་གྱི་ལོངས་སྤྱོད་བ་སྤུའི་ཉག་མས་ཀྱང། །གོས་པར་མི་བཟོད་ཆོས་ལྡན་གྲོགས་པོ་ཁྱོད། །གོས་ཚགས་ལེགས་པར་ཆིངས་ཤིག་ཚོགས་ཀྱི་དབུས། །རིན་ཆེན་ཆར་དུ་བསྙིལ་བའི་ངོ་མཚར་འབྱུང། །རྨད་བྱུང་གི་ཉམས། ཨེ་མ་མཁའ་ལ་སྤྲིན་དཀར་འཕྲེང་བ་འཁྲིགས། །ལྗོན་ཤིང་ཚོགས་རྣམས་གསར་འཁྲུངས་འདབ་མས་མཛེས། །ཁྱུ་བྱུག་རྣམས་ཀྱང་གསུང་སྙན་ལྷང་ལྷང་སྒྲོགས། །དབྱར་གྱི་དགའ་སྟོན་ཕུན་སུམ་ཚོགས་པར་གྱུར། །འཇིགས་རུང་གི་ཉམས། དམར་ནག་ཞལ་དཀྱིལ་མུན་པའི་འཁོར་ས་ཆེར། །ཡོན་པོར་ལྟ་བའི་སྤྱན་རྩ་དམར་འཁྲུགས་ཅིང། །བ་སྤུ་རྣོ་རྩུབ་མེ་ལྕེའི་འཕྲེང་བ་ཅན། །གཏུམ་ཆེན་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །གཟི་བརྗིད་ཀྱི་རྒྱན་ནི། མཁས་གྲུབ་སྨྲ་དབང་རིགས་པའི་གད་རྒྱངས་ཀྱིས། །སྲིད་པའི་ཁོར་ཡུག་འདར་བར་བྱེད་ན་ཡང། །ཉམ་ཆུང་ཁྱེད་ཅག་སྐྲག་པར་མི་བྱ་སྟེ། །གླེན་ལྐུགས་སྐྱེ་བོ་རྩོད་པས་གཞོམ་བྱ་མིན། །རྣམ་གྲངས་བརྗོད་པའི་རྒྱན་ནི། བཤུལ་རིང་ལམ་ཞུགས་དུབ་པའི་གྲོགས་པོ་ཁྱོད། །བསིལ་ལྡན་ལྗོན་པ་འདི་ཉིད་བསྲུང་


GTD007_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །རེ་ཞིག་བཞུགས་དང་བདག་ནི་ཕྱོགས་གཞན་དུ། །དྭངས་ཤིང་བསིལ་བའི་ཆབ་རྒྱུན་ཚོལ་དུ་འགྲོ། །ཀུན་ཕན་གྱི་རྒྱན་ནི། མཐོན་པོའི་རིགས་འཁྲུངས་ལྷ་བཙུན་བྱང་ཆུབ་འོད། །ལྷ་གཅིག་དཱི་པཾ་ཀ་ར་བསིལ་ལྗོངས་འདིར། །སྤྱན་འདྲེན་ལས་ལ་ཞུགས་ཚེ་འཕགས་མས་ཀྱང། །མཐའ་འཁོབ་ཡུལ་དུ་འབྱོན་པའི་བསྐུལ་མ་མཛད། །བསམ་པ་རྒྱ་ཆེ་བ། སྲིད་པའི་འདམ་དུ་བྱིང་བྱེད་ལས་ཉོན་གྱི། །འཆིང་བ་ཀུན་བཅད་འཕགས་པའི་གནས་བརྟན་ཚོགས། །ཞི་བའི་བདེ་ལ་བསྐལ་བརྒྱར་གཞོལ་ནུས་ཀྱང། །རྒྱལ་བའི་བཀའ་ལས་མི་འདའ་སྲིད་ན་གནས། །འབྱོར་བ་རྒྱ་ཆེ་བ། བཻ་ཌཱུར་གཙང་མའི་གཞི་ལ་ལྷ་དབང་གཟུགས། །སྟོང་ཕྲག་ཅིག་ཅར་ཤར་བའི་རྣམ་རོལ་གྱིས། །མངོན་པར་དགའ་ལྡན་ལྷ་ཡི་ན་ཆུང་ཚོགས། །དཔག་ཡས་མཆོད་པའི་བྱེ་བྲག་བསྟར་བས་བྲེལ། །ཆོས་ལ་བསྙོན་པ། དབྱངས་ཅན་སོར་མོའི་རྩེ་ན་གཡོ་བ་འདི། །བཻ་ཌཱུརྻ་ཡི་རྒྱུད་མངས་མ་ཡིན་ཏེ། །རྨོངས་པའི་དྲ་བ་མ་ལུས་གཅོད་བྱེད་པའ། །ཤེས་རབ་རལ་གྲིའི་གདེངས་ཀ་ཡིན་པར་ངེས། །ཡུལ་ལ་བསྙོན་པ། རྟ་ལྗང་ཤིང་རྟས་དྲངས་པའི་ཉིན་བྱེད་འདིས། །སྣང་བའི་དགའ་སྟོན་སྟེར་ཞེས་གྲགས་གྱུར་ཀྱང། །མིག་ལྡན་འབྱུང་པོའི་བྱ་ཡི་ཚོགས་རྣམས་ཀུན། །ལོང་བར་བྱེད་པས་མུན་པའི་གཏེར་དུ་ངེས། །རང་བཞིན་ལ་བསྙོན་པ། འདི་སྣང་ཙམ་གྱི་བདེ་བའི་དགའ་སྟོན་ལ། །སྦྱོར་བའི་ཐབས་ཚུལ་སྟོན་པའི་སྙིང་སྡུག་དག །གྲོགས་


GTD007_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མིན་ཏེ་ཐར་པའི་སྲོག་འཕྲོག་པའ། །མི་བཟད་དགྲ་ཡི་དྭངས་མ་ཡིན་པར་ངེས། །ཚིག་ཐ་དད་མིན་པའི་སྦྱར་བ། ཐོགས་རེག་གདོས་བཅས་བེམ་པོའི་སྐྱོན་དང་བྲལ། །རབ་སྔོ་བཻ་ཌཱུརྻ་ཡི་ཁ་དོག་འཛིན། །འོད་སྟོང་རབ་འབར་ཉི་མ་གཞོན་ནུས་བརྒྱན། །རབ་དཀར་བསིལ་ཟེར་བྱེད་པ་ཡིས་ཀྱང་མཛེས། །ཐ་དད་ཚིག་འདྲའི་སྦྱར་བ། སྒྲིབ་གཡོགས་སྐྱོན་གྱི་དྲི་མ་དང་བྲལ་ཞིང། །འཇིག་རྟེན་ཁམས་རྣམས་ཀུན་ལ་མཐུན་པར་འཇུག །ལུས་ཅན་ཡོངས་ལ་སྣང་བའི་དགའ་སྟོན་མཆོག །སྟེར་ཕྱིར་གྲགས་ལྡན་རལ་པའི་རྩེ་ན་མཛེས། །བྱ་བ་ཐ་དད་མིན་པའི་སྦྱར་བ། བགྲང་ཡས་རྒྱལ་བའི་མཁྱེན་རབ་གཅིག་གྱུར་དངོས། །མི་ཤེས་རྨོངས་པ་དྲུངས་ནས་འབྱིན་པའི་གཉེན། །བློ་བཟང་རྒྱལ་བ་གཉིས་པའི་ལེགས་བཤད་དང། །འཇམ་མགོན་ཐུགས་རྗེའི་ཟེར་གྱིས་བདག་བློ་རྒྱས། །བྱ་བ་འགལ་མིན་སྦྱར་བ། ངན་རྟོག་དྲི་མ་བསལ་ཏེ་མདོ་དང་སྔགས། །ཟུང་འཇུག་བསྟན་པའི་སྙིང་པོ་གསལ་མཛད་པ། །སྔོན་མེད་ཆོས་ཀྱི་སྒྲ་དབྱངས་འདི་ཐོས་ཚེ། །འཇམ་མགོན་རྒྱལ་བ་གཉིས་པར་སྙིང་ནས་དད། །འགལ་བའི་ལས་ཅན་གྱི་སྦྱར་བ། རིང་ནས་སྲིད་པར་འཁྱམས་པ་ཀུན་ཡིད་ལ། །གནས་ཤིང་སྣ་ཚོགས་རྣམ་འཕྲུལ་འགྲུབ་པའི་རྒྱུ། །རིགས་ཀྱི་ནུས་པ་ཡོངས་སུ་སྨིན་པ་ལས། །སྲེད་པའི་གདུང་བ་རིམ་གྱིས་ཞི་བར་འགྱུར། །ངེས་པ་ཅན་གྱི་སྦྱར་བ། བདག་གི་གཙུག་མཛེས་ལྷ་ཡི་འདྲེན་པ་འདི། །ཟས་གཙང་སྲས་པོ་ཡིན་གྱི་སྤྲིན་ཞོན་མིན། །ཡིད་ལ་རྣམ་རོལ་ཟླ་བའི་ཅོད་པན་འདི། །ངག་དབང་ལྷ་མོ་


GTD007_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་མགྲིན་སྔོན་མིན། །ངེས་པ་འགོག་པའི་སྦྱར་བ། ལུས་ཅན་ཡོངས་ལ་ཕན་དང་བདེ་བའི་དཔྱིད། །སྟེར་མཛད་བཤེས་གཉེན་དམ་པ་ཁོ་ནར་ངེས། །འོན་ཀྱང་འདོད་དགུའི་དགའ་སྟོན་སྩོལ་བ་ཡི། །བསམ་འཕེལ་དབང་གི་རྒྱལ་པོ་དག་ཀྱང་མཐོང། །འགལ་མེད་ཀྱི་སྦྱར་བ། བུར་བ་རཱ་ཛཱ་ལྷ་བརྒྱའི་གཙུག་གི་རྒྱན། །མི་ཡི་སེང་གེ་མི་མཐུན་ཕྱོགས་ལས་རྒྱལ། །འཇིག་རྟེན་འདྲེན་བྱེད་གཟི་བྱིན་རབ་རྒྱས་ཤིང་། །བདུད་རྩིའི་གཏེར་ཁྱོད་འགྲོ་ལ་ཀུན་དགའ་སྟེར། །འགལ་བ་ཅན་གྱི་སྦྱར་བ། འོད་སྟོང་འཕྲོ་ཡང་པད་ཚལ་ཟུམ་བྱེད་མིན། །བཅུ་དྲུག་ལང་ཚོ་རྒྱས་ཀྱང་ཆགས་དང་བྲལ། །འདོད་པ་བསྲེག་ཀྱང་ཁྲོ་བའི་རྣམ་འགྱུར་སྤངས། །འགྲོ་བའི་ཏོག་གྱུར་ནམ་ཡང་བསླུ་བ་མེད། །ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ། འཆི་མེད་བདག་པོའི་སྐྱེད་ཚལ་མཛེས་པའི་རྒྱན། །ཕུལ་བྱུང་དཔག་བསམ་གསར་པའི་ལྗོན་པ་ན། །བརྩེ་བའི་ཡིད་དང་བརྩོན་པར་མི་ལྡན་ཡང། །ལྷ་རྣམས་དགའ་བའི་དགའ་སྟོན་གཡུར་དུ་ཟ། །རིགས་མ་ཚང་བའི་ཁྱད་པར་བརྗོད་པ། ཨེ་མ་ཆུ་གཏེར་ལན་བརྒྱར་མ་བསྲུབ་ཅིང། །པདྨ་དཀར་པོའི་ཚལ་ལས་མ་འཁྲུངས་ཀྱང། །མཛེས་སྡུག་རྫོགས་པ་དབྱངས་ཀྱི་རྒྱལ་མོའི་ཞལ། །མཐོང་བས་སྐལ་བཟང་ཡིད་ལ་ཀུན་དགའ་སྟེར། །བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། ཁྲོས་པས་སྡང་མིག་གཡོ་བར་མི་བྱེད་ལ། །རྣོ་ངར་ལྡན་པའི་མཚོན་ཆ་མ་འཕང་ཞིང་། །


GTD007_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་དམོད་པའི་དུག་ནི་མ་སྤྲོས་པར། །ཡིད་སྲུབས་སྡེར་བཅས་འཇོམས་མཛད་ཟས་གཙང་སྲས། །རྫས་མ་ཚང་བའི་ཁྱད་པར་བརྗོད་པ། ཧ་རི་ཙན་དན་བརྡར་བའི་བསུང་ཞིམ་དང། །བཀོད་ལེགས་ནོར་བུའི་དོ་ཤལ་མི་ལྡན་ཡང། །ཚུལ་ཁྲིམས་རྣམ་པར་དག་པའི་མཐུ་ཉིད་ལས། །འཇིག་རྟེན་ཀུན་ཡིད་འཕྲོག་བྱེད་ཨུ་པ་ལ། །རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ། བགྲང་ཡས་བསྐལ་པའི་བར་དུ་མ་གོམས་ཤིང། །ལུས་སྲོག་སྦྱིན་པའི་ངལ་བརྒྱ་མ་བསྟེན་པར། །གསང་ཆེན་རྡོ་རྗེ་ཐེག་པའི་མྱུར་ལམ་གྱིས། །ཚེ་གཅིག་ཟུང་འཇུག་སར་བགྲོད་ཐོས་པ་དགའ། །བསྟོད་པའི་མཚུངས་སྦྱོར། འཕགས་ཡུལ་རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང། །དེ་ཡི་སྲས་པོ་དཔལ་ལྡན་ཆོས་ཀྱི་གྲགས། །བསིལ་ལྡན་ལྗོངས་འདིར་མཁས་གྲུབ་དགེ་ལེགས་དཔལ། །སྨྲ་ངན་འཇོམས་པའི་གྲགས་པ་བླ་ན་འབར། །སྨད་པའི་མཚུངས་སྦྱོར། མི་བརྟན་རྒྱལ་པོ་དགྱེས་པའི་དགའ་སྟོན་དང། །རང་འདོད་འཆིང་བའི་གྲོགས་ཀྱི་ཕན་གཏམ་དང། །མི་མངོན་ཐལ་བས་གཡོགས་པའི་མེ་འདག་རྣམས། །གང་གིས་བསྟེན་ན་ཡུན་དུ་ཕུང་བར་འགྱུར། །གཞི་ཐ་དད་བྱ་བ་འགལ་བ། བྱང་ཆུབ་ཤིང་དབང་དྲུང་དུ་ཐུབ་པའི་ཐུགས། །ཟག་མེད་དགའ་བདེས་ཡོངས་སུ་གཏམས་པ་ན། །ནག་པོའི་རྩ་ལག་སྡེ་དང་བཅས་པའི་བདུད། །མྱ་ངན་ཟུག་རྔུ་མི་བཟད་སྙིང་ལ་བརྟེན། །གཞི་གཅིག་བྱེད་པ་འགལ་བ། མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ཁྲོ་ཞིང་འཁྲུགས་པའི་དགྲ་ལ་འཇིགས་སྟེར་ཞིང། །མ་རུང་གཡུལ་ལས་


GTD007_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྒྲ་སྐད་ཀྱིས། །མིང་པོ་རྡོ་རྗེའི་རྣལ་འབྱོར་དགའ་བར་བྱེད། །གཞི་གཅིག་ཆོས་དུ་མ་འགལ་བ། ལུས་ཀྱི་ཁ་དོག་དཀར་ཡང་བསམ་པ་གནག །ང་རྒྱལ་རློམས་པ་ཆེ་ཡང་ཡོན་ཏན་ཆུང། །སྟོབས་འབྱོར་མངའ་ཐང་དར་ཡང་གྲགས་པ་རྒུད། །མ་རབས་སྐྱེ་བོ་དེ་ལྟ་སུ་ཡིས་བསྟེན། །རྫས་འགལ་བ། མུན་པའི་ཞལ་དཀྱིལ་ཉི་ཟླའི་སྡང་མིག་ཅན། །གངས་རིའི་མཆེ་བ་གློག་གི་རོ་འཛིན་གཡོ། །ལྷ་མཆོག་མཧཱ་ཀ་ལའི་གཟུགས་ཀྱི་སྐུ། །དྲན་པ་ཡིས་ཀྱང་དགྲ་སྡེའི་སྙིང་རྩ་འདར། །ལས་འགལ་བ། བློ་ལྡན་བྱང་ཆུབ་སྒྲུབ་ལ་གཞོལ་བ་རྣམས། །སྡིག་ཅན་དམྱལ་བར་བསྐྱུར་བཞེད་མ་ལགས་ཀྱང། །དེ་དག་དབེན་པར་ལྷ་ཆོས་སྒྲུབ་པ་ན། །མ་རབས་རྣམས་ནི་དོན་མེད་ཁྲོ་བས་མནར། །སྦྱར་བའི་འགལ་བ། ཕུལ་བྱུང་རིན་ཆེན་གཏེར་གྱུར་འཇིངས་ལས་ཐོན། །མ་སྨད་དཔལ་གྱི་ཆ་ཤས་ཡོངས་སུ་རྫོགས། །ཀུན་ལ་ཕན་པའི་འོད་ཟེར་འབུམ་འགྱེད་དེས། །སྐལ་བས་དམན་པ་ཁ་ཅིག་ལོང་བར་བྱས། །སྐབས་མིན་བསྟོད་པ། དྲག་ཞན་མང་པོའི་འགྲོག་ལུགས་མི་དགོས་པས། །མཐོ་དམའ་གང་དུ་འཕུར་ཀྱང་རྗེས་གཅོད་མེད། །བདེ་བས་ཡིད་མྱོས་མགྲིན་པའི་རྫ་རྔ་སྒྲོག །དཀར་མཛེས་ངང་མོ་དེ་ཡི་སྐྱིད་པ་ལ། །མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད། འཇམ་དབྱངས་ཞི་ཁྲོའི་རོལ་གར་ཙོང་ཁ་པས། །གདུག་ཅན་རྒྱ་འདྲེ་བཏུལ་ལ་ངོ་མཚར་ཅ། །ཤཱཀྱ་སེང་གེ་དེ་ཡིས་ས་སྟེང་གི །བདུད་རིགས་མ་ལུས་ཅིག་ཅར་བཅོམ་མིན་ནམ། །དཔའ་བ་ཕུན་ཚོགས་ཀྱི་


GTD007_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཟོལ་བསྟོད། རྒོལ་ངན་ལོག་པར་སྨྲ་བ་སྟོང་གི་མགོ །རིགས་པའི་གད་རྒྱངས་གཅིག་གིས་འགེམ་མཛད་པ། །དགེ་ལེགས་དཔལ་ཞེས་གྲགས་སྙན་སྒྲ་ཆེ་ཡང། །རྒོལ་ངན་དེ་སྙེད་འཇོམས་པ་སྡིག་རེ་ལྕ། །སྟོབས་ཕུན་ཚོགས་ཀྱི་སྦྱར་བའི་ཟོལ་བསྟོད། མི་ཡི་དབང་ཕྱུག་དཔལ་དང་གྲགས་པ་ན། །ཆུ་སྲིན་རྒྱལ་མཚན་ཀློང་དུ་མི་བགྲོད་ན། །ཅི་སླད་ཕ་མཐའ་མི་མངོན་དཔལ་གྱི་སྡེ། །ལོངས་སུ་སྤྱོད་པའི་ཁེངས་པ་འཛིན་པར་བྱེད། །མཆོག་གི་ངེས་བསྟན། གཙུག་རྒྱན་ནོར་བུའི་འོད་ཆགས་ཟུར་ཕུད་ལྔ། །གནག་སྣུམ་ཕྲ་ལ་ཤིག་ཤིག་གཡོ་བ་འདིས། །རྨོངས་པ་ཀུན་བསྲེགས་དུ་བའི་རི་མོ་བཞིན། །བློ་གྲོས་སྣང་བ་རྣམ་པར་བཀྲ་བ་མཚོན། །མཆོག་མིན་ངེས་བསྟན། རིན་ཆེན་གསེར་ལས་སྙེ་འུ་མི་ཙི་ཀའ། །ཟོང་གི་དགའ་སྟོན་ལྷག་པར་རྒྱས་པ་འདིས། །དྲང་པོའི་ལམ་བགྲོད་མཁས་པའི་སྐྱེ་བོ་ལས། །འབྱོར་ལྡན་བླུན་རྨོངས་ཀླད་ཆུང་བྲིན་པར་སྟོན། །ཡོན་ཏན་ལྷན་ཅིག་བརྗོད་པ། བརྟན་པའི་འཁོར་ལོ་དགྱེས་པའི་འཛུམ་དཀར་དང། །ངུར་སྨྲིག་འཆང་བའི་རོལ་གར་ལྷན་ཅིག་བསྟན། །དེ་ནས་འཇམ་མགོན་བླ་མའི་གྲགས་སྙན་དང། །ཐུབ་དབང་བསྟན་པའི་སྙིང་པོ་ལྷན་ཅིག་རྒྱས། །བྱ་བ་ཐ་དད་པའི་ལྷན་ཅིག་བརྗོད་པ། ཡིད་ལ་དབྱངས་ཅན་དྲན་པའི་མོས་གུས་དང། །ལྷན་ཅིག་ཀུན་གསལ་ལམ་དུ་ཟླ་ཟེར་རྒྱས། །སྐྱེད་ཚལ་དབུས་སུ་སྦྲང་རྩིའི་སྙེ་མ་དང། །ལྷན་ཅིག་སྤྱི་བོར་ལག་པའི་འདབ་མ་ཟུམ། །བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ། གདུལ་བྱའི་བློ་མུན་སེལ་བ་འཆད་པའི་དཔལ། །སྨྲ་ངན་སྤོབས་


GTD007_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕྲོག་བྱེད་རྩོད་པའི་ངག །མཁས་པའི་ཡིད་འཕྲོག་རྩོམ་པའི་དགའ་སྟོན་གསུམ། །ལྷན་ཅིག་སྒྲུབ་པས་ཐུབ་བསྟན་ཉིན་མོར་བྱས། །ཡོངས་བརྗེས་ཀྱི་རྒྱན་ནི། རིས་མེད་བསིལ་ལྗོངས་འགྲོ་ལ་འཕྲིན་ལས་ཀྱི། །དགའ་སྟོན་བཀྱེ་བས་དེ་དག་གཙུག་གི་ནོར། །ཞབས་ཟུང་འཁོར་ལོའི་རྒྱན་དུ་འཕྲོག་མཛད་པ། །ཕྱག་ན་པདྨོ་བློ་བཟང་རྒྱ་མཚོའི་སྡེ། །ཤིས་པ་བརྗོད་པའི་རྒྱན་ནི། གནས་རྣམས་ཀུན་ལ་གཟིགས་པ་ཆགས་ཐོགས་བྲལ། །ལུས་ཅན་ཡོངས་ལ་བརྩེ་བས་བུ་བཞིན་དགོངས། །བདུད་རིགས་རྩད་ནས་གཞོམ་པའི་མཐུ་མངའ་བ། །བློ་བཟང་རྒྱལ་བའི་དབང་པོས་ཁྱོད་ལ་སྲུངས། །གཅིག་ལ་གཅིག་བསྟེན་གྱི་རབ་སྤེལ། ཉ་གང་ཟླ་བ་ལ་འཁུ་དབྱངས་ལྡན་མའ། །ཞལ་དཀྱིལ་འོ་མའི་ཆུ་གཏེར་འཛུམ་རླབས་ཀྱིས། །འཆི་མེད་ན་ཆུང་ཚོགས་ཀྱི་སྙེམ་པ་ན། །མཚར་སྡུག་ལང་ཚོའི་དཔལ་དང་ལྷན་ཅིག་འཕྲོགས། །སྟོབས་མཚུངས་རབ་སྤེལ་ནི། མཛེས་སྐུའི་ལྷུན་པོ་མཚན་དཔེའི་དཔལ་གྱིས་བརྗིད། །གསུང་སྙན་དྲི་ཟའི་རྒྱུད་མངས་རྗེས་སུ་འགྲོ། །གནས་ལུགས་གཟིགས་པས་སྲིད་མཚོ་འདར་མཛད་པ། །བཤེས་གཉེན་དམ་པས་དུས་ཀུན་སྐྱོང་གྱུར་ཅིག །ཟུང་ལྡན་རྐང་པ་དང་པོར་ཡོད་པ། ལམ་ལམ་འབར་བ་རལ་གྲིའི་རྣོ་རྒྱུན་གྱིས། །ཀུན་ཏུ་རྨོངས་པའི་དྲ་བ་གཅོད་མཛད་པ། །དཔལ་ལྡན་བརྟན་པའི་འཁོར་ལོའི་གཟི་བྱིན་གྱིས། །བློ་གྲོས་འདབ་བརྒྱ་ཁོང་ནས་རྒོད་པར་


GTD007_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །གཉིས་པར་ཡོད་པ། བགྲང་ཡས་རྒྱལ་བའི་གསུང་གི་གསང་བ་ཀུན། །སྙན་སྙན་རྒྱུད་དུ་འཁྲོལ་བའི་དབྱངས་ལྡན་མ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་འོ་མཚོ་རུ། །རྟག་པར་བཞུགས་ལ་ངག་གི་དཔལ་གྲུབ་མཛོད། །གསུམ་པར་ཡོད་པ། རིགས་བརྒྱའི་དཀྱིལ་འཁོར་འདབ་འཕྲེང་སྤྲོ་བའི་གཞ། །ཟུང་འཇུག་སྙིང་པོར་འཆང་བའི་རྡོ་རྗེ་འཛིན། །དུང་དུང་གུས་པའི་ཡིད་ཀྱིས་ཉེར་བསྟེན་ན། །མཆོག་ཐུན་གྲུབ་པའི་དགའ་སྟོན་ཆར་དུ་འབེབ། །བཞི་པར་ཡོད་པ། གང་གི་ཐུགས་རྗེ་འཆི་མེད་སྒེག་མོ་ཡི། །འགྲམ་ཆང་གཟེགས་མའི་ཆ་ཡིས་བྲན་པ་ན། །རྨོངས་པས་ཉེར་བཅིངས་བདག་བློའི་བ་ཀུ་ལ། །ལྷག་ལྷག་བཞད་པའི་དཔལ་སྟེར་དྲིན་ཅན་རྗེ། །དང་པོ་གཉིས་ལ་ཡོད་པ། ཁྱུག་ཁྱུག་རྩེན་པའི་གར་གྱི་རོལ་པ་དང། །ལྷང་ལྷང་སྙན་པའི་གླུ་དང་རོལ་མོ་སོགས། །ངོ་མཚར་དཔལ་ཀུན་རྫོགས་པ་རྒྱལ་པོའི་ཁབ། །འཆི་མེད་བདག་པོའི་ཁང་བཟང་དཔལ་ལ་འཁུ། །དང་པོ་དང་གསུམ་པར་ཡོད་པ། ལྡེམ་ལྡེམ་མངོན་པར་བཞད་པ་པདྨོའི་ཚལ། །འདབ་འཕྲེང་གེ་སར་རྒྱས་པའི་བ་གམ་ངོས། །དིར་དིར་སྙན་པའི་གླུ་དབྱངས་ལེན་པ་ཡི། །རྐང་དྲུག་འཕྲེང་བ་དལ་གྱིས་འཁོར་ཞིང་རྒྱུ། །དང་པོ་དང་བཞི་པར་ཡོད་པ། ཡང་ཡང་རྙེད་དཀའ་དལ་འབྱོར་དབང་གི་རྒྱལ། །དོན་གཉིས་ལེགས་པའི་དཔྱིད་འཇོ་འདི་ཐོབ་ཚེ། །ལྟར་སྣང་སྲིད་པའི་བདེ་ལ་མ་ཆགས་པར། །མྱུར་མྱུར་ཆོས་ཀྱི་སྙིང་པོ་ལེན་པར་རིགས། །གཉིས་པ་དང་གསུམ་པར་ཡོད་པ།


GTD007_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀར་ཆུ་འཛིན་ལང་ལོང་གཡོ་བའི་དབུས། །ལྷུང་ལྷུང་དབྱར་གྱི་རྔ་གསང་སྙན་སྒྲོགས་ཤིང། །སིམ་སིམ་སྦྲང་ཆར་སྙོམས་པར་འབེབ་པ་ཡི། །དབྱར་གྱི་དུས་སྟོན་གསར་པའི་རབ་དགའ་རྒྱས། །གཉིས་པ་དང་བཞི་པར་ཡོད་པ། འཕགས་བོད་མཁས་པའི་གཞུང་གི་དཀའ་གནས་ལ། །ཡང་ཡང་འབད་པའི་ལུས་སེམས་ངལ་བྱས་ཀྱང། །ཆོས་དོན་འབྱེད་པའི་བློ་དང་མི་ལྡན་ན། །ཕྱིར་ཕྱིར་རྨོངས་པའི་དྲ་བ་ཉིད་དུ་འཆིང། །གསུམ་པ་དང་བཞི་པར་ཡོད་པ། འོ་མའི་མཚོ་ནང་པད་དཀར་ཟླ་གདན་ལ། །རྣམ་རོལ་སྨྲ་བའི་རྒྱལ་པོ་ངག་གི་ལྷ། །ལྡེམ་ལྡེམ་གཡོ་བ་རལ་པའི་ཐོར་ཅོག་རྩེར། །ལྷག་ལྷག་འོད་འབར་ནོར་བུའི་ཏོག་གིས་མཛེས། དང་པོ་གསུམ་ལ་ཡོད་པ། ལྷང་ལྷང་རྟ་སྐད་འཚེར་བས་སྲིད་གསུམ་འགེང། །འུར་འུར་རྔོག་མའི་གསེབ་ནས་མེ་རླུང་སྤྲོ། །འཇིགས་འཇིགས་གར་གྱི་ཉམས་བརྒྱའི་རོལ་པ་ཅན། །ཁྲོ་རྒྱལ་རྟ་མཆོག་རོལ་པས་དུས་ཀུན་སྲུངས། །དང་པོ་གཉིས་དང་བཞི་པར་ཡོད་པ། རང་རང་གཅེས་པར་འཛིན་པའི་དབང་གྱུར་ཏེ། །ཡང་ཡང་དྲིན་གྱིས་བསྐྱངས་པའི་མ་རྣམས་ལ། །ལོག་པར་བསྒྲུབས་པའི་ལས་ཀྱི་ཆུ་ཀླུང་གིས། །མང་མང་སྐྱེ་བོ་སྲིད་པའི་རྒྱ་མཚོར་ཁྱེར། །ཕྱི་མ་གཉིས་དང་དང་པོར་ཡོད་པ། ལྡིར་ལྡིར་འབྲུག་སྒྲ་དལ་གྱིས་རྒོད་པ་ན། །སྒྲོ་གདུགས་ཟླུམ་པོར་བསྐོར་བའི་མདོངས་མཐའ་རྣམས། །ལིང་ལིང་མཛེས་པའི་གར་སྟབས་བསྒྱུར་བྱེད་ཅིང། །ཧྲིག་ཧྲིག་


GTD007_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་བྱེད་སྤྲིན་སྔོན་ཁོངས་སུ་གཏོད། །ཕྱི་མ་གསུམ་ལ་ཡོད་པ། ཡོན་ཏན་རྩ་བ་བཤེས་གཉེན་ལེགས་བསྟེན་ནས། །ཟབ་ཟབ་དཀའ་བའི་གནད་ལ་མ་སྦྱངས་པར། །མང་མང་མཁས་པའི་མདུན་སར་འཆད་འདོད་པ། །ཤིག་ཤིག་འདར་བའི་དགའ་སྟོན་བསྒྲུབ་པར་ཟད། །བཞི་ཀར་ཡོད་པ། མཛེས་མཛེས་སྙིང་པོ་མ་ལུས་བསྡུས་པའི་སྐུ། །སྙན་སྙན་དྲི་ཟའི་འཇིག་རྟེན་རྫོགས་པའི་དབྱངས། །གསལ་གསལ་ཆོས་ཀུན་མ་འདྲེས་གཟིགས་པའི་ཐུགས། །ཡང་ཡང་བསྔགས་པར་འཚལ་ལོ་དབྱངས་ལྡན་མ། །ཆོད་པ་དང་པོ་གཉིས་ཀྱི་ཟུང་ལྡན། ལེགས་བཤད་ཉི་མ་འབར་བའི་འོད་སྣང་གིས། །ལེགས་བྱས་དཔལ་གྱི་འདབ་བརྒྱ་བཞད་པ་ན། །སྨྲ་བ་ངན་པའི་ཀུ་མུ་ད་ཚལ་ཀུན། །ཅིག་ཅར་ཟུམ་པའི་ངོ་མཚར་ཨེ་མ་རྨད། །དང་པོ་དང་གསུམ་པར་ཡོད་པ། རྣམ་འདྲེན་བུ་རམ་ཤིང་པའི་ཐུགས་ཀྱི་བཅུད། །ངན་རྟོག་འཁྲུལ་པའི་དྲི་མ་ཕྲ་མོས་ཀྱང། །རྣམ་པར་དག་པ་དགེ་ལྡན་ལུགས་བཟང་ཞེས། །གྲགས་པའི་བ་དན་སྲིད་པའི་ཁོང་ལས་བརྒལ། །དང་པོ་དང་བཞི་པར་ཡོད་པ། མཁས་རློམ་གླང་པོའི་ཀླད་འགེམ་ང་རོ་ཅན། །རྣམ་དག་རིག་པའི་ལུས་སྟོབས་རབ་རྒྱས་ཤིང། །གཞུང་ལུགས་འབུམ་སྡེའི་རལ་པ་གསིག་པ་ཡི། །མཁས་མཆོག་གདོང་ལྔའི་དབང་པོ་བསྔགས་པར་འོས། །བར་པ་གཉིས་ལ་ཡོད་པ། མཉེན་ལྕུག་ཕྱག་སོར་རྩེ་མོས་བསྐུལ་བ་ཡིས། །སྙན་འགྱུར་རྒྱུད་མངས་སྒྲ་དང་ལྷན་ཅིག་ཏུ། །སྙན་ཚིག་འདོད་པ་འཇོ་བའི་ངག་གི་ལྷ། །དབྱངས་


GTD007_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་ཕྱུག་མ་དེས་བདག་སྐྱོངས་ཤིག །གཉིས་པ་དང་བཞི་པར་ཡོད་པ། པུ་ལོ་མ་དགྲ་བདེ་འབྱུང་ཐ་གུའི་ལྟོ། །འཇིག་རྟེན་མེས་པོ་ལ་སོགས་དྲེགས་ལྡན་ཚོགས། །ཀུན་གྱི་གཙུག་རྒྱན་ནོར་བུས་ཞབས་བསྟེན་པ། །འཇིག་རྟེན་གསུམ་གྱི་མགོན་གྱུར་ཤཱཀྱའི་ཏོག །ཕྱི་མ་གཉིས་ལ་ཡོད་པ། རིས་སུ་མ་ཆད་ལུས་ཅན་མཐའ་དག་ལ། །བུ་གཅིག་ལྟ་བུར་བརྩེ་བའི་དབང་གྱུར་ཅིང། །ཤེས་རབ་མཆོག་གི་ཉིན་བྱེད་འོད་སྟོང་གིས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཅིག་ཅར་གསལ། །སྔ་མ་གསུམ་ལ་ཡོད་པ། དཀར་ཞིང་གསལ་བ་འོ་མའི་ཆུ་གཏེར་ངོགས། །དཀར་འཇམ་འདབ་སྟོང་རྩེ་ན་ཟླ་བའི་དབུས། །དཀར་མཛེས་བཅུ་དྲུག་ལང་ཚོའི་དཔལ་འབར་བ། །རྗེ་བཙུན་མཁྱེན་པའི་གཏེར་དེས་དགེ་ལེགས་སྩོལ། །དང་པོ་དང་གསུམ་པ་བཞི་པར་ཡོད་པ། སྨྲ་ངན་སྟོང་གི་དྲེགས་པའི་རལ་པ་ཀུན། །བདེན་གསུང་ཚིག་གིས་ས་ལ་བསྙིལ་མཛད་པ། །སྨྲ་དབང་ཡོངས་ཀྱི་གཙུག་གི་རྒྱན་གྱུར་བ། །སྨྲ་བ་ཟླ་མེད་འདྲེན་མཆོག་ཟས་གཙང་སྲས། །ཕྱི་མ་གསུམ་ལ་ཡོད་པ། འཇམ་དབྱངས་མཁྱེན་པའི་ཆུ་གཏེར་བསྲུབས་པའི་བཅུད། །བློ་བཟང་ལེགས་བཤད་ཉི་མའི་འོད་སྣང་གིས། །བློ་གྲོས་འདབ་བརྒྱའི་དགའ་ཚལ་བཞད་པ་ན། །བློ་ལྡན་རྐང་དྲུག་དགའ་བའི་གླུ་དབྱངས་སྒྲོགས། །བཞི་ཀར་ཡོད་པ། རྣམ་དག་ལམ་སྟོན་དགེ་བའི་བཤེས་ལ་བསྟེན། །རྣམ་མང་གཞུང་ལ་ངལ་བརྒྱས་ཞིབ་ཏུ་སྦྱངས། །


GTD007_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཀྲ་རིག་པས་ཡང་ཡང་དཔྱད་བྱས་ན། །རྣམ་འདྲེན་ཐུབ་པའི་དགོངས་པ་རྟོགས་པར་འགྱུར། །བཞི་ཀར་ཡོད་ཀྱང་རིགས་མི་གཅིག་པ། རབ་འབྱམས་གསུང་རབ་ཀུན་གྱི་དཀའ་གནད་ལ། །རབ་གསལ་བློ་ཡི་འཇུག་པ་ཐོགས་མེད་ཅིང། །ལེགས་བཤད་སྐྱེ་བ་ལྔ་པའི་སྒྲ་དབྱངས་ཀྱིས། །ལེགས་བྱས་ཁོར་ཡུག་ཡངས་པའི་ཁྱོན་ཀུན་འགེང། །དང་པོ་གསུམ་པ་དང་གཉིས་པ་བཞི་པར་འདྲ་བ། བདག་འཛིན་སྲད་བུས་དམ་དུ་བཅིངས་པ་རྣམས། །སྲིད་པའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་སླད། །བདག་མེད་གཏམ་གྱི་སེང་གེའི་སྒྲ་བསྒྲགས་ཚེ། །སྲིད་པའི་ཚང་ཚིང་མ་ལུས་འདར་བར་བྱེད། །ཐོག་མཐའ་གཉིས་འདྲ་ཞིང་བར་པ་གཉིས་འདྲ་བ། བསྟན་པའི་རྗེས་ཞུགས་རིམ་པ་མཐའ་ཡས་ཀྱང། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །རྒྱལ་སྲས་ཚུལ་བཟུང་འཇམ་མགོན་བླ་མ་ཡི། །བསྟན་པ་རིན་ཆེན་མཆོག་འདི་ཟླ་དང་བྲལ། །ཆོད་ཅིང་མ་ཆོད་པ་སྔ་མ་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ། ཟབ་ཟབ་མན་ངག་གནད་དུ་གྲགས་པ་ཅན། །ཟབ་ཟབ་གཏེར་གྱི་རྒྱ་ཡིས་བཅིངས་རྣམས་ལས། །མང་མང་རིམ་བྱོན་མཁས་པས་བསྟེན་པ་ཡི། །མང་མང་གཞུང་ལུགས་ཆེན་མོ་དེ་དག་ཟབ། །ཐོག་མཐའ་གཉིས་འདྲ་བར་བ་གཉིས་འདྲ། ཆིལ་ཆིལ་གཡོ་བའི་རླབས་འཕྲེང་དང་འགྲོགས་ཏེ། །ལིང་ལིང་ཟློས་གར་བསྒྱུར་བའི་ངང་མོ་རྣམས། །ལིང་ལིང་འཕུར་ཞིང་ལྡིང་བའི་གཤོག་རྩེ་ཡིས། །ཆིལ་ཆིལ་ལྦུ་བའི་


GTD007_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་མཁའ་ལ་འཐོར། །བཞི་ཀར་ཡོད་པ། ཆེམ་ཆེམ་རོལ་མོའི་བརྡ་ཡིས་སྤྱན་འདྲེན་ན། །ཆེམ་ཆེམ་ས་གསུམ་གཡོ་བའི་གོམ་སྟབས་ཀྱིས། །ཆེམ་ཆེམ་མྱུར་དུ་བྱོན་ལ་དགྲ་བགེགས་ཀུན། །ཆེམ་ཆེམ་ཐལ་བར་རློགས་ཤིག་ས་མ་ཡཿ །བཞི་ཀའི་དབུས་ཀྱི་ཆོད་ཅིང་མ་ཆོད་པ། བདེ་གཤེགས་གསུང་རབ་རབ་འབྱམས་དཀའ་གནད་ཀུན། །འབྱེད་པའི་མཁྱེན་རབ་རབ་རྒྱས་ཙོང་ཁ་པའི། །གང་གི་གསུང་རབ་རབ་གསལ་འོད་སྣང་གིས། །དྲི་མེད་ཤེས་རབ་རབ་རྒྱས་དགའ་སྟོན་ཐོབ། །ཆོད་པ་ཁོ་ན། ངོ་མཚར་ཀུན་དགའ་ཀུན་ནས་རྒྱས་པའི་དཔྱིད། །ཁོར་ཡུག་ཀུན་ཁྱབ་ཀུན་བཟང་མཛད་པའི་རླབས། །ལུས་ཅན་ཀུན་ལ་ཀུན་དགར་སྤྲོ་བའི་གཉེན། །འདྲེན་མཆོག་ཀུན་ལ་ཀུན་ནས་ཕྱག་བགྱིད་དོ། །བཞི་ཀའི་མཐའི་ཆོད་པ། ཀྱེ་མ་རྒྱལ་བའི་བསྟན་དང་མཇལ་བ་དཀོན། །མཇལ་ཀྱང་ཐོས་བསམ་ཚུལ་བཞིན་བྱེད་པ་དཀོན། །ཚིག་ཙམ་ཐོས་ཀྱང་ཉམས་ལེན་བྱེད་པ་དཀོན། །སྒྲུབ་ལ་ཞུགས་ཀྱང་མཐའ་རུ་འཁྱོལ་བ་དཀོན། །བཞི་ཀའི་མཐའི་ཆོད་ཅིང་མ་ཆོད་པ། སྡང་མིག་ཁོང་ལས་སྤྲོས་པའི་མེ་འུར་འུར། །དྲི་འཛིན་ལམ་དུ་འཁྲུག་པའི་རླུང་འུར་འུར། །ཞལ་ནས་དྲག་སྔགས་ང་རོའི་གདངས་འུར་འུར། །སྟངས་སྟབས་གར་གྱིས་རོལ་པའི་སྒྲ་འུར་འུར། །བར་མཐར་ཆོད་པ། རྣམ་གསལ་མར་མེའི་འོད་ཀྱིས་རང་ཁྱིམ་གསལ། །འོད་གསལ་རྟ་ལྗང་ཅན་གྱིས་འཇིག་རྟེན་གསལ། །ཟབ་གསལ་ཏིང་ངེ་འཛིན་གྱིས་དམིགས་


GTD007_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསལ། །དཀར་གསལ་དབྱངས་ཀྱི་རྒྱལ་མོས་བདག་ཡིད་གསལ། །བར་མཐའ་ཆོད་ཅིང་མ་ཆོད་པ། དབྱངས་ཅན་གསུང་སྙན་སྙན་པའི་དབྱངས་སྙན་སྙན། །གདུབ་འཁྲོལ་སིལ་སྙན་སྙན་པའི་སྒྲ་སྙན་སྙན། །རྒྱུད་མངས་སྐད་སྙན་སྙན་པའི་གདངས་སྙན་སྙན། །ཆོས་ཀྱི་གཏམ་སྙན་སྙན་སྒྲོག་གྲགས་སྙན་སྙན། །ཐོག་བར་དུ་ཆོད་པ། རྣམ་དཀར་ལེགས་བྱས་རྣམ་བརྒྱས་བསྐྲུན་པའི་སྐུ། །རྣམ་མང་ལེགས་བཤད་རྣམ་པར་སྒྲོག་པའི་གསུང། །རྣམ་པ་ཐམས་ཅད་རྣམ་ཀུན་གཟིགས་པའི་ཐུགས། །རྣམ་འདྲེན་དམ་པ་རྣམས་ལ་སྙིང་ནས་འདུད། །དང་པོ་དང་གསུམ་པའི་ཐོག་མཐའ་དང་གཉིས་བཞི་ཐོག་བར་གྱི་ཆོད་ཅིང་མ་ཆོད་པ། མཚར་མཚར་སྲིད་པའི་བདེ་འབྱོར་ངོ་མཚར་མཚར། །མཚར་མཚར་སྐད་ཅིག་ཡལ་བའི་མཚར་མཚར་པོ། །མཚར་མཚར་ད་དུང་སྒྲུབ་ལ་ཡིད་མཚར་མཚར། །མཚར་མཚར་བྱེད་པ་འདི་འདྲ་མཚར་མཚར་སྙམ། །བཞི་ཀའི་ཐོག་མཐའི་ཆོད་པ། སྙན་འགྱུར་རོལ་མོའི་ཁྲོད་ན་རྒྱུད་མངས་སྙན། །སྙན་པའི་གླུ་ལ་དྲི་ཟའི་མགུར་དབྱངས་སྙན། །སྙན་ཚིག་གཞུང་ལ་དནྜིའི་ལེགས་བཤད་སྙན། །སྙན་པ་ཀུན་ལས་རྒྱལ་བའི་གྲགས་པ་སྙན། །བཞི་ཀའི་ཐོག་མཐའི་ཆོད་ཅིང་མ་ཆོད་པ། གསལ་གསལ་ཉི་མའི་འོད་ཀྱིས་ཀུན་གསལ་གསལ། །གསལ་གསལ་ལྷ་ཡི་མདུན་སར་སྣང་གསལ་གསལ། །གསལ་གསལ་མེ་ལོང་ངོས་ན་གཟུགས་གསལ་གསལ། །གསལ་གསལ་ཡིད་མཚོར་དབྱངས་ཅན་དཀར་གསལ་གསལ། །གནས་གསུམ་ཀའི་ཆོད་པ། མཛེས་


GTD007_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞལ་ཁྱིམ་མཛེས་སྡུག་ལན་བུས་མཛེས། །མཛེས་པའི་ཐོར་ཚུགས་མཛེས་བྱེད་ཏོག་གིས་མཛེས། །མཛེས་སྡུག་རྒྱན་འཕྲེང་མཛེས་པར་བསྟར་བས་མཛེས། །མཛེས་པ་ཀུན་བསྡུས་མཛེས་ལྡན་ལྷ་མོ་མཛེས། །གནས་གསུམ་ཀའི་ཆོད་ཅིང་མ་ཆོད་པ། ལྡེམ་ལྡེམ་པད་དཀར་ལྡེམ་ལྡེམ་འདར་བ་དང་འགྲོགས་རླབས་འཕྲེང་སྔོ་ལྡེམ་ལྡེམ། །ལྡེམ་ལྡེམ་ངང་མོ་ལྡེམ་ལྡེམ་གཡོ་ཞིང་འཕུར་ལྡིང་རོལ་པའི་གར་ལྡེམ་ལྡེམ། །ལྡེམ་ལྡེམ་གོམ་འགྲོས་ལྡེམ་ལྡེམ་དལ་གྱིས་རྒྱུ་བའི་གཉིས་འཐུང་ལྷོད་ལྡེམ་ལྡེམ། །ལྡེམ་ལྡེམ་རྐྱལ་ཞིང་ལྡེམ་ལྡེམ་རྩེན་པའི་ན་ཆུང་བདེ་བའི་འགྱིང་ལྡེམ་ལྡེམ། །མཐའ་ཐོག་སྦྱར་བ། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །རྒྱན་དྲུག་མཆོག་གཉིས་གྲགས་པའི་བ་དན་མཆོག །མཆོག་ཏུ་མཛེས་པ་རྒྱ་གར་འཕགས་པའི་ཡུལ། །ཡུལ་གྲུ་ཕལ་པ་གཞན་གྱིས་དོ་ཟླ་མིན། །དང་པོ་གསུམ་པ་དང་གཉིས་པ་བཞི་པར་བཟླས་པ། དཀར་གསལ་.....ཟླ་བ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡིས། །མི་བཟད་.....འདོད་ལྡན་སྙིང་གི་གདུང་བ་སེལ་བར་བྱེད། །དཀར་གསལ་.....དབྱངས་ཅན་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡིས། །མི་བཟད་སྙིང་གི་.....བློ་ལྡན་གདུང་བ་སེལ་བར་བྱེད། །དང་པོ་གཉིས་པ་དང་གསུམ་པ་བཞི་པར་བཟླས་པ། མཛེས་ཤིང་ཡིད་འོང་ངང་.....ངང་མོ་པའི་བུ་མོ་


GTD007_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། །སྙན་འགྱུར་མགྲིན་རྔ་སྒྲོག་པས་ཀུན་དགར་བྱེད། །མཛེས་ཤིང་ཡིད་འོང་.....དབྱངས་ཅན་ངང་པའི་བུ་མོ་དཀར། །སྙན་འགྱུར་མགྲིན་རྔ་སྒྲོག་པས་ཀུན་དགར་བྱེད། །དང་པོ་བཞི་པ་དང་གཉིས་པ་གསུམ་པར་བཟླས་པ། མཁའ་ལ་དལ་གྱིས་རྒྱུ་བར་བྱེད། །རབ་དཀར་མདངས་ལྡན་གཉིས་སྐྱེས་.....ངང་པའི་རྒྱལ་པོ་རྒྱལ། །རབ་དཀར་མདངས་ལྡན་གཉིས་སྐྱེས་རྒྱལ། །མཁའ་ལ་དལ་གྱིས་རྒྱུ་བར་བྱེད། །.....ཟླ་བ། དང་པོ་གཉིས་པར་བཟླས་པ། ཐུབ་བསྟན་གངས་རི་སྐྱོང་བའི་གཉེན་གཅིག་པུ། །ཐུབ་བསྟན་གངས་རི་སྐྱོང་བའི་གཉེན་གཅིག་པུ། །འཇམ་མགོན་བླ་མ་བློ་བཟང་གྲགས་པའི་ཞབས། །སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ། །དང་པོ་གསུམ་པར་བཟླས་པ། མཐའ་བྲལ་ལམ་བཟང་ཇི་བཞིན་གསལ་མཛད་པ། །འཕགས་མཆོག་ཀླུ་སྒྲུབ་སྨྲ་བ་བླ་ན་མེད། །མཐའ་བྲལ་ལམ་བཟང་ཇི་བཞིན་གསལ་མཛད་པ། །འཇམ་མགོན་བླ་མ་གངས་ཅན་བསྟན་པའི་བདག །དང་པོ་བཞི་པར་བཟླས་པ། རྣམ་འདྲེན་རྒྱལ་བའི་གསུང་གི་གསང་མཛོད་འཛིན། །མཐུ་སྟོབས་དབང་ཕྱུག་བཅོམ་ལྡན་གསང་བའི་བདག །མི་བརྗེད་གཟུངས་ཐོབ་གནས་བརྟན་དགའ་བོ་ཡང། །རྣམ་འདྲེན་རྒྱལ་བའི་གསུང་གི་གསང་མཛོད་འཛིན། །གཉིས་པ་གསུམ་པར་བཟླས་པ། རྒྱལ་ཀུན་ཡབ་གཅིག་རྒྱལ་སྲས་གཞོན་ནུའི་ཚུལ། །འཛད་མེད་ངག་གི་འདོད་པ་འཇོ་བའི་ལྷ། །འཛད་མེད་ངག་གི་འདོད་པ་འཇོ་བའི་ལྷ། །རྒྱལ་ཡུམ་དབྱངས་ཀྱི་དབང་ཕྱུག་དགའ་མར་དགྱེས། །གཉིས་པ་བཞི་པར་བཟླས་པ། སྣ་ཚོགས་སྤྲུལ་བའི་རོལ་བ་ཕ་མཐའ་ཡས། །གདུལ་བྱའི་མོས་པ་ཇི་བཞིན་


GTD007_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་འཆར། །དེ་བཞིན་གསུང་གཅིག་ཉིད་དུ་གསུངས་པ་ཡང། །གདུལ་བྱའི་མོས་པ་ཇི་བཞིན་ཅིར་ཡང་འཆར། །གསུམ་པ་བཞི་པར་བཟླས་པ། བླ་མ་མགོན་པོ་གཉིས་སུ་མ་མཆིས་པར། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་འདེབས་ན། །ལས་ཉོན་བར་ཆད་མ་ལུས་བསལ་དུ་གསོལ། །ལས་ཉོན་བར་ཆད་མ་ལུས་བསལ་དུ་གསོལ། །དང་པོ་གཉིས་གསུམ་དུ་བཟླས་པ། དེང་ནས་བྱང་ཆུབ་བར་གྱི་སྐྱབས་མཛོད་ཅིག །དེང་ནས་བྱང་ཆུབ་བར་གྱི་སྐྱབས་མཛོད་ཅིག །དེང་ནས་བྱང་ཆུབ་བར་གྱི་སྐྱབས་མཛོད་ཅིག །སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་གསུམ། །དང་པོ་དང་གསུམ་པ་དང་བཞི་པར་བཟླས་པ། རྣམ་པར་དཀར་ཞིང་རབ་མཛེས་ཀུན་དགའི་དཔྱིད། །པད་དཀར་ཇི་བཞིན་ཟླ་དང་དབྱངས་ཅན་ཡང། །རྣམ་པར་དཀར་ཞིང་རབ་མཛེས་ཀུན་དགའི་དཔྱིད། །རྣམ་པར་དཀར་ཞིང་རབ་མཛེས་ཀུན་དགའི་དཔྱིད། །གཉིས་པ་གསུམ་བཞིར་བཟླས་པ། མགོན་ཁྱོད་ཡི་དམ་ཆོས་སྲུང་མཁའ་འགྲོ་རུ། །བསྟེན་ནོ་དེ་བཞིན་བདག་གི་སྐྱབས་མཛོད་ཅིག །བསྟེན་ནོ་དེ་བཞིན་བདག་གི་སྐྱབས་མཛོད་ཅིག །བསྟེན་ནོ་དེ་བཞིན་བདག་གི་སྐྱབས་མཛོད་ཅིག །ལན་བཞིར་བཟླས་པ། དབང་མཆོག་དེ་ཡིས་གོང་དུ་སྨིན་པར་བྱེད། །དབང་མཆོག་དེ་ཡིས་གོང་དུ་སྨིན་པར་བྱེད། །དབང་མཆོག་དེ་ཡིས་གོང་དུ་སྨིན་པར་བྱེད། །དབང་མཆོག་དེ་ཡིས་གོང་དུ་སྨིན་པར་


GTD007_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཚིགས་བཅད་བཟླས་པ། ཡོན་ཏན་.....སྔོན་བསགས་བསོད་ནམས་དགེ་བའི་མཐུ་ལས་བྱུང། །སྡེ་བཞིའི་ཕུན་ཚོགས་སྒྲུབ་པའི་གཞི་དང་རྟེན། །སྐྱེ་བོ་རྣམས་ཡིད་མངོན་བར་དགའ་བྱེད་ཅིང། །གང་ལ་ལྡན་པ་དེ་ཡི་དོན་རྣམས་འགྲུབ། །ནོར་.....སྔོན་བསགས་བསོད་ནམས་དགེ་བའི་མཐུ་ལས་བྱུང། །སྡེ་བཞིའི་ཕུན་ཚོགས་སྒྲུབ་པའི་གཞི་དང་རྟེན། །སྐྱེ་བོ་རྣམས་ཡིད་མངོན་པར་དགའ་བྱེད་ཅིང། །གང་ལ་ལྡན་པ་དེ་ཡི་དོན་རྣམས་འགྲུབ། །ཟུང་ལྡན་ཆེན་པོ། དགོས་འདོད་.....དཔག་བསམ་ཀུན་འབྱུང་དགོས་འདོད་ཀུན་འབྱུང་.....ནོར་བུ། །སྨོན་ལམ་.....དགོས་འདོད་ཀུན་འབྱུང་དགོས་འདོད་ཀུན་འབྱུང་.....བྱང་ཆུབ་ཀྱི་སེམས། །སངས་རྒྱས་.....དགོས་འདོད་ཀུན་འབྱུང་དགོས་འདོད་ཀུན་འབྱུང་.....ཆོས། །དགེ་འདུན་.....དགོས་འདོད་ཀུན་འབྱུང་དགོས་འདོད་ཀུན་འབྱུང་.....བླ་མ། །ཡང་ན། ཆགས་པ་.....རྟེན་བྱང་སེམས་མེད་པ་ཆགས་.....ལོངས་སྤྱོད་ལ་པ་མེད། །ཆགས་པ་.....ཕྱི་བཤོལ་མེད་པ་ཆགས་.....ཆོག་འཛིན་པ་མེད། །ཆགས་པ་མེད་པ་.....ལན་ཆགས་པ་.....རྣམ་སྨིན་མེད། །ཆགས་པ་མེད་པ་.....རྣམ་རྟོག་ཆགས་པ་མེད་.....རྣམ་གཡེང་། །འདྲེས་པའི་ཟུང་ལྡན། །ཨེ་མ་ངག་ལ་ངག་གི་དཔལ་སྟེར་མ། །མ་ཁྱོད་འགྲིགས་འགྲིགས་ཚིག་གི་སྦྱོར་བ་ཀུན། །ཀུན་དགར་འཇོ་བས་ལོངས་སྤྱོད་འཁོར་ལོ་མཆོག །མཆོག་ཏུ་གྲུབ་པའི་དགའ་སྟོན་གྲུབ་པར་མཛོད། །རྐང་པ་བཟློག་པ། རྒྱལ་སྲས་རྒྱལ་བ་དམ་པ་འདྲེན་མཆོག་མཁས། །མཁས་མཆོག་འདྲེན་པ་དམ་པ་རྒྱལ་སྲས་རྒྱལ། །ལྷ་ཡི་ལྷ་མཆོག་སྐྱབས་


GTD007_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་འགྲོ་འདྲེན་རྣམས། །རྣམ་འདྲེན་འགྲོ་མགོན་སྐྱབས་མཆོག་ལྷ་ཡི་ལྷ། །ཚིགས་བཅད་ཕྱེད་བཟློག །དཀར་ཞིང་མཛེས་ལྡན་དབྱངས་མཆོག་ལྷ་མོ་སྒེག །གཟུགས་མཛེས་རབ་བཀྲ་རྣམ་མང་རྒྱན་སྡུག་མཚར། །མཚར་སྡུག་རྒྱན་མང་རྣམ་བཀྲ་རབ་མཛེས་གཟུགས། །སྒེག་མོ་ལྷ་མཆོག་དབྱངས་ལྡན་མཛེས་ཤིང་དཀར། །རང་པོར་བཟློག་པ། མཆོག་གྱུར་དཔལ་ལྡན་དགེ་ལེགས་བདེ་སྟེར་མཆོག །མཆོག་བརྙེས་གྲུབ་དབང་སྨྲ་ལ་མཁས་ཤིང་བཙུན། །བཙུན་ཞིང་དུལ་བ་སྤྱོད་ཚུལ་ཚད་ལྡན་མཛེས། །མཛེས་ལྡན་ཁྲིམས་དག་རྣམ་ཀུན་སྐྱོན་བྲལ་བརྗོད། །བརྗོད་བྲལ་སྐྱོན་ཀུན་རྣམ་དག་ཁྲིམས་ལྡན་མཛེས། །མཛེས་ལྡན་ཚངས་ཚུལ་སྤྱོད་པ་དུལ་ཞིང་བཙུན། །བཙུན་ཞིང་མཁས་ལ་སྨྲ་དབང་གྲུབ་བརྙེས་མཆོག །མཆོག་སྟེར་བདེ་ལེགས་དགེ་ལྡན་དཔལ་གྱུར་མཆོག །དབྱངས་ཨ་ཨོ་ཨེ་ཨུར་བཞིར་ངེས་པ། གང་ལ་རབ་དང་ལྡན་པ་མཐའ་དག་ལ། །བློ་གྲོས་དངོས་པོ་མཆོག་སྩོལ་འཁོར་ལོའི་མགོན། །དགེ་ལེགས་གཏེར་ཆེན་སྤེལ་བྱེད་ཡེ་ཤེས་ཆེ། །ཕུལ་བྱུང་ལྷུན་གྲུབ་དུས་གསུམ་ཀུན་ཏུ་འཇུག །ཨི་ཨ་ཨེ། དཀར་གསལ་ཆ་ཤས་རབ་གང་དབྱངས་ཅན་ཞལ། །


GTD007_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་སྙིང་དཀྱིལ་ཏིང་འཛིན་པིར་གྱིས་བྲིས། །རྣམ་པ་ཐམས་ཅད་བཟླས་པ་ལ་འབད་ན། །བདེན་ཞེན་སྲེག་བྱེད་ཡེ་ཤེས་མེ་ཆེན་སྤེལ། །ཨ་ཨུ་གཉིས་སུ་ངེས་པ། ཡང་དག་ལྟ་བ་གསལ་བར་མཛད་པ་ལ། །ཕུལ་བྱུང་ཀླུ་སྒྲུབ་གཞུང་ཀུན་ཐུགས་སུ་ཆུད། །ངག་ལ་དབང་མཛད་འཇམ་དབྱངས་བླ་མ་གང། །མུན་འཁྲུལ་དྲུངས་ཕྱུང་ཚུལ་ལུགས་ཟུར་དུ་བཟུང། །ཨ་གཅིག་པུར་ངེས་པ། རྟག་ཆད་མཐའ་ལས་འདས་པ་ཡང་དག་ལམ། །ཡང་ཡང་བསམ་པས་ལྟ་ངན་རང་སར་འགག །གནད་རྣམས་མཐའ་དག་ལམ་ལམ་ཤར་བ་ན། །དགའ་དང་དད་པས་རབ་གང་ཨ་ལ་ལ། །བཀྲ་ཤིས།། །


previousསྙན་དངགས་ཀྱི་དཔེར་བརྗོད་རྩོམ་འཕྲོ་ཅན།no next