Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ཁྱབ་བདག་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསང་བའི་རྣམ་ཐར།
  
  
  
  
  
  
  
 
 
  
  
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousཁྱབ་བདག་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསང་བའི་རྣམ་ཐར།next

ཁྱབ་བདག་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསང་བའི་རྣམ་ཐར།


GTD007_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསང་བའི་རྣམ་པར་ཐར་པ་ཡོན་ཏན་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། དཔལ་ལྡན་ཚོགས་གཉིས་བྱེད་པོའི་མཐར་སོན་པས། །སྐུ་དང་ཡེ་ཤེས་དབྱེར་མེད་རྫོགས་བྱང་ཆུབ། །རྟག་པའི་འཕྲིན་ལས་འགྲོ་བའི་དཔལ་གྱུར་པ། །བླ་མ་དང་པོའི་མགོན་པོ་རྒྱལ་གྱུར་ཅིག །དངོས་ཀུན་སྟོང་པར་ཞུ་བའི་བདེ་བ་ཆེ། །ངེས་པ་ལྔ་ལྡན་གཟུགས་སྐུའི་རོལ་བ་ལས། །སླར་ཡང་བྱེ་བ་ཕྲག་བརྒྱའི་སྒྱུ་འཕྲུལ་གར། །བརྟན་གཡོ་ཀུན་ཁྱབ་འཇུག་པ་བླ་ན་མེད། །ཡེ་ཤེས་མཁའ་ལྡིང་དབང་པོར་གྲུབ་པའི་བྱིན། །བསྟན་པའི་མཁའ་མཐར་རོལ་པའི་ཤུགས་འཆང་ཞིང། །བརྩེ་ཆེན་མིག་དམར་སྒྲོན་མེའི་གཟི་འབར་བ། །སྲིད་པ་རླུང་གི་ཟས་ཅན་ཟས་སུ་བྱེད། །བསྟན་པ་རྫོགས་ལྡན་སྤྲིན་གྱི་གདེངས་ཀ་ལ། །རྣམ་འབྱེད་བདེ་འཐུང་དྲ་བས་འཁྱུད་པའི་གར། །སྙན་པར་གྲགས་པའི་རྔ་གསང་ཕྱོགས་བྲལ་དུ། །རྒོད་


GTD007_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ང་རོ་འོག་མིན་གནས་སུ་ལྡིར། །འཇིག་རྟེན་མཁྱེན་པ་ཉིན་མོར་བྱེད་པ་ཡིས། །མ་བཟུང་ཆེར་སྙིགས་ཐུན་གསུམ་མཚན་མོའི་སྨག །ཐུགས་རྗེའི་སྣང་བ་རལ་གྲིའི་རྣོ་རྒྱུན་གྱིས། །གཅོད་ལ་མཉམ་མེད་ཟླ་བ་རྒྱལ་བའི་སྲས། །ཐུགས་བསྐྱེད་དཔྱིད་ཀྱི་དཔལ་མོས་རྣམ་པ་བརྒྱར། །བསྐྱེད་བསྲིང་དབྱར་གྱི་ལང་ཚོ་མངོན་དགའི་དཔལ། །བསྟན་དང་འགྲོ་ལ་སྨན་དགུའི་མཛད་བཟང་གི །རྩི་སྨན་རིགས་ཀྱི་དབྱེ་བ་བསམ་ལས་འདས། །གང་གི་གསང་གསུམ་འཁོར་ལོ་ནམ་མཁའི་ཚད། །འཇིག་རྟེན་འཛིན་མའི་མཐའ་དང་དམིགས་མེད་དུ། །མཉམ་ཕྱིར་སྨྲ་བའི་རྒྱལ་པོ་མཐའ་དག་ཀྱང། །དུམ་བུར་བསྔགས་པའི་མེ་ཏོག་སིལ་མ་འཐོར། །ན་ཚོད་སྤྲིན་གྱི་རྒྱ་ལས་སྔོན་གནས་ཀུན། །ཐུན་ཚོད་གཞན་བཞིན་རྗེས་དྲན་དབྱངས་སྒྲོགས་པ། །དེ་ཚེ་མངོན་མཁྱེན་མདོངས་མཐས་རོལ་པ་ཀུན། །རྗེས་མཐུན་ལུང་གི་གྲེ་འགྱུར་ཀུན་ནས་འཚེར། །དགོན་གནས་རྟེན་དང་བརྟེན་པའི་ཁྱད་པར་སོགས། །མཐོང་བའི་ཆོས་ལས་མ་གཡོས་དུ་མས་ཀྱང། །བརྗེད་ངས་ལམ་དུ་སྟོར་རྣམས་ལེགས་གསུངས་ཚེ། །ངོ་མཚར་དད་པའི་པདྨ་འབུམ་དུ་བཞད། །འཇིགས་རུང་གཡུལ་གྱི་ཀླུང་ཆེན་བྲུབས་པ་ན། །ཁྱོད་ཀྱི་ཐུགས་རྗེའི་བྲག་རིར་འཆེལ་བ་ཡི། །བགྲང་ལས་སྐྱེ་བོར་སྲོག་གི་མཆོག་སྦྱིན་གྱིས། །གཞན་ཕན་ཐུགས་བསྐྱེད་འབྲས་བཟང་ངང་གིས་སྨིན། །ཡེ་ཤེས་ཟུར་ཕུད་ལྔ་པ་མི་ཡི་ལྷས། །ལང་ཚོ་ཁ་འབུས་མེ་ཏོག་གཞོན་ནུའི་རྒྱན། །ཐོད་བཅིངས་དགའ་བ་བརྒྱ་བའི་དཔལ་ཐོབ་ཚེ། །དྲེགས་ལྡན་ཉེ་དབང་བྱེ་བས་ཅིག་ཅར་བཏུད། །གཞོན་ནུའི་ལུས་ཅན་རྒྱལ་ཀུན་མེས་པོའི་བློ། །གང་ཞིག་རིགས་


GTD007_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རལ་གྲི་གདེངས་པ་ན། །རིང་དུ་སྦྱངས་པའི་ཡུས་ཀྱིས་རྟོག་གེའི་ཚོགས། །སྙིང་དང་ལྷན་ཅིག་ལྕེ་རྩེ་ལྐོག་མར་བྲོས། །ཟབ་ཅིང་རྒྱ་ཆེ་ཤིང་རྟ་ཆེན་པོའི་གཞུང། །རང་རྒྱུད་ཤར་གསུམ་སྡེ་བདུན་མདོ་དང་བཅས། །ཐོགས་མེད་གཟིགས་པའི་མཁྱེན་རབ་རྩེ་བརྒྱ་ཡིས། །སྨྲ་ངན་སྦྱིན་སྐྱེས་རྒོལ་བའི་སྤོབས་པ་བཅོམ། །རྨི་ལམ་ཟོལ་བརྟེན་ཡབ་གཅིག་ངག་གི་ལྷ། །ཡེ་ཤེས་མགོན་དང་སིང་ཧ་མུ་ཁ་སོགས། །གེགས་མེད་འཕྲིན་ལས་སྣང་བས་ས་གསུམ་དུ། །དགེ་ལེགས་སྦྱིན་པའི་སྐལ་བཟང་ཉེ་བར་མཚོན། །ཁྱད་པར་འདོད་པའི་གྲངས་ཀྱི་བགྲང་བྱའི་ཚེ། །འཇམ་དཔལ་སྙིང་པོས་རྟེན་འབྱུང་སེང་གེའི་རྒྱུད། །རྣམ་པར་འཁྲོལ་བས་དངོས་འཛིན་གཟིངས་བཅོམ་སྟེ། །མཐའ་བྲལ་ལྟ་བའི་གནས་ལུགས་རྗེན་པར་གཟིགས། །དབུ་ཚད་སེང་གེ་མཇིང་བསྣོལ་རིགས་གཞུང་གིས། །རིང་ནས་དངོས་པོར་ཞེན་པ་བག་ཆགས་བཅས། །སྦྱོང་བྱེད་རྒྱལ་བ་དགྱེས་པའི་ལམ་གཅིག་པུར། །མཐོང་བ་ཐ་མའི་དུས་འདིར་ཁྱོད་གཅིག་པུ། །འཁོར་ལོའི་མགོན་པོ་ཆོས་ཀྱི་རྒྱ་མཚོ་ལས། །དུས་དགྲའི་སྨིན་བྱེད་ནོར་བུའི་མཛོད་བླངས་ཚེ། །ལྟ་བའི་རྟ་གདོང་མེ་དང་བདེ་བ་ཆེ། །ཕྲད་པས་དགའ་བ་མཚོན་བྱེད་བདུད་རྩིར་འཕྱུར། །དངོས་གྲུབ་རྩ་བར་བྱང་ཆུབ་རྡོ་རྗེ་ཡིས། །བསྔགས་པ་གང་ལས་ནམ་ཡང་མི་གཡོ་བར། །ངེས་དོན་ལྷ་བརྒྱའི་སྣང་བ་འགོག་མེད་ལ། །ཕྱི་རོལ་གཟིགས་སྣང་ངོ་མཚར་སྙིང་པོ་མིན། །དགེ་ལྡན་བསྟན་པའི་སྲུང་མ་ཉི་མའི་བུས། །བགེགས་དཔུང་གཞོམ་སོགས་འབྱུང་འགྱུར་གཟིགས་པ་ཀུན། །མ་འཁྲུལ་རྨི་ལམ་སྣང་བར་


GTD007_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ཡིས། །ཏིང་འཛིན་སྒྱུ་མའི་རོལ་པར་འཇུག་ཅིང་ལྡང། །བློ་བཟང་བསྟན་པ་ཉི་མའི་འོད་རླབས་ཀྱིས། །ཤེས་རབ་དར་དྲགས་འདབ་མ་རྒྱས་པའི་རྩེར། །བློ་བཟང་ཆོས་ཚུལ་སྦྲང་རྩིའི་བཅུད་འཛིན་ཡང། །ད་དུང་བཤེས་གཉེན་ཚོལ་ལ་ནོར་བཟང་བཞིན། །དེ་ཚེ་འཇམ་དབྱངས་བླ་མས་རྟེན་འབྲེལ་སྒོ། །ཕྱེ་སྟེ་རྒྱལ་བའི་དབང་པོ་ཡོངས་འཛིན་བཅས། །ཞལ་སྐྱིན་ཕོ་ཉར་མངགས་ནས་མགོན་ཁྱོད་ལ། །མདོ་སྔགས་ཆོས་ཀྱི་རྒྱལ་སྲིད་རྫོགས་པར་གཏད། །ཀ་མ་རཱུ་པར་བླ་མ་ཧེ་རུ་ཀ། །དཔའ་བོ་མཁའ་འགྲོའི་ཚོགས་བཅས་མངོན་སུམ་དུ། །ཚིམ་པ་དྲུག་ལྡན་དགའ་བས་རོལ་མཛད་ཀྱང་། །ཕྱི་རོལ་འཇའ་ཚོན་སྣང་བས་བྱིས་པ་བྲིད། །དྲང་ངེས་རྒྱུ་འབྲས་ཐེག་པའི་ཆུ་ཀླུང་འབུམ། །སྐྱེས་སྦྱངས་རྣམ་དཔྱོད་ཧུབ་ཀྱིས་དྲངས་པའི་བཅུད། །དགེ་ལྡན་རང་ལུགས་འཆད་རྩོད་རྩོམ་གསུམ་གྱི། །བདུད་རྩིར་འབེབས་པ་ས་གསུམ་སྐྱེ་དགུའི་གསོས། །ལྷ་ཆོས་བདུན་ལྡན་བཀའ་གདམས་གཙང་མའི་སྲོལ། །དུས་མཐར་འགག་མེད་སྲོག་ཏུ་ཁྱོད་གཟིགས་ནས། །རྒྱལ་བའི་འབྱུང་གནས་གསང་བ་ཌཱ་ཀིའི་ཚོགས། །འཛུམ་ཞལ་མངོན་གྱུར་དགྱེས་པའི་བརྡ་ཐབས་བསྟན། །ལྟ་བས་རྒྱས་བཏབ་རིམ་གཉིས་གསང་བའི་མཛོད། །མ་ཚང་མེད་པར་འཛིན་ཅིང་སྤེལ་བ་ཡིས། །དབང་པོའི་ཏོག་ལས་གཡར་དམ་ཐོད་བཅིངས་པ། །སྙིང་སྟོབས་ཆེན་པོའི་མཆེད་ཟླ་ཁྱོད་མིན་སུ། །སོར་རྟོག་རང་མདངས་མ་རུ་ཙེ་ཡི་བདག །ཙི་ནའི་ཡུལ་སྐྱོང་སྤྲིན་རིང་རྒྱལ་པོ་ཡང། །སྣང་བ་མཐའ་ཡས་བཀའ་རྟགས་ཕྱག་རྒྱ་ཡིས། །ནམ་ཡང་མི་འབྲལ་ལས་བཞིའི་བྲན་དུ་བཀོལ། །སོ་སོ་རིག་བཞིའི་རྩལ་


GTD007_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཏམྦུ་ར། །ཧོར་དང་མན་ཇུས་སྐད་ཀྱིས་བཀའ་བསྟན་ཀུན། །ཚིག་དོན་འཁྲུལ་མེད་རྒྱུད་དུ་འཁྲོལ་བ་ཡིས། །སྔོན་བྱོན་ལོ་པཎ་ཀུན་གྱི་སྙེམས་པ་ཕྲོགས། །ཐུགས་བསྐྱེད་གུར་ཀུམ་པིར་གྱི་བཀོད་པ་ཡིས། །ཁྲིམས་ལྡན་ངུར་སྨྲིག་འཆང་བ་འདུས་སྡེའི་ཕྲེང། །དབང་ཕྱོགས་ཀ་ཤིའི་རས་བཟང་ཁྱོན་འགེངས་པའ། །དགེ་ལེགས་མི་ཟད་བསྟན་ལ་རི་མོར་བྱས། །དབྱངས་ལྡན་ཁྲོས་པ་འདོད་ཁམས་དབང་ཕྱུག་མས། །ཕ་རོལ་བྱད་ཕུར་འབར་བའི་བྱིན་ཟ་སོགས། །ཉེར་འཚེ་བཟློག་ཅིང་གནོད་བྱེད་དྲུངས་ཕྱུང་སྟེ། །མ་དང་སྲིང་བཞིན་འདུ་འབྲལ་མེད་པར་བསྐྱངས། །སྡེ་བཞིའི་དཔལ་མངའ་ས་ཡི་ཚངས་པ་ཆེ། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཧེ་རུ་ཀའ། །དཀྱིལ་འཁོར་མཆོག་ཏུ་རྫོགས་པར་སྨིན་མཛད་དེ། །ངེས་དོན་རྡོ་རྗེའི་རིགས་ཀྱི་སྲས་སུ་བསྐྲུན། །དོན་དམ་གསང་བའི་གཏིང་མཐའ་མཚོན་མིན་ལ། །ཐུན་མོང་སྐྱེ་བའི་ཕྲེང་བ་དུ་མར་ཡང། །འཛིན་མ་འཛིན་བྱེད་གང་དང་འདབ་མ་ཟུང། །ཐུབ་བསྟན་ལུས་འདེགས་སྤྱོད་པ་གཅིག་ཏུ་གྱུར། །སད་རྨི་མཉམ་པར་རྒྱལ་དང་རྒྱལ་སྲས་ཀུན། །གདམས་ཤིང་རྗེས་བསྟན་བདུད་རྩིའི་ཆར་འབེབས་པས། །རིན་ཆེན་སེམས་ཀྱི་ཆུ་གཏེར་འཕྱུར་བ་ལས། །ཕྱིན་དྲུག་སྤྱོད་པའི་རླབས་ཀྱི་འཁྲི་ཤིང་གཡོ། །མན་ཇུས་རིགས་ཀྱི་པདྨ་ཁ་འབུས་ཀྱང། །ཚངས་སྤྱོད་གེ་སར་བཅུད་ཀྱིས་མ་བཟུང་བ། །ཁྱོད་ཀྱི་ཐུགས་རྗེ་ཉི་འོད་དང་འགྲོགས་པས། །བསླབ་གསུམ་སྦྲང་རྩིའི་སྙིང་པོ་ཅི་ཡང་རྒྱས། །ས་ཡི་འབྱེར་འཇིག་དཔལ་གྱི་དགྲ་ཟླ་ཀུན། །ཆོས་སྐྱོང་


GTD007_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་ཁོལ་དྲག་པོའི་ལས་སྦྱོར་གྱི། །མཐུ་སྟོབས་གོམ་པ་གཅིག་གིས་རྣམ་གནོན་ཁྱོད། །ཆོས་ལྡན་རྒྱལ་ཐབས་སྲུང་བའི་ཁོར་ཡུག་བཞིན། །ལྔ་ཕྲག་སྙིགས་མ་བདོ་བའི་ཆུ་གཏེར་ནང། །བསྟན་འགྲོའི་ཕན་བདེའི་ནོར་འཛིན་བྱིང་རྩོམ་པ། །དེ་ཚེ་ཐུགས་བསྐྱེད་རུས་སྦལ་གྱིས་བཀུར་ཡང། །བཀའ་དྲིན་བསྟན་འཛིན་ཡོངས་ལ་ཁུར་དུ་ལྕ། །མི་མཐུན་ཕྱོགས་གྱུར་བདུད་ལས་མཚན་མོའི་སྨག །མཛད་བཟང་ཐུན་མཚམས་འོད་ཀྱིས་ཉེར་བཅད་དེ། །གངས་ཅན་ལྷ་གཅིག་༸རྒྱལ་དབང་ཉིན་མོར་བྱེད། །སྔ་ཕྱིར་འདྲེན་པའི་ཁྱུང་སྔོན་སྐྱེས་དེ་གང། །འཇམ་མགོན་ཐུགས་བཅུད་ཁྲིད་ཆེན་བརྒྱད་དང་དྲུག །འདུས་པ་ལཱུ་དྲིལ་འཁོར་ཆེན་དབང་སོགས་ཀྱིས། །ས་ཡི་ཉི་ཟླ་རིག་འཛིན་སྡེ་གཉིས་སོགས། །མཁས་དགུ་ངེས་དོན་ཡབ་རྗེའི་སྲོལ་དུ་བཙུད། །ཁྱད་པར་རྣམ་སྣང་མངོན་པར་བྱང་ཆུབ་པའ། །བཀའ་སྲོལ་རིང་ནས་ནུབ་པ་སླར་གསོས་ཏེ། །བསྟན་པའི་འབྱུང་གནས་དབུས་འགྱུར་སྒྲ་བོ་ཆེར། །རྒྱུད་བཞི་ད་གཟོད་ཚང་བ་ཁྱོད་ཀྱི་དྲིན།། །།གཞན་ཡང་དབང་བཀའ་མན་ངག་བཤད་པའི་རྒྱུན། །ཡོངས་སུ་འཛིན་མེད་ཆེས་ཕྲར་གྱུར་པ་ཀུན། །བསྟན་པའི་ཁུར་ཆེན་འཁྱེར་བའི་མགོན་ཁྱོད་ཀྱིས། །རྨང་ནས་གསོས་ཕྱིར་རྒྱལ་བ་གཉིས་པ་བཞིན། །དེ་སླད་འབྲོག་རི་ཆེན་པོར་ཙོང་ཁ་པའི། །མངོན་སུམ་གཟིགས་ཤིང་གཞན་ཚེ་བདུད་རྩིའི་ཆུས། །སྒོ་གསུམ་སྒྲིབ་བྲལ་རྡོ་རྗེ་གསུམ་བདག་ཏུ། །བྱིན་རླབས་ཉེ་བརྒྱུད་སྲས་ཀྱི་ཐུ་བོར་གྱུར། །འཇམ་དཔལ་ཞིང་མཆོག་རྩེ་ལྔ་ལ་སོགས་སུ། །རྐྱེན་སེལ་ནོར་སྒྲུབ་ཆ་དང་མ་འདྲེས་པའི། །


GTD007_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལྷུར་མཛད་དེ། །གསང་ཆེན་ནོར་བུའི་ཐེམ་སྐས་མཆོག་ཏུ་འཛེགས། །བརྟན་གཡོའི་དངོས་ཀུན་ལྷན་སྐྱེས་བདེ་བ་ཆེར། །སྡོམ་མཛད་བཅོམ་ལྡན་དཔའ་བོའི་དབང་ཕྱུག་གིས། །མཆོད་ཆེན་མངོན་སུམ་ཉིད་དུ་སྩལ་བ་ཡི། །བྱིན་རླབས་བདེ་ཆེན་བདུད་རྩིའི་ཆང་གིས་མྱོས། །གཤིན་རྗེའི་གཤེད་པོའི་རིམ་གཉིས་མཐར་སོན་ཚེ། །སྟོན་པ་ཕུན་ཚོགས་འཁོར་ལོའི་མགོན་ཁྱོད་ལས། །བཀའ་སྲུང་མཆོག་གིས་གཡར་དམ་ཉེར་བླངས་ཤིང། །བསྙེན་སྒྲུབ་གསང་བའི་མན་ངག་རྩོམ་པར་བསྐུལ། །ཐར་ལམ་དངོས་སྟོབས་གཏན་ཚིགས་ཀྱིས་བསྒྲུབས་ཏེ། །མངོན་དུ་གྱུར་ནས་གཞན་ལ་འདོམས་པའི་ཚུལ། །འཇམ་དབྱངས་དངོས་ཀྱིས་གདམས་པ་འདི་འདྲ་བ། །ཁྱོད་དང་ཐོགས་མེད་ཞབས་ཀྱི་མ་འདྲེས་ཆོས། །རྣམ་གསུམ་རིགས་དབྱེའི་གཏན་ཚིགས་མཆོག་གྱུར་འདིས། །རྟག་ཏུ་ཤར་བའི་བླ་མ་ཡི་དམ་ལྷ། །མ་མགོན་སྲུང་མའི་ཚོགས་ཀྱི་སྣང་བ་ཀུན། །རང་མཚན་ཉིད་དེ་ཉམས་ཀྱི་དོ་ཟླ་མིན། །མདོར་ན་ཀུན་རྟོག་སྤྲོས་པ་ལས་རླུང་བཅས། །ཡོངས་དག་འོད་གསལ་ཐུགས་ཀྱི་མེ་ལོང་ངོས། །བདེ་ཆེན་རང་མདངས་རྒྱུ་འབྲས་སྐྱབས་ཀྱི་ལྷ། །འཕྲིན་ལས་རྣམ་བཞིའི་གར་གྱིས་འགྲན་པ་བཞིན། །གདུལ་བྱའི་སྐལ་བ་འབྱུང་འགྱུར་འཕོ་འཇིག་སོགས། །གནས་གསུམ་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ། །གཟིགས་པ་ཚད་མར་གྱུར་བཞིན་འདོམས་མཛད་པ། །ཁྱོད་ནི་སྟོན་པ་བདེ་གཤེགས་སྐྱོབ་པ་ཉིད། །ཐུགས་རྗེ་ག་བུར་འོད་ཀྱིས་ཐུབ་པའི་བསྟན། །རིས་མེད་ཀུན་ལ་སྣང་བའི་མཆོག་སྦྱིན་ཞིང་། །སྙིང་པོ་ཀུནྡའི་དགའ་ཚལ་


GTD007_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པ་ན། །ཡིད་མཚོ་དད་པའི་རླབས་ཀྱི་འཇོ་སྒེག་འཛིན། །དེ་ཕྱིར་གསང་གསུམ་རིན་ཆེན་འབྱུང་གནས་ལས། །དེད་དཔོན་བཤེས་གཉེན་དམ་པའི་བཀའ་དྲིན་གྱིས། །ཆ་ཙམ་བསོད་ནམས་སྐལ་བར་རྙེད་པ་འདི། །ཐར་འདོད་དོན་མཐུན་ཡོངས་ལ་མགྲོན་དུ་བཀྱེ། །དགེ་བས་མ་འོངས་ཚེ་རབས་པདྨོའི་འཕྲེང། །འདྲེན་མཆོག་ཉིན་བྱེད་འོད་ཀྱིས་མི་གཏོང་ཞིང། །ཐུན་མོང་ལམ་གྱི་འདབ་སྟོང་བཞད་པའི་དབུས། །རིམ་གཉིས་བདུད་རྩིའི་བཅུད་ཀྱིས་བསྟེན་པར་ཤོག །གྲངས་རིང་བསྐལ་པར་བརྣག་པའི་དགོངས་པ་བཞིན། །ཐུབ་བསྟན་ཡང་སྙིང་ཕྱོགས་མཐར་རྒྱས་པ་དང། །དེ་འཛིན་མཐའ་དག་དྲང་སྲོང་ཆེན་པོའི་ལམ། །ཁྱོད་ཀྱིས་གདམས་པའི་རྗེས་སུ་སློབ་གྱུར་ཅིག །མདོར་ན་སྟོབས་བཅུའི་དཔལ་མངའ་བླ་མ་ལྷའ། །གོ་འཕང་རྣམ་པར་རྒྱལ་བའི་གནས་ཐོབ་སྟེ། །སྲིད་མཚོ་ཉམ་ངར་བྱིང་བའི་འགྲོ་བ་ཀུན། །བདེ་ཆེན་ཐར་པའི་ལམ་ལ་འགོད་གྱུར་ཅིག །ཅེས་ངེས་པ་དོན་གྱི་བསྟན་པའི་སྲོག་ཤིང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་གསང་བའི་རྣམ་པར་ཐར་པ་ཡོན་ཏན་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། བསྟན་པའི་རྩ་ལག་དམ་པ་མཁྱེན་རབ་ཀྱི་དབང་ཕྱུག་ལྕང་ལུང་པཎྚི་ཏ་མཁན་པོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གསུང་ནན་ཆེན་པོས་བསྐུལ་བ་ལྟར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་བློ་དང་ལྡན་པ་དཀོན་མཆོག་ཀུན་དགའ་འོ།། ༈ རྨད་བྱུང་གསང་གསུམ་སྣང་བ་དམ་པའི་མཛོད། །སྒྱུ་འཕྲུལ་དྲ་བའི་འོད་ཟེར་ཕྱོགས་ཀྱི་གོས། །བློ༷་བཟ༷ང་ལེགས་བཤད་འདབ་བརྒྱའི་དཔལ་འབར་བ། །ཆོ༷ས་ཀྱི༷་ཉི༷་མ༷་སྲིད་


GTD007_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཞིའི་གཙུག་ན་རྒྱལ། །མཁྱེན་རབ་གཏིང་མཐའ་བྲལ་བའི་ཆུ་གཏེར་ཆེ། །དམིགས་མེད་སྙིང་རྗེའི་རླབས་ཕྲེང་རོལ་པ་ལས། །སྤྲུལ་བའི་ཟློས་གར་གཡས་འཁྱིལ་དུང་གི་སྒྲས། །ས་གསུམ་ཁྱབ་པའི་ངོ་མཚར་བརྗོད་ལས་འདས། །ཁྱད་པར་ཐུན་གསུམ་ཀློང་དུ་འཁྱམས་པའི་འགྲོར། །སྣང་བའི་མཆོག་སྦྱིན་ཟླ་ཤེལ་དྲི་མ་མེད། །ངར་འཛིན་སྨག་ཆེན་གཅོད་ལ་དཔའ་བ་ཡི། །ལྷན་སྐྱེས་འོད་དཀར་འཇིག་རྟེན་མཚན་མོའི་མགོན། །དཔལ་ལྡན་འཕྲིན་ལས་བཟང་པོའི་ག་བུར་རྒྱུན། །ཀླུ་སྒྲུབ་ལུགས་བཟང་རྒྱ་མཚོའི་བཅུད་དུ་འབེབས། །ནོར་འཛིན་ཁྱོན་ཡངས་སྐྱོང་བའི་ལེགས་བྱས་ཀྱི། །རི་མོའི་གཙུག་ལག་ཀུནྡའི་རྩེ་དགའ་འཛིན། །དེ་ནས་སྙིང་སྟོབས་རབ་བརྟན་མན་དྷ་རས། །ཟབ་ཡངས་ཆོས་ཀྱི་རྒྱ་མཚོ་བསྲུབས་པ་ལས། །བློ༷་བཟ༷ང་ཆོ༷ས་ཚུལ་ཕྱོགས་ཀྱི༷་འཁོར་ལོའི་ཁྱོན། །གསལ་བྱེད་བསྟན་པའི་ཉི༷་མ༷་དེང་འདིར་ཤར། །ཐུགས་བསྐྱེད་མ་ལ་ཡར་སྐྱེས་ཙན་དན་ལྗོན། །ལྷན་སྐྱེས་དམ་པའི་རང་བཞིན་མངར་བའི་བསུང། །བཀའ་ལུང་འཁྲུལ་བྲལ་དྲི་ཡི་བཞོན་པར་བཅས། །གདུང་སེལ་བདུད་རྩིའི་ཆོ་ག་དང་པོར་གྲུབ། །བཤེས་གཉེན་ལྷུན་པོའི་གདེངས་ཀ་མངོན་མཐོ་ཞིང། །མདོ་རྒྱུད་མན་ངག་ནོར་བུའི་ཚོགས་ཀྱིས་གཏམས། །འཕྲིན་ལས་རླབས་ཀྱི་ཞགས་པས་ནོར་འཛིན་བཅིངས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བསླབ་གསུམ་རྣམ་པར་དག་པའི་དགའ་ཚལ་དུ། །མང་ཐོས་གར་གྱིས་རོལ་པའི་མེ་ན་ཀ། །མཁས་དབང་གཞོན་ནུའི་བརྟན་པ་འཕྲོག་བྱེད་པའ། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །འཆད་པའི་རོལ་མོ་


GTD007_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་རྣ་བའི་རྒྱན། །རྩོད་ངག་རིགས་ལམ་རྡོ་རྗེའི་མེ་ཆར་སྤྲོ། །སྡེབ་ལེགས་རྩོམ་པའི་དབྱངས་ཀྱི་དཀྱིལ་འཁོར་རྫོགས། །སྨྲ་བའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །ཤེས་རབ་རལ་གྲིས་སྲིད་པའི་དགྲ་སྡེ་འཇོམས། །སྙིང་རྗེའི་འཛུམ་གྱིས་འགྲོ་ཀུན་ཐཪ་པར་འཁྲིད། །ཡང་དག་ལྟ་བས་འཁོར་འདས་མཉམ་པར་གཟིགས། །རྒྱལ་སྲས་དཔའ་བོ་མཆོག་ལ་གསོལ་བ་འདེབས། །དག་པའི་འཁོར་ལོ་འདབ་བརྒྱར་གྲོལ་བའི་དཔྱིད། །དངོས་ཀུན་བདེ་ཆེན་སྦྲང་རྩིའི་རོ་གཅིག་ཏུ། །མྱོང་བའི་ལྷན་སྐྱེས་དགའ་བས་རབ་མྱོས་པ། །རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །རྣལ་འབྱོར་མ་དཔལ་ཐུགས་རྗེའི་གློག་ཕྲེང་ཅན། །ལེགས་བཤད་སྤྲིན་སྔོན་རོལ་བའི་གདེངས་ཀ་ལས། །གཞན་ཕན་འཕྲིན་ལས་འདོད་དགུའི་ཆར་དུ་བསྙིལ། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །བློ༷་བཟ༷ང་ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་རྫོགས། །ཟབ་རྒྱས་ཆོ༷ས་ཀྱི༷་འོད་ཟེར་འབུམ་ཕྲག་འགྱེད། །སྨྲ་བའི་ཉི༷་མ༷་ཐེག་གསུམ་པདྨོའི་གཉེན། །སྐྱབས་གསུམ་ཀུན་འདུས་ངོ་བོར་གསོལ་བ་འདེབས། །གང་གི་ཐུགས་རྗེའི་ཉི་འོད་རེག་པ་ཡིས། །མཐར་བྱེད་ཀུནྡའི་གདེངས་ཀ་ཟུམ་བྱེད་པ། །འཆི་མེད་ཚེ་ལ་དབང་བའི་ལྷ་ཚོགས་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །བཤེས་གཉེན་རི་ཡི་དབང་པོ་རབ་བརྟན་ཅིང། །འཕྲིན་ལས་ཉི་ཟླའི་འོད་ཀྱིས་ས་གསུམ་ཁྱབ། །བསྟན་འཛིན་གསེར་རིའི་ཕྲེང་བས་ཡོངས་བསྐོར་ཏེ། །ཐུབ་བསྟན་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །ཚེ་རབས་ཕྲེང་བར་ཁྱོད་ཞབས་པདྨོའི་རྡུལ། །སྤྱི་བོར་རེག་པའི་སྐལ་


GTD007_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མི་ཉམས་ཤིང་། །སྲིད་དང་ཞི་བའི་མཐའ་ལས་ཡོངས་བཟུང་སྟེ། །རྣམ་དག་ལམ་བཟང་མངོན་དུ་འགྱུར་བར་ཤོག །བདག་གཞན་འགྲོ་ལ་ལེགས་པའི་དཔྱིད་འཇོ་བའི། །རྣམ་དཀར་ལེགས་བྱས་སྨོན་པའི་དངོས་པོ་ཀུན། །བླ་མ་མཆོག་གསུམ་ཐུགས་རྗེ་བདེན་པའི་མཐུས། །གེགས་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་ཡོངས་རྫོགས་བསྟན་པའི་མངའ་བདག་དཀྱིལ་འཁོར་འཁོར་ལོའི་མགོན་པོ་ཁྱབ་བདག་རྡོ་རྗེ་འཆང་༸བློ་བཟང་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་ཀྱི་ཞབས་བརྟན་གསོལ་འདེབས་འདི་ནི། བསྟན་པའི་གསལ་བྱེད་སྤྲུལ་བའི་སྐུ་བློ་བཟང་བསྟན་འཛིན་དར་རྒྱས་དང། རིགས་ལམ་སྨྲ་བ་དཀོན་མཆོག་རྒྱ་མཚོ་བཅས་ཀྱིས་བསྐུལ་ཞིང། རང་ཉིད་ཀྱང་དད་པའི་ཡིད་ཀྱིས་མཚམས་སྦྱར་བ་ལ་བརྟེན་ནས་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ།། ༈ ཕུན་ཚོགས་དགེ་ལེགས་བྱེ་བའི་གཟི་འོད་ཀྱིས། །སྲིད་ཞིའི་དཀྱིལ་འཁོར་རྒྱས་པར་འགེངས་མཛད་པ། །བླ་མ་མཆོག་གསུམ་ཡི་དམ་རྒྱ་མཚོ་ཡིས། །ཕན་བདེའི་སྣང་བ་དམ་པའི་མཆོག་སྦྱིན་མཛོད། །བློ༷་བཟ༷ང་རྒྱལ་བ་གཉིས་པའི་ཐུགས་ཀྱི་བཅུད། །ཐུ༷བ་བསྟ༷ན་ཡང་སྙིང་མདོ་སྔགས་དམ་ཆོ༷ས་ཀྱི༷། །རྒྱ༷ལ་མཚ༷ན་བསྒྲེང་ཕྱིར་སྐྱེ་བའི་གར་མཛད་པ། །འདྲེན་མཆོག་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས། །བློ༷་གྲོས་དྲི་མེད་གསེར་བཟ༷ང་འཁོར་ལོ་ཡིས། །ཐུ༷བ་བསྟ༷ན་ཡོངས་ལ་མངའ་བསྒྱུར་ཆོ༷ས་ཀྱི༷་རྗེ། །རྒྱ༷ལ་ཀུན་སྤྱི་གཟུགས་རྗེ་བཙུན་བླ་མ་ཡི། །མཚ༷ན་དཔེའི་སྣང་བརྙན་བསྐལ་བརྒྱར་རྟག་བརྟན་ཤོག །མཆོག་སྤྲུལ་དམ་པའི་སྐུ་ཚེ་མཛད་འཕྲིན་དང། །


GTD007_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བྱ་བ་དབྱར་མཚོ་ལྟར་རྒྱས་ཤིང་། །བསྟན་འཛིན་བུ་སློབ་ས་སྟེང་གང་བ་ཡིས། །བསྟན་འགྲོའི་དོན་ཆེན་ལྷུན་གྱིས་གྲུབ་གྱུར་ཅིག །བྱིན་རླབས་འོད་སྟོང་འབར་བའི་གདེངས་ཀ་ཡིས། །དུས་ཀྱི་མུན་པ་མཐར་བྱེད་ཚེ་ཡི་ལྷ། །རྣམ་གསུམ་ཐུགས་རྗེའི་བདེན་པ་ཆེན་པོའི་མཐུས། །མཆོག་སྤྲུལ་དམ་པའི་སྐུ་ཚེ་བསྐལ་བརྒྱར་སྤེལ། །ཕྱག་དྲུག་མགོན་པོ་ལས་གཤིན་དཔལ་མགོན་དང། །མ་ཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །མི་ཕྱེད་རྡོ་རྗེའི་གཡར་དམ་ཉེར་དགོངས་ཏེ། །འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་མ་ལུས་སྒྲུབས། །བླ་མ་མཆོག་གསུམ་ཐུགས་རྗེ་བྱིན་རླབས་དང། །ཡི་དམ་ཆོས་སྲུང་རྒྱ་མཚོའི་བདེན་སྟོབས་ཀྱིས། །སྨོན་པ་ཇི་བཞིན་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་ནོར་འཛིན་ཀུན་ཏུ་ཁྱབ་གྱུར་ཅིག །ཅེས་བསྟན་འགྲོའི་དཔུང་གཉེན་དམ་པ་མཚུངས་བྲལ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འདི་ནི། མཁས་བཙུན་བཟང་པོའི་བདག་ཉིད་དགོན་ལུང་ཁྲི་པ་འདན་མ་ཞབས་དྲུང་རིན་པོ་ཆེས་གཙོས་ལས་སྣེ་མོ་གྲྭ་རྒན་འདུས་སྤྱི་ནས་བསྐུལ་བ་ལྟར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགོན་ལུང་ བྱམསགླིང next hit་དུ་བྲིས་པའོ།། ༈ བློ༷་ལྡན་སྐལ་བཟ༷ང་གདུལ་བྱའི་ཚོགས་རྣམས་ལ། །ཐུ༷བ་བསྟ༷ན་ནོར་བུའི་དགའ་སྟོན་འགྱེད་པའི་ཕྱིར། །བསམ་བཞིན་སྐྱེ་བའི་ཟློས་གར་ལྷུར་མཛད་པ། །ཆོ༷ས་ཀྱི༷་རྒྱ༷ལ་མཚ༷ན་ཞབས་ལ་གསོལ་བ་འདེབས། །འདིའང་འཁྲུངས་རབས་གསོལ་འདེབས་ཀྱི་ཁ་སྐོང་དུ་འདི་ལྟ་བུ་ཞིག་དགོས་ཞེས་ཞུས་ཏེ་དེ་སྐབས་གནང་བ་ཡིན། ༈ དགེ་ལེགས་འདབ་སྟོང་བཞད་པའི་པདྨ་དཀར། །འདུན་ལྡན་ཐུགས་བསྐྱེད་སྨིན་པའི་གེ་སར་ལས། །ཕུན་ཚོགས་འཕྲིན་ལས་མངར་བའི་བསུང་འཕྲོ་


GTD007_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ངག་དབང་དབྱངས་ཅན་མགྲིན་མཚོར་རྟག་རོལ་ཅིང། །བསྟན་པའི་གནད་རྫོགས་བདུད་རྩིས་ཐུགས་ཀ་གཏམས། །སྒྲུབ་པའི་རྒྱལ་མཚན་འཛིན་ལ་ཟླ་བྲལ་བ། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །གང་གི་ཐུགས་རྗེ་ཟླ་བའི་མ་མ་ལས། །གསར་དུ་ཚེས་པའི་ཡང་སྲིད་བདུད་རྩིའི་འོད། །ཐུབ་བསྟན་ཀུ་མུད་བཞད་པའི་དཔལ་ཡོན་ཅན། །མཆོག་སྤྲུལ་དམ་པའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བསྟན་དབྱར་སྐྱེས་ལྡིང་ཁང་རྩེར། །ལུང་རིགས་སྒྲ་བརྒྱ་རྒོད་པའི་དུན་དུ་བྷ། །བརྡུངས་པས་ཕྱོགས་ཀྱི་འཁོར་ལོ་འགེངས་མཛད་པ། །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །དུས་ཀྱི་མཐར་ཡང་བུ་རམ་ཤིང་པའི་བསྟན། །རྣམ་དཔྱོད་དཔུང་པས་འཛིན་ལ་སྙིང་སྟོབས་མཐུ། །ཟླ་བྲལ་འཇིགས་མེད་སྨྲ་བའི་སེང་གེ་ཁྱོད། །བགྲང་ཡས་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཤོག །བསླུ་མེད་རིན་ཆེན་གསུམ་གྱི་བདེན་པའི་མཐུ། །ཡི་དམ་ཆོས་སྲུང་རྒྱ་མཚོའི་ནུས་མཐུ་དང། །དཔོན་སློབ་མི་ཕྱེད་དམ་ཚིག་རྡོ་རྗེའི་མཐུས། །སྨོན་པའི་རེ་འབྲས་གཡུར་དུ་ཟ་བར་ཤོག །ཚེ་རབས་ཕྲེང་བར་ཁྱོད་ཀྱིས་རྗེས་འཛིན་ཞིང། །མཉེས་པ་གསུམ་གྱིས་མཉེས་པར་བསྒྲུབས་པ་ལས། །གསུང་གི་བདུད་རྩིས་ཐར་པའི་སྲོག་བཟུང་སྟེ། །འགྲོ་བ་ཀུན་ཀྱང་སྲིད་ལས་སྒྲོལ་བར་ཤོག །ཅེས་པ་འདི་ནི་རང་གི་གམ་བཅར་རྣམས་ཀྱིས་བསྐུལ་ངོར་༸དཀོན་མཆོག་བསྟན་པའི་སྒྲོན་མེས་ཐེ་བོ་ཆུ་ཚན་ཁར་བྲིས། ༈ མཁའ་མཉམ་འགྲོ་ལ་


GTD007_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་ལྷག་བསམ་གྱིས། །ཐུབ་དབང་བསྟན་པའི་སྒྲོན་མེ་ས་གསུམ་དུ། །གསལ་བར་མཛད་པའི་ཐུགས་བསྐྱེད་ལྷུན་གྱིས་གྲུབ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྔོན་ཚེ་བློ་བཟང་རྒྱལ་བ་གཉིས་པ་ཡི། །ཐུགས་བཅུད་སྙིང་པོ་དཔལ་ལྡན་འདུས་པ་སོགས། །གསང་ཆེན་གདམས་པའི་བཀའ་བབས་ཆོས་ཀྱི་རྗེ། །ཤེས་རབ་སེང་གེའི་ཞབས་ལ་གསོལ་བ་འདེབས། །སླར་ཡང་དགེ་ལྡན་བསྟན་པ་མཐའ་དག་དང། །ཁྱད་པར་དཔལ་ལྡན་རིག་པ་འཛིན་པའི་སྡེ། །འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཟླ་མེད་པ། །དགེ་འདུན་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །མདོ་སྨད་ནོར་འཛིན་ཡངས་པའི་ཐིག་ལེ་རུ། །བློ་བཟང་འཇམ་དཔལ་སྙིང་པོའི་ལུང་རྟོགས་བསྟན། །བཤད་དང་སྒྲུབ་པས་གསལ་མཛད་ངག་གི་དབང། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སྔོན་རབས་དམ་པའི་རྣམ་ཐར་གཙང་མའི་སྲོལ། །ཇི་བཞིན་ཐུབ་བསྟན་སྤེལ་བའི་ཁུར་བཞེས་ཏེ། །འཆད་རྩོད་རྩོམ་པའི་འོད་སྣང་འབུམ་འགྱེད་པ། །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །མི་ཤིགས་རྡོ་རྗེའི་ཚེ་ཡི་མཆོག་སྦྱིན་པ། །སྣང་བ་མཐའ་ཡས་རྣམ་རྒྱལ་སྒྲོལ་མ་སོགས། །ཡི་དམ་ལྷ་དང་ཆོས་སྐྱོང་སྲུང་མའི་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །སྐྱེ་དང་སྐྱེ་བར་རྗེ་བཙུན་བླ་མ་ཡི། །ཞབས་སེན་འབྲལ་མེད་གཙུག་གིས་བསྟེན་པ་དང། །ཚང་ལ་མ་ནོར་གདམས་པའི་བདུད་རྩིའི་བཅུད། །རྫོགས་པར་མྱོང་བའི་སྐལ་བཟང་ཐོབ་པར་ཤོག །འདི་སྣང་ཞེན་ལོག་སྲིད་ལས་ངེས་འབྱུང་


GTD007_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དང། །གཞན་ཕན་བྱང་སེམས་ཕྱིན་དྲུག་བསྡུ་བཞིའི་སྤྱོད། །རྟག་ཆད་མཐའ་བྲལ་དབུ་མའི་ལྟ་བ་སོགས། །ཟབ་རྒྱས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །ཐུན་མོང་ལམ་སྦྱང་གསང་ཆེན་སྒོར་ཞུགས་ཏེ། །དམ་ཚིག་ལ་གནས་རིམ་གཉིས་རྣལ་འབྱོར་གྱིས། །བདེ་ཆེན་ཟུང་འཇུག་གོ་འཕང་མྱུར་ཐོབ་ནས། །མ་ལུས་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་པ་འདི་ནི་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་གཅིག་ཏུ་གཞོལ་བའི་རི་ཁྲོད་པ་དཀོན་མཆོག་རྒྱལ་མཚན་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཕུལ་བྱུང་ཟབ་རྒྱས་གདམས་པའི་དགའ་སྟོན་གྱིས། །སྐལ་བ་ཇི་བཞིན་སྨིན་ཅིང་གྲོལ་མཛད་པ། །བཀའ་དྲིན་མཚུངས་མེད་སྐྱབས་གསུམ་ངོ་བོ་ཉིད། །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །ཞེས་པ་འདི་ནི་མཚུངས་བྲལ་བསྟན་པའི་རྩ་ལག་དམ་པ་ཀིརྟི་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་དབང་སོ་སོའི་བརྒྱུད་འདེབས་ཀྱི་མཇུག་ཏུ་སྦྱོར་རྒྱུ་ཞིག་དགོས་ཞེས་བཀས་བསྐུལ་བ་ལྟར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཡོན་ཏན་འབྱུང་གནས་མཚན་ལྡན་དགེ་བའི་བཤེས། །རྣམ་མང་བསམ་དང་སྦྱོར་བས་གུས་བསྟེན་པས། །ཚང་ལ་མ་ནོར་གདམས་པའི་མཛོད་བརྙེས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མང་ཐོས་རལ་པ་གསིག་པའི་གདོང་ལྔ་པ། །འཇིགས་མེད་རྣམ་པར་དཔྱོད་པའི་གད་རྒྱངས་ཀྱི། །སྨྲ་ངན་སྤོབས་པ་འཕྲོག་པའི་དཔལ་ཡོན་ཅན། །ཐུབ་བསྟན་གངས་རི་སྐྱོང་ལ་གསོལ་བ་འདེབས། །སངས་རྒྱས་ལས་ཀྱང་དཀོ༷ན་པའི་ཐེག་མཆོ༷ག་ཆོས། །ཟབ་ཅིང་རྒྱ་ཆེའི་


GTD007_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བསྟ༷ན་པ༷འི་སྙིང་པོ་ཀུན། །ལེགས་བཤད་སྒྲོ༷ན་མེ༷འི་འོད་ཀྱིས་གསལ་མཛད་པ། །བཀའ་དྲིན་མཚུངས་མེད་ཞབས་ལ་གསོལ་བ་འདེབས། །མིང་ཙམ་ལྷག་མར་གྱུར་པའི་བསྟན་པ་འདི། །ཆ་ཤས་ཙམ་ཡང་མཁའ་མཉམ་ལུས་ཅན་གྱི། །ཕན་བདེའི་སྲོག་ཏུ་ངེས་ཕྱིར་མགོན་པོ་ཁྱོད། །ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བརྟན་ཤོག །བསྟ༷ན་སྲུང་རྒྱ་མཚོའི་མཐུ་དང་བདེན་སྟོབས་ཀྱིས། །བསྟ༷ན་པའི་དཔལ་གྱུར་བླ་མའི་ཞབས་བརྟན་ཅིང། །བསྟ༷ན་འཛིན་ཐུགས་མཐུན་བཤད་སྒྲུབ་འཕེལ་བ་ཡིས། །བསྟ༷ན་པ་རིན་ཆེན་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་པ་འདི་ནི་མགྲོན་གཉེར་དཀའ་བཅུ་ངག་དབང་དཔལ་བཟང་དང་མཆོད་དཔོན་ངག་དབང་ཆོས་ལྡན་གཉིས་ཀྱིས་སྔར་ནས་བསྐུལ་བའི་ཐོག །༸རྗེ་བཙུན་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་བཀའ་གནང་ཞིང་ཕྱག་མཛོད་ཆོས་རྗེ་དང་དགེ་རྒན་སོགས་ཀྱིས་ཀྱང་བསྐུལ་མ་བྱུང་བར་བརྟེན་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཐུའུ་བཀྭན་བླ་བྲང་བཀྲ་ཤིས་འོད་འབར་དུ་བྲིས་པའོ།། ༈ བསླུ་མེད་དཀོ༷ན་མཆོ༷ག་ཐུགས་རྗེའི་མཁའ་དབྱིངས་ལས། །བློ་བཟང་བསྟ༷ན་པ༷འི་འོད་སྣང་འབུམ་ཕྲག་གིས། །སྙིང་གི་མུན་པ་སེལ་བའི་སྒྲོ༷ན་མེ༷་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །དུས་འདི་ནས་བཟུང་སྐྱེ་བའི་ཕྲེང་བ་རུ། །ཁྱོད་ཞབས་པདྨོ་འབྲལ་མེད་གུས་བསྟེན་ཅིང། །ལེགས་གསུང་ཟབ་དང་རྒྱ་ཆེའི་བདུད་རྩིའི་བཅུད། །ངོམས་པ་མེད་པར་རྟག་ཏུ་མྱོང་གྱུར་ཅིག །དེ་ཡི་མཐུ་ལས་རྒྱུ་འབྲས་ཐེག་པའི་ལམ། །འཁྲུལ་བྲལ་ཚང་ལ་མ་ནོར་བསྟན་པའི་གནད། །མཐའ་དག་ཇི་བཞིན་ཉམས་སུ་བླངས་པ་ཡིས། །ཟུང་འཇུག་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཅེས་པ་འདི་ནི་མཁས་བཙུན་བཟང་པོའི་བདག་ཉིད་ཀ་རིང་སྤྲུལ་བའི་སྐུ་དཀོན་


GTD007_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བསྟན་འཛིན་རྒྱལ་མཚན་གྱིས་བསྐུལ་བའི་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་གྲོ་ཚང་དགོན་དུ་བྲིས་པའོ།། ༈ འཇིག་རྟེན་གསུམ་ན་དཀོ༷ན་པའི་རིན་ཆེན་མཆོ༷ག །འཁྲུལ་བྲལ་བསྟ༷ན་པ༷འི་སྙིང་པོ་མདོ་སྔགས་ཀྱི། །ལེགས་བཤད་སྒྲོ༷ན་མེ༷ས་ཐར་ལམ་གསལ་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བླ་མ་ལྷག་པའི་ལྷ་ཡི་བྱིན་རླབས་མཐུས། །རྣམ་དག་ཐོས་བསམ་སྒོམ་པ་མཐར་ཕྱིན་ཅིང། །གེགས་མེད་བཤད་སྒྲུབ་བྱ་བའི་དཔུང་པ་ཡིས། །ཐུབ་བསྟན་རྒྱལ་མཚན་རིང་དུ་འཛིན་གྱུར་ཅིག །ཚེ་རབས་ཕྲེང་བར་ཁྱོད་ཀྱིས་རྗེས་བཟུང་མཐུས། །ཐུན་མོང་ལམ་གྱི་གཙོ་བོ་རྣམ་གསུམ་དང། །གསང་ཆེན་ཐེག་པའི་ལམ་བཟང་རིམ་བགྲོད་ནས། །མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ནི་རྨད་དུ་བྱུང་བའི་མཁྱེན་རབ་ཀྱི་དབང་ཕྱུག་སྐྱེས་མཆོག་དམ་པ་གྲོ་ཚང་ཁྲི་རྒན་སྤྲུལ་སྐུ་བློ་བཟང་དཀོན་མཆོག་ཉི་མས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྡོ་རྗེ་འཆང་གི་ལྷ་ཁང་ཉེ་འདབས་སུ་བྲིས་པའོ།། ༈ བླ་མ་ཡི་དམ་དཀོ༷ན་མཆོ༷ག་རིན་ཆེན་གསུམ། །སྤྱི་དང་ཁྱད་པར་ཁྱབ་བདག་འཁོར་ལོའི་མགོན། །བཀའ་དྲིན་མཉམ་མེད་བསྟ༷ན་པ༷འི་སྒྲོ༷ན་མེ༷་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་རུ། །རྩེ་གཅིག་གུས་པའི་ཡིད་ཀྱིས་ཁྱོད་བསྟེན་ན། །འདི་ཕྱི་བར་དོའི་འཇིགས་པ་ཀུན་སེལ་ཞིང། །རྣམ་དཀར་འདོད་དོན་འགྲུབ་པར་བྱིན་གྱིས་རློབས། །ཇི་སྲིད་བྱང་ཆུབ་རྡོ་རྗེའི་གནས་ཐོབ་པ། །དེ་སྲིད་འདྲེན་པ་ཁྱོད་ཀྱིས་རྗེས་འཛིན་ཞིང། །གདམས་དང་རྗེས་སུ་བསྟན་པའི་བདུད་རྩི་ཡིས། །


GTD007_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ལམ་གྱི་ལུས་སྟོབས་རྒྱས་གྱུར་ཅིག །མི་ཁོམ་ངན་སོང་སྐྱེ་བའི་རྒྱུན་བཅད་དེ། །རྟག་ཏུ་འཁོར་ལོ་བཞི་ལྡན་རྟེན་ཐོབ་ནས། །ཚང་ལ་མ་ནོར་མདོ་སྔགས་ལམ་བཟང་ལ། །རྒྱལ་བའི་དགོངས་པ་ཇི་བཞིན་སློབ་གྱུར་ཅིག །བསླུ་མེད་བླ་མ་ལྷ་ཡི་ཐུགས་རྗེའི་མཐུས། །གནས་སྐབས་མཐར་ཐུག་དོན་ཀུན་ལྷུན་གྲུབ་ཅིང། །རིང་མིན་སྟོབས་བཅུ་མངའ་བའི་དཔལ་ཐོབ་ནས། །མཁའ་མཉམ་ལུས་ཅན་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་པ་འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པ་གྲོ་ཚང་ཆོས་རྗེ་དགེ་ལེགས་དབང་རྒྱལ་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛོ་མོ་མཁར་དུ་བྲིས་པའོ།། ༈ ཟབ་ཅིང་རྒྱ་ཆེའི་ལེགས་བཤད་གདོང་ལྔའི་རྒྱུད། །སྲིད་པའི་ཀུན་སྦྱོར་གྲུ་གཟིངས་མཐར་བྱེད་ཀྱང་། །སྐལ་བཟང་རྣ་བར་བདུད་རྩིའི་དཔྱིད་འཇོ་བ། །ཟླ་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །བདེ་ཆེན་ཐུགས་རྗེའི་བདག་ཉིད་ཀ་ལཱ་ཤས། །རྨད་བྱུང་འཆི་མེད་བདུད་རྩིའི་དབང་སྦྱིན་པ། །ཡི་དམ་རྒྱལ་བ་རྒྱ་མཚོ་བཅས་པའི་མཐུས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །མ་འོངས་ཚེ་རབས་པདྨ་དཀར་པོའི་འཕྲེང། །བཤེས་གཉེན་ཉིན་བྱེད་བདག་པོས་ཡོངས་བཟུང་སྟེ། །གསུང་གསང་འོད་བརྒྱའི་སྣང་བ་དང་འགྲོགས་པས། །ཐོས་བསམ་སྒོམ་པའི་སྦྲང་རྩི་སྨིན་གྱུར་ཅིག །རྣམ་དག་ཆོས་འདུལ་སྤྱོད་པ་ལ་གནས་ཏེ། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་སོགས། །ཚང་ལ་མ་ནོར་རྒྱུ་འབྲས་ཐེག་པ་ཡིས། །ཡང་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །བསླུ་མེད་དཀོན་མཆོག་རྣམ་གསུམ་བདེན་པའི་མཐུས། །བསྟན་པའི་སྒྲོན་མེ་ཡུན་དུ་གནས་པ་དང། །བཤད་སྒྲུབ་ཟུང་


GTD007_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བསྟན་པའི་བྱ་བ་ཀུན། །དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་ཡེ་ཤེས་ཤེས་རབ་ཀྱིས་ལི་ཏིང་ཆེ་ལེགས་ལྷ་དར་བཅས་ནན་ཆེར་བསྐུལ་བའི་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དཀོ༷ན་མཆོ༷ག་རྒྱལ་བའི་ཐུགས་རྗེ་མེ་ཤེལ་ཁམས། །འཁྲུལ་བྲལ་མདོ་སྔགས་བསྟ༷ན་པ༷འི་འོད་བརྒྱ་པ། །འགྲོ་བློའི་རྨོངས་མུན་སེལ་བའི་སྒྲོ༷ན་མེ༷་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཆོག་གསུམ་མཐུ་དང་ཆོས་དབྱིངས་བདེན་པའི་མཐུས། །འདྲེན་མཆོག་དམ་པའི་སྐུ་ཚེ་རབ་བརྟན་ཅིང། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པར་ཤོག །སྒོ་གསུམ་དགེ་བ་ཇི་སྙེད་བསགས་པ་ཀུན། །ཡང་དག་ལམ་གྱི་རིམ་པ་མྱུར་བགྲོད་དེ། །བླ་མེད་བྱང་ཆུབ་གོ་འཕང་མཆོག་ཐོབ་ནས། །མཁའ་མཉམ་འགྲོ་ཀུན་འདྲེན་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ནི་རི་ཁྲོད་པ་དགེ་སློང་བློ་བཟང་འཇམ་དབྱངས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དཀོན་མཆོག་གསུམ་འདུས་ངོ་བོ་དྲིན་ཅན་རྗེ། །ལུང་རྟོགས་བསྟན་པའི་འདབ་བརྒྱ་བཞད་པའི་གཉེན། །འགྲོ་བློའི་མ་རིག་མུན་སེལ་སྒྲོན་མེ་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་དད་ལྡན་དགེ་སློང་ངག་དབང་ལྷུན་གྲུབ་ཀྱིས་བསྐུལ་ངོར༌༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ད་ཚང་དགོན་དུ་བྲིས།། ༈ བསླུ་མེད་དཀོན་མཆོག་ཐུགས་རྗེའི་མཁའ་དབྱིངས་ངོས། །བློ་བཟང་བསྟན་པའི་སྒྲོན་མེ་ལེགས་བཟུང་སྟེ། །བགྲང་ཡས་འགྲོ་ལ་ཐར་


GTD007_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་སྟོན་པ། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཞེས་པ་འདི་ནི་ཐུགས་དམ་ལ་བརྩོན་པ་དགེ་སློང་བློ་བཟང་དཔལ་འབྱོར་གྱིས་ལམ་རིམ་བརྒྱུད་འདེབས་སུ་དེ་ལྟ་བུ་ཞིག་དགོས་ཚུལ་ལྟར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བླ་མ་ཡི་དམ་དཀོན་མཆོག་རིན་ཆེན་གསུམ། །དམ་ཅན་ཆོས་སྐྱོང་རྒྱ་མཚོའི་ཚོགས་དང་བཅས། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །ནམ་ཡང་མི་འབྲལ་བདག་གི་སྐྱབས་མཛོད་ཅིག །དཀོན་མཆོག་ཐུགས་རྗེའི་བདག་ཉིད་ཟླ་ཤེལ་ཁམས། །མདོ་སྔགས་བསྟན་པའི་ཀུནྡ་བཞད་པའི་གཉེན། །ཀུན་རྨོངས་མུན་པ་སེལ་བའི་སྒྲོན་མེ་མཆོག །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པའ། །ཐུགས་བཅུད་ཟབ་དང་རྒྱ་ཆེ་ཨ་མྲྀ་ཏས། །སྲིད་དང་ཞི་བའི་གདུང་བ་ཀུན་སེལ་བ། །ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། །བསླབ་གསུམ་རྣམ་པར་དག་པའི་ཆུ་གཏེར་ཆེ། །མདོ་རྒྱུད་མན་ངག་ཡིད་བཞིན་ནོར་གྱིས་གཏམས། །འཆད་རྩོད་རྩོམ་པའི་རླབས་ཕྲེང་རོལ་པ་ཅན། །བཤེས་གཉེན་གདེངས་ཅན་དབང་པོར་གསོལ་བ་འདེབས། །བསླུ་མེད་མཆོག་གསུམ་སྤྱི་དང་བླ་མ་ལྷའ། །ཐུགས་རྗེའི་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། །མི་འདོད་ཉེ་བར་འཚེ་བ་ཀུན་ཞི་ནས། །ཆོས་ལྡན་སྨོན་པ་ཡིད་བཞིན་འགྲུབ་པར་ཤོག །རྩ་བརྒྱུད་བླ་མའི་བཀའ་ལས་མི་འདའ་བར། །རྡོ་རྗེ་གཡར་དམ་ལྷུར་མཛད་སྲུང་ཚོགས་ཀྱིས། །ནམ་ཡང་མི་གཡེལ་མགོན་དང་སྐྱབས་མཛད་དེ། །ཆོས་སྲིད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །དུས་འདི་ནས་བཟུང་ཚེ་རབས་


GTD007_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཡང། །ལེགས་ཚོགས་རྩ་བ་བླ་མ་དཀོན་མཆོག་གསུམ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གཙུག་བསྟེན་ནས། །བྱིན་རླབས་བདུད་རྩིས་རྟག་ཏུ་ཚིམ་གྱུར་ཅིག །སྐྱེ་ཞིང་སྐྱེ་བར་དལ་བའི་རྟེན་ཐོབ་ཅིང། །ཡང་དག་ལམ་བཟང་གེགས་མེད་མཐར་ཕྱིན་ནས། །ཕྲ་རགས་འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །ཐར་པའི་གྲོང་ཁྱེར་མཆོག་ཏུ་འཇུག་གྱུར་ཅིག །མདོར་ན་དགེ་བཅུའི་ཁྲིམས་ཀྱི་རྩ་བརྟན་ཅིང། །ཚེ་དཔལ་བསོད་ནམས་ཡལ་ག་འབུམ་ལྡན་པ། །ཆབ་སྲིད་དཔག་བསམ་ལྗོན་པ་རྒྱས་པའི་རྩེར། །བྱང་ཆུབ་མཆོག་གི་འབྲས་བཟང་སྨིན་གྱུར་ཅིག །ཅེས་པ་འདི་ནི་ཡངས་པའི་མངའ་འབངས་མཐའ་དག་ཆོས་བཞིན་དུ་སྐྱོང་བ་ལ་མ་ཞུམ་ཞིང་བླང་དོར་འབྱེད་པའི་སྤོབས་པ་དང། གཟུ་བོར་གནས་པའི་རང་བཞིན་ཅན། དད་པ་དང་གཏོང་བའི་རྒྱན་གྱིས་མཛེས་པ་སོ་མོའི་རྒྱལ་མོ་བསོད་ནམས་སྒྲོལ་མས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སོ་མོ་མཁར་ནོར་བུའི་གླིང་དུ་བྲིས་པའོ།། ༈ རྒྱུ་འབྲས་ཐེག་པའི་ཆོས་ཀུན་བྱང་ཆུབ་པའ། །སྙིང་པོ་ཟབ་རྒྱས་མན་ངག་བདུད་རྩིའི་ཆབ། །ཐར་འདོད་ཡོངས་ལ་འབབ་པའི་ཨ་གསྟཿ །མཚུངས་མེད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །ཁྱད་པར་ལྟ་སྒོམ་སྤྱོད་དང་གཞི་ལམ་འབྲས། །ཀུན་ལ་འཁྲུལ་བྲལ་འཇམ་དཔལ་སྙིང་པོའི་བསྟན། །འཆད་རྩོད་རྩོམ་པས་སྤེལ་མཛད་འགྲོ་བའི་མིག །ཐར་འདོད་དེད་དཔོན་རྣམས་ལ་གསོལ་བ་འདེབས། །སོ་ཐར་བྱང་སེམས་སྡོམ་པས་རྒྱུད་སྦྱངས་ཤིང། །གསང་ཆེན་རྡོ་རྗེ་ཐེག་པའི་སྒོར་བཙུད་དེ། །མན་ངག་ནོར་བུའི་དགའ་སྟོན་མཆོག་སྦྱིན་པ། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །ཁྱད་པར་དཀོན་མཆོག་


GTD007_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འདུས་ངོ་བོ་ཉིད། །ཐུབ་དབང་བསྟན་པའི་སྒྲོན་མེ་ལེགས་བཟུང་ནས། །མངོན་མཐོ་ངེས་ལེགས་ལམ་བཟང་གསལ་མཛད་པ། །བཀའ་དྲིན་གསུམ་ལྡན་བླ་མར་གསོལ་བ་འདེབས། །འདིས་མཚོན་ལེགས་བྱས་ས་བོན་ཛམྦུའི་འབྲས། །བསོད་ནམས་ཞིང་མཆོག་མ་དྲོས་མཚོར་བརྟེན་པས། །གནས་སྐབས་མཐར་ཐུག་དགེ་མཚན་གཟི་འབར་བ། །གསེར་བཟང་སྙིང་པོ་མཆོག་ཏུ་གྲུབ་གྱུར་ཅིག །ནད་རིམས་ཉེར་འཚེ་ལ་སོགས་ལུས་སེམས་ཀྱི། །གདུང་བ་མ་ལུས་དྲུངས་ནས་ཞི་བ་དང་། །མཐུན་རྐྱེན་ཚེ་དཔལ་མངའ་ཐང་ལོངས་སྤྱོད་རྣམས། །དགེ་བཅུའི་ཁྲིམས་དང་ལྷན་ཅིག་རྒྱས་གྱུར་ཅིག །ཚེ་རབས་ཕྲེང་བར་དམ་པའི་མགོན་གྱིས་བཟུང། །རྣམ་དག་བསྟན་ལ་ཚུལ་བཞིན་སློབ་པ་སོགས། །དོན་གཉིས་དགེ་བའི་ལེགས་སྨོན་མ་ལུས་པ། །མཆོག་གསུམ་བདེན་པའི་མཐུ་ཡིས་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་ལྕོག་རྩེ་རྒྱལ་པོའི་སྲས་མོ་དད་མོས་དང་ལྷག་བསམ་མཆོག་ཏུ་དགེ་བ་བསོད་ནམས་མཚོ་རྒྱལ་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དཀོ༷ན་མཆོ༷ག་རྒྱལ་བའི་དབང་པོ་རྫོགས་སངས་རྒྱས། །ལུང་རྟོགས་བསྟ༷ན་པ༷འི་བདག་ཉིད་དམ་པའི་ཆོས། །འགྲོ་བའི་སྒྲོ༷ན་མེ༷་རིག་གྲོལ་དགེ་འདུན་ཏེ། །སྐྱབས་གསུམ་ངོ་བོ་བླ་མར་གསོལ་བ་འདེབས། །རླབས་ཆེན་ཐུགས་བསྐྱེད་མཆོག་གི་སྤྲིན་སྔོན་ལས། །ཕུལ་བྱུང་ལེགས་བཤད་ཆོས་ཀྱི་ཆར་འབེབས་པས། །རྣམ་གྲོལ་ཐར་པའི་མྱུ་གུ་བསྐྲུན་མཛད་པ། །རྗེ་བཙུན་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །སྲས་བཅས་རྒྱལ་བའི་ཞལ་སྐྱིན་བླ་མ་དང། །རྒྱལ་ཀུན་འཕྲིན་ལས་རང་གཟུགས་


GTD007_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་མ། །དབྱེར་མེད་བླ་མ་ལྷ་ཡི་ཞབས་པད་ལ། །སྙིང་ནས་འདུད་དོ་ཐུགས་རྗེས་བྱིན་གྱིས་རློབས། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བཏབ་མཐུས། །ཉེར་འཚེའི་འཇིགས་པ་ཀུན་ལས་རྣམ་རྒྱལ་ཞིང། །སྡེ་བཞིའི་དཔལ་གྱི་དགེ་མཚན་དར་བ་ཡིས། །གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག །དེང་ནས་བརྩམས་ཏེ་བྱང་ཆུབ་སྙིང་པོའི་བར། །རྟག་ཏུ་དམ་པའི་མགོན་གྱིས་རྗེས་འཛིན་ཅིང། །མཆོག་གསུམ་བྱིན་རླབས་སྙིང་ལ་འགྲོགས་པ་ཡིས། །ལེགས་ཚོགས་དབྱར་མཚོ་ཇི་བཞིན་རྒྱས་གྱུར་ཅིག །ཅེས་པ་འདི་ནི་དཀོན་མཆོག་གསུམ་ལ་དད་པའི་བག་ཆགས་ཀྱི་མཐུ་བརྟས་པ་སོ་མངས་རྒྱལ་པོའི་སྲས་མོ་བསོད་ནམས་དབང་མོས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཡིད་བཞིན་ནོར་ལས་དཀོན་པའི་གདམས་པ་མཆོག །འཁྲུལ་བྲལ་མདོ་སྔགས་བསྟན་པའི་སྙིང་པོ་ཀུན། །དྲི་མེད་ལུང་རིགས་སྒྲོན་མེས་གསལ་མཛད་པ། །དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། །དེང་ནས་ཚེ་རབས་ཀུན་ཏུ་མགོན་ཁྱོད་ཀྱིས། །ནམ་ཡང་འབྲལ་མེད་དགྱེས་བཞིན་རྗེས་འཛིན་ཅིང། །ཟབ་རྒྱས་གསུང་གི་གསང་བ་ཀུན་འཛིན་པའ། །སྲས་ཀྱི་ཐུ་བོ་མཆོག་ཏུ་འགྱུར་བར་ཤོག །ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པ་བཞིན། །ཐུན་མོང་ལམ་གྱིས་རིམ་པས་རྒྱུད་སྦྱངས་ཏེ། །གསང་སྔགས་སྒོར་ཞུགས་དམ་ཚིག་ཚུལ་བཞིན་བསྲུང། །རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །ཞེས་སོགས་དང། སྐྱེ་བ་ཀུན་ཏུ་ཞེས་སོགས་བྱ། ཞེས་པ་འདི་ནི་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་འཇམ་


GTD007_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དཀོན་མཆོག་ཀུན་འདུས་འཇིགས་མེད་དབང་པོ་ཡི། །བཞེད་དགོངས་བཤད་སྒྲུབ་བསྟན་པའི་ཁང་བཟང་གི །ཁྱོན་ཡངས་གསལ་བར་བྱེད་པའི་སྒྲོན་མེ་མཆོག །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །རབ་འབྱམས་གསུང་རབ་ཀུན་ལ་བློ་གྲོས་ཀྱི། །སྣང་བ་རབ་རྒྱས་འཆད་རྩོད་རྩོམ་པ་ཡིས། །ཐར་འདོད་རེ་བ་ཡོངས་སུ་ཚིམ་མཛད་པ། །མཚུངས་མེད་བཤེས་གཉེན་དམ་པ་ཞབས་བརྟན་ཤོག །དགེ་འདིས་མཚོན་པའི་དུས་གསུམ་ལེགས་བྱས་ཀུན། །གཅིག་གྱུར་མཐུ་ལས་མཁའ་མཉམ་འགྲོ་བ་རྣམས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མཚུངས་མེད་བཤེས་གཉེན་དམ་པས་རྗེས་འཛིན་ཤོག །ཅེས་པ་འདིའང་དད་བརྩོན་ལྡན་པ་རབ་འབྱམས་པ་ཤེས་རབ་རྒྱ་མཚོས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས།། ༈ ཟླ་བྲལ་འཇིགས་མེད་རྣམ་དཔྱོད་གངས་རིའི་སྤོར། །ཡང་དག་རིགས་པའི་གད་རྒྱངས་ཆེར་སྒྲོགས་པ། །སྨྲ་བའི་སེང་གེ་ཁམས་གསུམ་སྐྱེ་རྒུའི་གཉེན། །དགེ་ལྡན་བསྟན་པའི་མངའ་བདག་རྒྱལ་གྱུར་ཅིག །རླབས་ཆེན་ཐུགས་བསྐྱེད་རི་བོ་མནྡ་རས། །ཚོགས་གཉིས་འོ་མའི་ཆུ་གཏེར་བསྲུབས་པ་ལས། །འཁྲུངས་པའི་རྒྱལ་སྲས་སྙིང་རྗེའི་ཟླ་བ་མཆོག །ལུས་ཅན་ཀུནྡའི་གཉེན་གཅིག་ཁྱོད་ལ་འདུད། །སྟོབས་བཅུའི་དཔལ་ལྡན་རྒྱལ་དབང་གྲགས་པའི་བསྟན། །རྒྱ་མཚོའི་གོས་ཅན་ཡངས་པའི་ཁོར་ཡུག་ཏུ། །སྤེལ་མཛད་བཀའ་དྲིན་མཚུངས་མེད་ཐུགས་རྗེའི་གཏེར། །གང་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རིམ་གཉིས་རྡོ་རྗེའི་རྣལ་འབྱོར་མཐར་


GTD007_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སོན་ཅིང། །ཡི་དམ་ཆོས་སྲུང་རྒྱ་མཚོས་འཕྲིན་ལས་བསྒྲུབ། །ཟབ་རྒྱས་མན་ངག་གདམས་པའི་མཛོད་འཛིན་པ། །གསང་ཆེན་བསྟན་པའི་མངའ་བདག་ཁྱོད་ལ་འདུད། །གནས་གསུམ་སྒྲིབ་མེད་གཟིགས་པའི་ཡེ་ཤེས་ཀྱིས། །བླང་དོར་མ་ལུས་ཇི་བཞིན་འདོམས་པ་ཡི། །ལུས་ཅན་ཡོངས་ཀྱི་འདྲེན་པ་བླ་ན་མེད། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །རྒྱལ་ཀུན་སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །ཚེ་མཐའ་ཡས་དང་རྣམ་རྒྱལ་སྒྲོལ་མ་སོགས། །ལྷག་པའི་ལྷ་ཚོགས་ཐུགས་རྗེ་བདེན་པ་ཡིས། །འདྲེན་མཆོག་དམ་པའི་སྐུ་ཚེ་བསྐལ་བརྒྱར་སྲིངས། །མཐུ་ལྡན་རྒྱལ་བའི་བསྟན་སྲུང་ཐམས་ཅད་དང། །ཁྱད་པར་རྒྱལ་ཀུན་ཡུམ་གཅིག་དབྱངས་ཅན་མ། །དྲག་མོའི་སྐུར་བསྟན་འདོད་ཁམས་དབང་ཕྱུག་མས། །དཔལ་ལྡན་བླ་མའི་འཕྲིན་ལས་གཡེལ་མེད་སྒྲུབས། །བདག་སོགས་ཀུན་ཀྱང་སྐྱེ་ཞིང་སྐྱེ་བ་རུ། །ཁྱོད་ཞབས་གུས་པས་མཆོད་པ་མི་གཏོང་ཞིང། །ཟབ་ཅིང་རྒྱ་ཆེའི་གསུང་གི་གསང་བའི་མཛོད། །འཛིན་པའི་སྲས་ཀྱི་ཐུ་བོར་འགྱུར་བར་ཤོག །མདོར་ན་དཔལ་ལྡན་བླ་མའི་ཞབས་བརྟན་ཅིང། །རྣམ་དཀར་མཛད་འཕྲིན་སྣང་བ་ཕྱོགས་བཅུར་རྒྱས། །ལུས་ཅན་ཀུན་ཀྱང་ཆོས་འབྱོར་དགའ་སྟོན་ལ། །ལོངས་སུ་སྤྱོད་པའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་དགེ་ལྡན་བསྟན་པའི་སྲོག་ཤིང་མཚུངས་ཟླ་མེད་པ་ཁྲི་ཆེན་དཔལ་ལྡན་གྲགས་པའི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་འཇིགས་མེད་རིགས་པའི་སེང་གེའི་ཞལ་སྔ་ནས་ཀྱི་ཞབས་བརྟན་གསོལ་འདེབས་འདི་ནི་རབ་འབྱམས་པ་གྲགས་པ་དར་རྒྱས་ཀྱིས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ འཇི༷གས་


GTD007_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མེ༷ད་སྟོབས་བཅུའི་ལང་ཚོ་རབ་རྒྱས་ཤིང། །ལུ༷ང་རི༷གས་གད་རྒྱངས་མཐོན་པོས་ས་གསུམ་འགེངས། །དཔལ་ལྡན་མཚུངས་བྲལ་སྨྲ༷་བ༷འི་སེ༷ང་གེ༷་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རིང་ནས་གོམས་པའི་ཐུགས་བསྐྱེད་དཔུང་པ་ཡིས། །ཐུབ་བསྟན་རྣམ་པར་རྒྱལ་བའི་ལྡིང་ཁང་རྩེར། །བཤད་སྒྲུབ་གསེར་གྱི་རྒྱལ་མཚན་བསྒྲེང་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁས་ཤིང་གྲུབ་བརྙེས་ཡོངས་འཛིན་དུ་མ་ལས། །ཟབ་དང་རྒྱ་ཆེའི་གདམས་པའི་མཛོད་མནོས་ཏེ། །ཐར་འདོད་ཡོངས་ཀྱི་རེ་བ་སྐོང་བའི་གཉེན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚོགས་གཉིས་ལང་ཚོ་རྒྱས་པའི་གཟི་བྱིན་གྱིས། །སྒྲིབ་པའི་དཔུང་ཚོགས་རྨེག་མེད་བཅོམ་བྱས་ཏེ། །རྣམ་གྲོལ་བདེ་བའི་དཔལ་ལ་དབང་འབྱོར་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །བསླབ་གསུམ་དག་པའི་ཆ་ཤས་ཡོངས་གང་ཞིང། །འཆད་རྩོད་རྩོམ་པས་འོད་དཀར་དྲ་བ་འགྱེད། །བློ་བཟང་རྒྱལ་བསྟན་ཀུ་མུད་བཞད་པའི་གཉེན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཐར་བྱེད་དཔུང་འཇོམས་ཚེ་ཡི་ལྷ་ཚོགས་དང། །ཡི་དམ་ཆོས་སྲུང་རྒྱ་མཚོའི་ཐུགས་རྗེ་མཐུས། །རྗེ་བཙུན་བླ་མ་མཆོག་གི་ཞབས་བརྟན་ཅིང། །འཕྲིན་ལས་འོད་སྣང་འགོག་མེད་འཕྲོ་གྱུར་ཅིག །བདག་སོགས་ཀུན་ཀྱང་སྐྱེ་བའི་ཕྲེང་བ་རུ། །ཁྱོད་གསུང་བདུད་རྩིའི་བཅུད་ཀྱིས་བསྐྱང་བ་ཡིས། །ཡང་དག་ལམ་བཟང་བགྲོད་པ་མཐར་ཕྱིན་ནས། །སྐུ་གསུམ་གོ་འཕང་བདེ་བླག་འགྲུབ་གྱུར་ཅིག །ཅེས་དགེ་ལྡན་བསྟན་པའི་ཉི་མ་ཆེན་པོ་ཁྲི་ཆེན་སྤྲུལ་བའི་


GTD007_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འཇིགས་མེད་རིགས་པའི་སེང་གེའི་ཞལ་སྔ་ནས་ཀྱི་ཞབས་བརྟན་གསོལ་འདེབས་འདི་ནི་སུ་ཉིད་ཤོག་རབ་འབྱམས་པ་དཀོན་མཆོག་རྒྱལ་མཚན་གྱིས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ མདོ་རྒྱུད་མན་ངག་གདམས་པ་བདུད་རྩིའི་ཆུས། །དབང་བསྐུར་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་བའི། །བཀྲ་ཤིས་དགེ་མཚན་ནོར་འཛིན་ཀུན་ཏུ་ཁྱབ། །ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་འདུད། །མི་ཟད་ངག་གི་དབང་ཕྱུག་མཆོག་བརྙེས་ཏེ། །དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་མཚོར། །ལེགས་བཤད་མགྲིན་པའི་རྫ་རྔ་རྟག་འཁྲོལ་བ། །བཀའ་དྲིན་མཚུངས་མེད་དམ་པར་གསོལ་བ་འདེབས། །ལེགས་བཤད་ཡལ་གའི་ཁྱོན་ཡངས་ངག་གི་དབང། །སྤོང་བ་བསམ་གཏན་མེ་ཏོག་རྣམ་པར་བཀྲ། །བྱ་བ་ལས་ཀྱི་དགའ་ཚལ་ཤིས་པར་བསྒྲུབས། །འཁོར་ལོ་གསུམ་གྱི་དཔལ་མངའ་ཁྱོད་ལ་འདུད། །ངག་རིག་གྲུབ་པའི་གཉིས་སྐྱེས་ཀུན་གྱི་གཙོ། །ཐུབ་དབང་བསྟན་པའི་ཀུནྡ་བཞད་པའི་གཉེན། །བཀྲ་ཤིས་འོད་སྣང་བདུད་རྩིའི་ཟེར་འཕྲོ་བ། །སྨྲ་བའི་ཟླ་བ་མཆོག་ལ་གསོལ་བ་འདེབས། །དབྱངས་ཅན་ངག་གི་རོལ་མཚོ་ལས་འོངས་པའ། །ལེགས་བཤད་དབང་གི་རྒྱལ་པོའི་ཟ་མ་ཏོག །བཀྲ་ཤིས་གཏེར་གྱི་བུམ་བཟང་དང་མཚུངས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡབ་གཅིག་ངག་གི་དབང་པོའི་བྱིན་རླབས་ཀྱི། །གློག་ཕྲེང་བཀྲ་བའི་ཐུགས་ཀྱི་སྤྲིན་སྔོན་ལས། །ལེགས་བཤད་གྲུ་ཆར་བསྙིལ་བས་འཇིག་རྟེན་ཀུན། །ཕུལ་བྱུང་ཤིས་པར་བསྒྲུབས་ལ་གསོལ་བ་འདེབས། །ཁྱོད་གསུང་ལེགས་བཤད་བདུད་རྩིའི་བཅུད་


GTD007_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་བས། །སྲིད་པའི་ནད་བརྒྱ་སེལ་བའི་སྨན་གཅིག་པུ། །མཐའ་བྲལ་ལྟ་བའི་གནད་ཀུན་འབྱེད་པ་ལ། །རྗེ་བཙུན་མཁྱེན་པའི་གཏེར་དང་མཚུངས་པར་ཤོག །༈ བློ་ཆེན་རྒྱལ་ཀུན་ཐུགས་རྗེ་ཟླ་ཤེལ་ཁམས། །མཁས་བཙུན་བཟང་པོའི་དཀྱིལ་འཁོར་རབ་རྒྱས་ཤིང། །དོན་གཉིས་ཀུནྡའི་དགའ་ཚལ་རྒྱས་མཛད་པ། །གྲུབ་དབང་སྨྲ་བའི་ཟླ་བ་གཙུག་ན་མཛེས། །བློ་གཏེར་འཇམ་མགོན་དགྱེས་བཞད་རྡོ་རྗེ་ཡི། །མཛད་བཟང་གདུགས་དཀར་སྲིད་པའི་རྩེར་བསྒྲེང་བའི། །བཞེད་དོན་གེགས་མེད་སྨོན་པའི་མཐུ་གྲུབ་པ། །བཀའ་དྲིན་མཚུངས་མེད་དམ་པར་གསོལ་བ་འདེབས། །བློ་ལྡན་སྐལ་བཟང་གདུལ་བྱའི་འཛིན་མ་ལ། །དོན་ཟབ་གདམས་པ་བདུད་རྩིའི་ཆར་འབེབས་པས། །གཞན་ཕན་ཐུགས་བསྐྱེད་འབྲས་བཟང་ལྷུན་གྱིས་གྲུབ། །ཐེག་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས། །བདེ་སྟོང་དབྱེར་མེད་བློ་གྲོས་ལུས་སྟོབས་རྒྱས། །རིམ་གཉིས་ལམ་བཟང་རལ་པའི་ཁུར་གྱིས་བརྗིད། །རྒྱུད་དོན་ལེགས་པར་བཤད་པའི་གད་རྒྱངས་སྒྲོགས། །གྲུབ་མཆོག་གདོང་ལྔའི་དབང་པོར་གསོལ་བ་འདེབས། །གདུལ་བྱ་རང་རང་བློ་དང་འཚམ་པ་ཡི། །ལམ་བཟང་སྤེལ་བས་འགྲོ་བའི་དོན་སྤྱོད་ཅིང། །རིགས་སྔགས་གྲུབ་པའི་དཔུང་གིས་བདུད་སྡེ་གཞོམ། །རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །རྒྱལ་གསུང་གསང་བའི་མཛོད་འཛིན་རྡོ་རྗེ་ཅན། །ངུར་སྨྲིག་གར་རོལ་རྗེ་བཙུན་བླ་མ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །རིམ་གཉིས་ལམ་བཟང་མངོན་དུ་འགྱུར་བར་ཤོག །དཔལ་ལྡན་གསང་བའི་བདག་པོ་ཁྱོད་ཀྱི་མཐུས། །བདུད་བཞིའི་


GTD007_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་ལས་ངེས་པར་འབྱུང་བ་ལ། །ཕྱི་ནང་གནོད་པས་ནམ་ཡང་མི་བརྫི་བའི། །མཐུ་སྟོབས་ནུས་པའི་ཕ་རོལ་སོན་པར་ཤོག །༈ ཡེ་ཤེས་སྒྱུ་འཕྲུལ་དྲ་བ་འཇམ་པའི་དབྱངས། །དམིགས་མེད་སྙིང་རྗེའི་པད་དཀར་བཞད་པའི་ལྷ། །བདུད་བཞིའི་དགྲ་ལས་རྣམ་རྒྱལ་རྡོ་རྗེ་འཛིན། །འཇམ་དབྱངས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །གང་གསུང་ལེགས་བཤད་དགའ་ཚལ་ལས་འཁྲུངས་པའ། །བགྲང་ཡས་དགེ་འདུན་རྐང་འཐུང་ཚོགས་ཀྱི་དབུས། །ཕུན་ཚོགས་འཁོར་ལོ་གསུམ་གྱི་འབྲས་སྨིན་པ། །ཡབ་རྗེའི་སྲས་མཆོག་ཞབས་ལ་གསོལ་བ་འདེབས། །དེ་ཡི་ཐུགས་བསྐྱེད་སྨིན་པའི་ཟློས་གར་ལས། །ངག་གི་དབང་ཕྱུག་བཞད་པའི་རྡོ་རྗེ་ཡི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་བའི་ཕྱིར། །ལེགས་བྱོན་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། །བྱམས་དང་སྙིང་རྗེའི་རྩ་བ་རབ་བརྟན་ཅིང། །གཞན་ཕན་འཕྲིན་ལས་ཡལ་ག་ཁྱོན་ཡངས་པོས། །ཐར་འདོད་སྙིང་གི་གདུང་བ་སེལ་མཛད་པ། །འགྲོ་བའི་འདྲེན་མཆོག་དམ་པར་གསོལ་བ་འདེབས། །གཞུང་དང་གདམས་ངག་ཀུན་ལ་དབང་འབྱོར་ཏེ། །བསྟན་པའི་གནད་ཀུན་ཉམས་སུ་བསྟར་བ་ཡིས། །སྒྲུབ་པའི་རྒྱལ་མཚན་འཛིན་ལ་ཟླ་བྲལ་བ། །མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཟབ་ལམ་མན་ངག་གདུལ་བྱའི་དབང་པོ་དང། །འཚམ་པར་བསྟན་པའི་ལེགས་བཤད་དགའ་སྟོན་གྱིས། །རྒྱལ་བའི་དགོངས་པ་ཇི་བཞིན་བསྒྲུབ་མཛད་པ། །མཚན་ཉིད་ཀུན་ལྡན་བླ་མར་གསོལ་བ་འདེབས། །ཁྱོད་ཀྱི་ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་


GTD007_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཡིད་ཀྱི་ཉེས་ལྟུང་དྲི་མ་ཀུན་བྱང་སྟེ། །བརྩེ་ཆེན་ལྷག་བསམ་ལུས་སྟོབས་རྫོགས་པ་ཡིས། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སོན་ཤོག །ཅེས་མཁས་པའི་གཙུག་རྒྱན་དམ་པ་ཁྲི་ངག་དབང་བཀྲ་ཤིས། གྲུབ་པའི་དབང་ཕྱུག་བློ་བཟང་དོན་གྲུབ། ཁྲི་ཆེན་སྤྲུལ་བའི་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་རྣམས་ཆོས་སྡེ་འདི་གར་བཀའ་དྲིན་ལྷག་པར་ཆེ་བས་གསོལ་འདེབས་འདོན་སྲོལ་ཚུགས་ཀྱང། ཡང་སྲིད་མྱུར་འབྱོན་ལ་ཁ་བསྒྱུར་བྱས་པས་འབྲེལ་མ་ཆགས་ཤིང་མཛེས་ལམ་ཆུང་བར་བརྟེན། གསོལ་འདེབས་མདོར་བསྡུས་པ་རེ་དགོས་ཚུལ་མཁྱེན་རབ་ཀྱི་མངའ་བདག་རྒྱུད་པ་དཔོན་སློབ་འཇིགས་མེད་རྒྱལ་མཚན་པའི་གསུང་གིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དགེ་ལེགས་འབུམ་ཕྲག་པདྨ་དཀར་པོའི་ཚལ། །ལྷག་བསམ་ཉིན་བྱེད་སྣང་བ་དང་འགྲོགས་པས། །དལ་འབྱོར་ཟིལ་དངར་རྫོགས་པ་སྦྲང་རྩིའི་བཅུད། །ཐར་འདོད་བུང་བའི་ཉེར་འཚོ་རྒྱལ་གྱུར་ཅིག །འཇིག་རྟེན་ཆེ་དགུའི་རྗེས་སུ་མི་འབྲང་བར། །ཁེངས་དྲེགས་སྤངས་ཏེ་དམ་པའི་མགོན་ལ་བརྟེན། །མོས་གུས་ཉམས་མེད་དམ་ཚིག་ཚུལ་བཞིན་བསྲུངས། །བཤེས་གཉེན་ཐུགས་ཀྱི་སྲས་པོ་ཁྱོད་ལ་འདུད། །ཐ་སྙད་སྦུན་པའི་རྗེས་སུ་མི་འབྲང་བར། །ནང་དོན་འཕགས་བོད་མཁས་པའི་གཞུང་ལུགས་ལ། །སྦྱངས་པས་དྲི་མེད་རིགས་པའི་དགའ་སྟོན་མྱོང། །སྨྲ་བའི་དབང་པོ་མཆོག་ལ་གསོལ་བ་འདེབས། །ཟབ་གནད་ཐང་མར་བརྡལ་བའི་བཤད་པ་དང། །གྲུབ་མཐའི་དེ་ཉིད་འབྱེད་པའི་རྩོད་པ་དང། །ཚིག་དོན་ཕུན་ཚོགས་རྩོམ་པའི་དགའ་སྟོན་ལ། །དབང་བསྒྱུར་བཤེས་གཉེན་དམ་པར་གསོལ་བ་འདེབས། །ལས་འབྲས་བླང་དོར་ཚུལ་ལ་ངེས་རྙེད་པས། །མངོན་ལྐོག་མེད་པར་དྲན་


GTD007_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བག་ཡོད་ཀྱིས། །བསླབ་ཁྲིམས་དག་པ་ཉམས་ལེན་མཐིལ་དུ་མཛད། །གནས་བརྟན་འདུལ་བ་འཛིན་ལ་གསོལ་བ་འདེབས། །མཐའ་ཡས་འགྲོ་ལ་ཕན་པའི་ལྷག་བསམ་གྱི། །འབྲས་བུ་རྒྱལ་བསྟན་ཁོ་ནར་རག་ལས་པའ། །དེ་ཉིད་བཤད་དང་སྒྲུབ་པས་སྤེལ་མཛད་པ། །རྒྱལ་བའི་གདུང་འཚོབ་དམ་པར་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་བཤེས་གཉེན་དམ་པ་དག །བསྟེན་ནས་རྡོ་རྗེའི་དམ་ཚིག་ལེགས་བསྲུངས་ཤིང། །རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་ཐུགས་སུ་ཆུད། །དཔལ་ལྡན་རིག་པ་འཛིན་ལ་གསོལ་བ་འདེབས། །རྙེད་བཀུར་ཟང་ཟིང་འབྱོར་བའི་ཡོ་ལང་རྣམས། །རྣམ་སྨིན་ཁུར་ཆེན་འགེལ་བའི་དགྲར་གཟིགས་ནས། །མཆོག་གསུམ་ཞིང་དུ་བསྔོས་ཏེ་དོན་ལྡན་མཛད། །དད་ལྡན་སྐྱེ་བོའི་མགོན་ལ་གསོལ་བ་འདེབས། །ཐུབ་བསྟན་རིན་ཆེན་རིང་དུ་གནས་འདོད་པའ། །ཐུགས་བསྐྱེད་ཤུགས་དྲག་དྲི་ཡི་བཞོན་པ་ཅན། །འཁོར་ལོ་གསུམ་གྱིས་མཛད་པའི་དྲི་བཟང་འཕྲོ། །བཤེས་གཉེན་དཔག་བསམ་ལྗོན་པ་རྟག་བརྟན་ཤོག །ནམ་ཡང་མི་བསླུ་དཀོན་མཆོག་བདེན་པའི་མཐུས། །བསྟན་པའི་སྒྲོན་མེ་བསྐལ་བརྒྱར་ཞབས་བརྟན་ཅིང། །བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་བཞིན་འབྲལ་མེད་རྗེས་སུ་འཛིན་པར་ཤོག །ཟབ་རྒྱས་གདམས་པ་བདུད་རྩིའི་དགའ་སྟོན་གྱིས། །ཡང་དག་ལམ་བཟང་ལུས་སྟོབས་རབ་རྒྱས་ནས། །བླ་མ་ལྷ་ཡི་གོ་འཕང་མྱུར་ཐོབ་སྟེ། །མ་ལུས་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་པ་འདི་ནི་རང་གི་གམ་བཅར་དད་བརྩོན་ཚུལ་ཁྲིམས་ལྡན་པ་རབ་འབྱམས་པ་དཀོན་མཆོག་བསྟན་འཛིན་གྱིས་བསྐུལ་


GTD007_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་༸དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས།། ༈ རྒྱལ་བ་གཉིས་པ་འཇམ་དབྱངས་ཙོང་ཁ་པའ། །མདོ་སྔགས་གཞུང་ལུགས་མཐའ་དག་སྤེལ་སླད་དུ། །རླབས་ཆེན་སྨོན་ལམ་མཆོག་གིས་བསྐྲུན་པའི་སྐུ། །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །མགོན་ཁྱོད་ཞབས་ཟུང་སྲིད་མཐར་བརྟན་པ་དང། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །རྗེས་བཟུང་ལེགས་བཤད་དགའ་སྟོན་མྱོང་བར་ཤོག །འདིས་མཚོན་དགེ་བས་མར་གྱུར་འགྲོ་བ་རྣམས། །ཐེག་མཆོག་དགེ་བའི་བཤེས་དང་མི་འབྲལ་ཞིང། །རབ་འབྱམས་རྒྱལ་བའི་ཆོས་ཚུལ་ཀུན་བཟུང་ནས། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་དད་ལྡན་སློབ་མ་བློ་བཟང་དཀའ་བཅུས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྨྲས་པའོ།། ༈ རྣམ་དག་ངེས་འབྱུང་ཁྲིམས་ཀྱི་རྩ་བརྟན་ཅིང། །གཞན་ཕན་རྒྱལ་སྲས་སྤྱོད་པའི་གོས་བཟང་གཡོ། །བདེ་སྟོང་ཡེ་ཤེས་ནོར་བུས་མཛེས་པ་ཡི། །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །ངག་ལ་དབང་བསྒྱུར་བློ་བཟང་རྒྱལ་བའི་བསྟན། །བཤད་སྒྲུབ་དཔུང་པས་གྱེན་དུ་འདེགས་པ་ལ། །ས་ཆེན་འདི་ན་སྙིང་སྟོབས་ཟླ་བྲལ་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚེ་རབས་འཕྲེང་བར་ཁྱོད་ཀྱིས་རྗེས་འཛིན་ཞིང། །མོས་གུས་རྩོལ་མེད་ངང་གིས་སྐྱེ་བ་དང། །བཀུར་སྟི་རྙེད་དང་རིམ་གྲོ་སྒྲུབ་པའི་སྒོས། །གཅིག་ཏུ་མཉེས་པ་འབའ་ཞིག་སྒྲུབ་པར་ཤོག །དེའི་གསུང་ཆོས་ཀྱི་བདུད་རྩིར་ཆེད་བརྟེན་པས། །མངོན་རྟོགས་ཚོགས་ཀྱི་ལམ་ལ་རབ་ཞུགས་ཏེ། །སྨོན་འཇུག་


GTD007_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་གྲངས་མེད་ཚོགས་བརྩམས་ནས། །ཆོས་རྒྱུན་ཏིང་ངེ་འཛིན་ལ་རེག་པར་ཤོག །ཆོས་ཉིད་དོན་སྤྱིས་མངོན་མཐོང་སྦྱོར་བའི་ལམ། །འཇིག་རྟེན་སྒོམ་བྱུང་དྲོད་རྩེ་བཟོད་མཆོག་གི །རིམ་པས་གཟུང་འཛིན་རྟོག་པ་ཟིལ་མནན་ཏེ། །མོས་སྤྱོད་ས་ཡི་ཚོགས་གཉིས་རྫོགས་པར་ཤོག །བདེན་པ་གསར་མཐོང་གཙོར་གྱུར་རབ་དགའི་སར། །བརྒྱ་ཕྲག་བཅུ་གཉིས་ཡོན་ཏན་གཏེར་ཐོབ་ཅིང། །ཀུན་བཟང་སྨོན་གྲུབ་ཆོས་དབྱིངས་ཀུན་འགྲོ་རུ། །མཐོང་བས་སྦྱིན་པའི་ཕར་ཕྱིན་ལྷག་ཐོབ་ཤོག །དེ་ཚེ་སོམ་ཉི་སྤངས་ཤིང་དེ་ཡི་རྗེས། །མཆོག་གི་དོན་དུ་གོམས་ལས་འཆལ་བའི་ཁྲིམས། །ཀུན་ཏུ་མི་འབྱུང་དྲི་མ་མེད་པའི་སར། །ཚུལ་ཁྲིམས་ལྷག་ཅིང་བཅུ་འགྱུར་དཔལ་ཐོབ་ཤོག །རྒྱུ་མཐུན་མཐོང་ལས་ཆོས་ཚོལ་བཟོད་པ་ཡི། །སྣང་བ་བྱེད་པ་འོད་བྱེད་ས་ནས་ན། །སྔ་མའི་ཡོན་ཏན་བརྒྱ་ཡིས་བསྒྱུར་ཐོབ་ཅིང། །ལྷག་པའི་སེམས་སྦྱངས་མངོན་ཤེས་སོགས་ཐོབ་ཤོག །འཛིན་མེད་མཐོང་བས་བྱང་ཆུབ་ཕྱོགས་ལ་ཡང། །སྲེད་ལྟ་སྲེག་བྱེད་བརྩོན་འགྲུས་འབར་བ་ཡི། །འོད་འཕྲོས་ས་ལ་ལྷ་དབང་རྣམ་རོལ་ཞིང། །ལྷག་པའི་ཤེས་རབ་དང་པོ་སྤྱོད་པར་ཤོག །མཉམ་ཉིད་བཅུ་ཡི་སྐྱེ་འཕགས་དུས་གསུམ་རྒྱུད། །ཐ་དད་བཀག་ཕྱིར་བདུད་སོགས་རྐྱེན་ངན་གྱིས། །མི་འཕྲོག་ལུས་ཅན་སྨིན་བྱེད་སྦྱངས་དཀའི་སར། །བདེན་ལ་མཁས་པའི་བསམ་གཏན་ལྷག་ཐོབ་ཤོག །ཤེས་རབ་ཕུང་པོའམ་བསླབ་པ་རབ་སྦྱངས་ལས། །ཀུན་ཉོན་རྣམ་བྱང་དམ་པའི་དོན་དུ་ན། །མིན་པར་མངོན་མཐོང་མངོན་དུ་གྱུར་པའི་སར། །ཤེས་རབ་ལྷག་པས་ལུས་


GTD007_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྲོལ་བྱེད་ཤོག །མཚན་མ་ཐ་དད་མེད་པ་རིང་སོང་སར། །བཅུ་གཉིས་ཐབས་མཁས་ལྷག་ཐོབ་འགོག་པ་ལ། །སྐད་ཅིག་འཇུག་ཅིང་བསླབ་པའི་འབྲས་ལ་རེག །གྲུབ་ལ་མ་གྲུབ་ཚོགས་གཉིས་རྫོགས་པར་ཤོག །དག་པའི་ས་ལ་བྲི་འཕེལ་མེད་མཐོང་བས། །སྲིད་ཞིར་མཉམ་ཞིང་མི་རྟོག་ཞིང་ལ་དབང། །མཚན་མ་རྩོལ་བས་མི་གཡོ་སྨོན་ལམ་གྲུབ། །སྟོང་གསུམ་འབུམ་གྱི་རྡུལ་སྙེད་དཔལ་ཐོབ་ཤོག །སོ་སོ་རིག་ལྡན་ལེགས་པའི་བློ་གྲོས་ཏེ། །འབྲས་བུའི་ཆ་ལས་ཡེ་ཤེས་གནས་སུ་མཐོང་། །བསམ་པའི་སྟོབས་སོགས་རབ་རྫོགས་སྔ་མ་ཡི། །ཡོན་ཏན་གྲངས་མེད་བསྒྱུར་བ་ཐོབ་པར་ཤོག །ཆོས་ཀྱི་སྤྲིན་ཚེ་འོད་ཀྱི་དབང་བསྐུར་ལས། །ཡེ་ཤེས་ལྷག་པར་ཐོབ་ཅིང་རྒྱལ་བ་ཡི། །ལས་ལ་དབང་བསྒྱུར་བརྗོད་མེད་ཡོན་ཏན་ཐོབ། །ཚོགས་གཉིས་ལེགས་གྲུབ་རྫོགས་སྨིན་སྦྱོང་བྱེད་ཤོག །དེ་ནས་ཆེས་ཕྲ་དྲི་མའི་ལྷག་མ་རྣམས། །རྡོ་རྗེ་ཐེག་པའི་ལམ་གྱིས་རབ་སྦྱངས་ཏེ། །ཡན་ལག་བདུན་ལྡན་རྡོ་རྗེ་འཆང་དབང་གི །གོ་འཕང་ཐོབ་ནས་འགྲོ་ཀུན་སྒྲོལ་བར་ཤོག །ཅེས་སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་༝། །ཞེས་སོགས་ཀྱི་ཚིག་དོན་ཕྱེ་སྟེ་ས་ལམ་གྱི་རིམ་པ་དང་སྦྱར་བའི་སྨོན་ཚིག་སྦྱོར་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས། ཐུགས་དམ་དགེ་སྦྱོར་ལ་མཆོག་ཏུ་བརྩོན་པའི་རབ་འབྱམས་པ་དཀོན་མཆོག་ཆོས་བཟང་གིས་བསྐུལ་ངོར་ཆོས་སྨྲ་བ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་བྲིས།། ༈ རབ་འབྱམས་རྒྱལ་བའི་གསང་གསུམ་འཕྲིན་ལས་ཀྱི། །ཆོས་མཛོད་སྙིང་པོ་ཟབ་ལམ་རྡོ་རྗེ་ཐེག །འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་མཐུ་གྲུབ་པ། །རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །འཇམ་


GTD007_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་ཡི། །བཞེད་དོན་མ་ལུས་ལྷུན་གྱིས་གྲུབ་མཛད་པ། །ཡབ་རྗེའི་སྲས་མཆོག་དམ་པར་གསོལ་བ་འདེབས། །འཇིགས་མེད་སྤོབས་པའི་རླབས་ཕྲེང་ཆེར་གཡོ་ཞིང། །ཕུལ་བྱུང་ལུང་རིགས་ནོར་བུའི་ཚོགས་ཀྱིས་གཏམས། །མཁྱེན་བརྩེའི་རྒྱ་མཚོ་གཏིང་མཐའ་མི་མངོན་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མའི་ལེགས་བཤད་ས་འཛིན་གྱིས། །ཐུབ་དབང་བསྟན་པའི་ཆུ་གཏེར་བསྲུབས་པ་ལས། །ལམ་བཟང་གསལ་བྱེད་ཉི་མའི་འོད་འབར་བ། །མཚུངས་མེད་འདྲེན་མཆོག་དམ་པར་གསོལ་བ་འདེབས། །དྲི་མེད་བསླབ་གསུམ་ནོར་བུས་རྒྱུད་གཏམས་ཤིང། །འཆད་རྩོད་རྩོམ་པས་སྐལ་ལྡན་རྗེས་སུ་འཛིན། །མཁའ་ཁྱབ་བསྟན་དང་འགྲོ་བའི་དཔུང་གཉེན་མཆོག །བགྲང་ཡས་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཤོག །མ་འོངས་ཚེ་རབས་ཕྲེང་བ་ཀུན་ཏུ་ཡང། །བཤེས་གཉེན་དམ་པས་འབྲལ་མེད་རྗེས་འཛིན་ཅིང། །ཟབ་རྒྱས་གསུང་གི་བདུད་རྩིའི་བཅུད་མྱང་སྟེ། །ཡང་དག་ལམ་བཟང་ལུས་སྟོབས་རྒྱས་གྱུར་ཅིག །བློ་བཟང་རྒྱལ་བསྟན་ཕྱོགས་མཐར་རྒྱས་པ་དང། །དེ་འཛིན་སྐྱེས་བུས་ས་སྟེང་ཀུན་ཁྱབ་ཅིང། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ལེགས་ཚོགས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཨ་རོ་ཧོར་ཆེན་ཤོག་ནས་དད་བརྩོན་ལྡན་པ་སློབ་མ་འགའ་ཞིག་གིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྒྱལ་ཀུ༷ན་ཐུགས་རྗེའི་དག༷འ་ཚལ་ལས་འཁྲུངས་ཤིང། །ཆོ༷ས་ཚུལ་འདབ་ཡངས་


GTD007_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འཕ༷གས་ཚོགས་ཡོངས་འདུའི་གཙོ། །བསྟ༷ན་འཛིན་དམ་པ༷འི་ཁྲོད་ན་ཉི༷་ཟླ་ལྟར། །མཚུངས་མེད་རྗེ་བཙུན་བླ་མ༷ར་གསོལ་བ་འདེབས། །ཀུ༷ན་བཟང་སྤྱོད་པའི་འོད་སྟོང་རྩེ་དག༷འ་ཡིས། །ལུང་རྟོགས་ཆོ༷ས་ཀྱི་འདབ་བརྒྱ་བཞད་པའི་གཉེན། །སྐལ་བཟང་གདུལ་བྱའི་བསོད་ནམས་མཁར་འཕ༷གས་པ། །མཆོག་སྤྲུལ་བསྟན༷་པ༷འི་ཉི༷་མ༷ར་གསོལ་བ་འདེབས། །རྣམ་ཀུ༷ན་སྲིད་ན་མངོན་དག༷འ་སྙིང་རྗེ་དང། །ཆོ༷ས་ཀུན་དོན་གཟིགས་འཕ༷གས་པའི་ཡེ་ཤེས་ཀྱིས། །བསྟ༷ན་དང་འགྲོ་ལ་ཕན་པ༷འི་དཔལ་སྟེར་བ། །སྨྲ་བའི་ཉི༷་མ༷་མཆོག་ལ་གསོལ་བ་འདེབས། །ལུས་ཅན་ཀུ༷ན་ལ་བདེ་དག༷འ་མཆོག་སྦྱིན་པ། །སངས་རྒྱས་ཆོ༷ས་དང་འཕ༷གས་ཚོགས་དགེ་འདུན་མཐུས། །བསྟ༷ན་པ༷འི་ཉི༷་མ༷་བསྐལ་བརྒྱར་ཞབས་བརྟན་ཅིང། །རྣམ་དཀར་མཛད་འཕྲིན་གེགས་མེད་རྒྱས་གྱུར་ཅིག །འགྲོ་ཀུ༷ན་གནས་སྐབས་མཐར་ཐུག་དག༷འ་བདེས་འཚོ། །ཆོ༷ས་སྲིད་འབྱོར་པ་ལྷུན་པོའི་སྤོ་ལྟར་འཕ༷གས། །བསྟ༷ན་པ༷འི་ཉི༷་མ༷་ཕྱོགས་བརྒྱར་གསལ་བ་ཡིས། །དགེ་ལེགས་རྒྱ་མཚོའི་དཔལ་ཡོན་རྒྱས་གྱུར་ཅིག །ཅེས་སྐུ་འཕྲེང་དུ་མར་དགེ་ལྡན་བསྟན་པའི་རྩ་ལག་དམ་པར་གྱུར་པ་ཀིརྟི་སྤྲུལ་བའི་སྐུ་རིན་པོ་ཆེ་ཀུན་དགའ་ཆོས་འཕགས་བསྟན་པའི་ཉི་མ་དཔལ་བཟང་པོའི་ཞབས་བརྟན་སྨོན་ཚིག་འདི་ནི། བླ་མ་དབུ་མཛད་བློ་བཟང་བསྟན་པ་སོགས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྒྱལ་བའི་སྲས་པོ་དྲི་མེད་གྲགས་པ་དང། །དཔལ་ལྡན་ཟླ་བའི་ཞབས་དང་དབུ་མ་པ། །རྒྱུད་ཆེན་གཉིས་སོགས་འཁྲུངས་རབས་ཚར་དུ་དངར། །ཀུན་མཁྱེན་འཇམ་དབྱངས་བཞད་པར་གསོལ་བ་འདེབས། །རྒྱ་མཚོའི་གོས་ཅན་ཀུན་ཏུ་རྒྱལ་བའི་བསྟན། །འཁོར་ལོ་གསུམ་གྱིས་སྤེལ་བའི་ཐུགས་


GTD007_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མཐུ། །ཟླ་བྲལ་རྗེ་བཙུན་འཇིགས་མེད་དབང་པོ་དང། །བློ་བཟང་འཇིགས་མེད་རྒྱ་མཚོར་གསོལ་བ་འདེབས། །མཐའ་ཀླས་འགྲོ་བའི་མགོན་དང་དཔུང་གཉེན་དུ། །ཞབས་ཟུང་རྡོ་རྗེའི་རེ་ཁ་ཉེར་བརྟན་ཅིང། །འཕྲིན་ལས་གསེར་བཟང་འོད་ཀྱི་སྣང་བ་ཡིས། །བློ་བཟང་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག །བདག་ཀྱང་དེང་ནས་སྐྱེ་ཞིང་སྐྱེ་བ་རུ། །བཤེས་གཉེན་དམ་པས་དགྱེས་བཞིན་རྗེས་འཛིན་ཞིང། །མདོ་སྔགས་ལམ་བཟང་ཇི་ལྟར་གདམས་པ་བཞིན། །ཡང་དག་སྒྲུབ་པས་ཉམས་སུ་ལེན་པར་ཤོག །མཐའ་བྲལ་ལྟ་བ་སྙིང་རྗེའི་སྙིང་པོ་ཅན། །གསང་ཆེན་ཟབ་མོའི་ལམ་གྱིས་རྒྱས་བཏབ་པའ། །མྱུར་ལམ་མཆོག་གི་བགྲོད་པ་ལ་བརྟེན་ནས། །ཟུང་འཇུག་དང་པོའི་མགོན་པོ་ཉིད་གྱུར་ཅིག །ཅེས་པ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་བིས་མདོའི་ཁྲི་པ་ལྷ་ཞིས་སྤྲུལ་བའི་སྐུ་ངག་དབང་འཇམ་དཔལ་བསྟན་འཛིན་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དཀོན་མཆོག་ཀུན་འདུས་བློ་བཟང་རྒྱལ་བའི་བསྟན། །ལུང་དང་རིགས་པའི་སྒྲོན་མེས་གསལ་མཛད་པ། །སྐལ་བཟང་ཐར་འདོད་ཡོངས་ཀྱི་མིག་གཅིག་པུ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདི་ཕྱི་བར་དོའི་གནས་སྐབས་གང་དུ་ཡང། །འདྲེན་པ་ཁྱོད་མིན་སྐྱབས་གཞན་མ་མཆིས་པས། །བླ་མགོན་དབྱེར་མེད་བརྩེ་བས་ཕྱག་བརྐྱངས་ཏེ། །མི་ཁོམ་ངན་སོང་གཡང་ལས་བསྒྲལ་དུ་གསོལ། །ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དལ་བའི་རྟེན་ཐོབ་ཁྱོད་ཞབས་གུས་པས་མཆོད། །ཁྱོད་གསུང་ཇི་བཞིན་བསླབ་གསུམ་ཉམས་ལེན་གྱིས། །ཐར་པའི་རྒྱལ་མཚན་ཚུགས་པར་བྱིན་གྱིས་


GTD007_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལམ་བཟང་གིས། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སོན་ཅིང། །ཁྱད་པར་བདེ་ཆེན་གསང་སྔགས་མྱུར་ལམ་གྱིས། །ཟུང་འཇུག་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ལྷུན་གྲུབ་འཕྲིན་ལས་གྲུ་གཟིངས་འབུམ་སྦྱར་ཏེ། །སྲིད་མཚོ་ཉམ་ངར་བྱིང་བའི་འགྲོ་བ་ཀུན། །བདེ་ཆེན་ཐར་པའི་ཞིང་དུ་འཁྲིད་པ་ཡིས། །མ་ལུས་རྒྱལ་བའི་མཛད་པ་སྒྲུབ་གྱུར་ཅིག །ཅེས་པ་འདི་ནི་ཨ་བ་ཀ་ཏཱ་པཻ་ལི་མཧཱ་པཱ་ལིའི་དགོན་ཕུན་དཔལ་གླིང་གི་དགེ་བསྐོས་བློ་བཟང་རབ་བརྟན་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །རྡོ་རྗེ་རྣོན་པོའི་གསང་གསུམ་སྒྱུ་འཕྲུལ་གར། །འཇམ་མགོན་བློ་བཟང་གྲགས་པའི་མདོ་སྔགས་ཀྱི། །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །ངེས་པར་འབྱུང་བའི་ཚུལ་ཁྲིམས་དྲི་བཟང་དང། །འགྲོགས་པའི་གྲགས་སྙན་མ་ལ་ཡ་རླུང་གིས། །སྲིད་པའི་གདུང་སེལ་ཐར་པའི་རྒྱལ་མཚན་འཛིན། །གནས་བརྟན་འདུལ་འཛིན་ཆེན་པོར་གསོལ་བ་འདེབས། །མ་སྨད་གྲགས་པའི་གཞིར་གྱུར་རྒྱལ་སྲས་ཀྱི། །སྤྱོད་མཆོག་ཐབས་ཤེས་ཟུང་འཇུག་གར་གྱིས་རྩེན། །མཚན་ཉིད་བཅུ་ལྡན་ཐེག་མཆོག་དགེ་བའི་བཤེས། །མཚུངས་མེད་འགྲོ་བའི་འདྲེན་པར་གསོལ་བ་འདེབས། །གྲགས་པ་མཐའ་ཡས་གསང་ཆེན་རྡོ་རྗེ་ཐེག །རྒྱལ་བའི་ཐུགས་བཅུད་ཟབ་ལམ་རིམ་གཉིས་དང། །མཚན་བཅས་མཚན་མེད་རྣལ་འབྱོར་ལ་གནས་པ། །རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །བླ་མ་ཡི་དམ་ཆོས་སྲུང་རྒྱ་མཚོའི་མཐུས། །འདྲེན་མཆོག་དམ་པའི་རྣམ་དཀར་མཛད་འཕྲིན་དང། །སྙན་པའི་གྲགས་པ་ས་སྟེང་ཀུན་ཁྱབ་ཅིང། །སྐུ་ཚེ་རྒྱལ་


GTD007_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བསྐལ་བརྒྱར་བརྟན་གྱུར་ཅིག །བདག་སོགས་ཀུན་ཀྱང་སྐྱེ་བའི་ཕྲེང་བ་རུ། །བླ་མ་མཆོག་གིས་དགྱེས་བཞིན་རྗེས་འཛིན་ཅིང། །རྒྱལ་དབང་གྲགས་པའི་བསྟན་ལ་རབ་ཞུགས་ཏེ། །བཤད་དང་སྒྲུབ་པའི་རྒྱལ་མཚན་འཛིན་གྱུར་ཅིག །མདོར་ན་བསྟན་དང་འགྲོ་བའི་ཕན་བདེ་ཀུན། །སྤེལ་བའི་གྲགས་སྙན་དབྱར་རྔ་བཞད་པ་དང། །ལྷན་ཅིག་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་བའི། །དགེ་མཚན་ཡངས་པའི་ནོར་འཛིན་ཁྱབ་གྱུར་ཅིག །ཅེས་འཇམ་མགོན་བསྟན་པའི་གསལ་བྱེད་དམ་པ་སྒོ་མང་མཁན་པོ་སངས་རྒྱས་རྡོ་རྗེའི་སྤྲུལ་བའི་སྐུ་གྲགས་པ་རྒྱལ་མཚན་པའི་ཞབས་བརྟན་གསོལ་འདེབས་འདི་ནི་སྤོང་བ་བསམ་གཏན་ལ་གཅིག་ཏུ་གཞོལ་བའི་དགེ་བའི་བཤེས་གཉེན་བློ་བཟང་དཀོན་མཆོག་གིས་བསྐུལ་ཏེ་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཕུལ་བྱུང་མཁྱེན་པའི་གྲགས་པ་ལྷ་ཡི་རྔ། །ཟབ་རྒྱས་ཆོས་ཀྱི་གདངས་སྙན་ང་རོ་ཡིས། །སྲིད་ཞིའི་རྒུད་པའི་གཡུལ་ལས་རྣམ་རྒྱལ་བ། །མཚན་ལྡན་བཤེས་གཉེན་དམ་པར་གསོལ་བ་འདེབས། །དཔལ་ལྡན་མཁས་མང་གཙུག་གི་རྒྱན་གྱུར་ཀྱང་། །སྙེམས་བྲལ་ཞི་དུལ་བག་ཡོད་ཁྲིམས་ཀྱིས་བསྡམས། །ཐུབ་བསྟན་སྤེལ་བའི་ཁུར་གྱིས་མི་ངལ་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐུགས་ཀྱི་བུམ་བཟང་བསླབ་གསུམ་བདུད་རྩིས་གཏམས། །སྡེ་སྣོད་གསུམ་གྱི་ལེགས་བཤད་དགའ་སྟོན་སྤེལ། །བགྲང་ཡས་འགྲོ་ལ་ཐར་ལམ་མཚོན་པའི་མིག །འདྲེན་མཆོག་དམ་པ་བསྐལ་བརྒྱར་ཞབས་བརྟན་ཤོག །བདག་ཀྱང་བཤེས་གཉེན་དམ་པས་རྗེས་འཛིན་ཅིང། །བཤད་སྒྲུབ་ནོར་བུའི་ཐེམ་སྐས་རིམ་བགྲོད་ནས། །ཡང་དག་ལམ་
གྱི་རི་དབང་རྩེར་སོན་ཏེ། །སྐུ་གསུམ་འཆི་མེད་དབང་པོའི་གནས་ཐོབ་ཤོག །བླ་མ་ཡི་དམ་རིན་ཆེན་རྣམ་པ་གསུམ། །ཐུགས་བསྐྱེད་རྒྱ་མཚོའི་རླབས་བཞིན་མི་ཡོལ་བའི། །བདེན་མཐུས་ཇི་ལྟར་སྨོན་པའི་འབྲས་བུ་ཀུན། །གེགས་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དགེ་ལྡན་བསྟན་པའི་སྣང་བྱེད་དམ་པ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་པའི་ཞབས་བརྟན་གསོལ་འདེབས་འདི་ནི་དད་བརྩོན་ལྡན་པ་རབ་འབྱམས་པ་འཇིགས་མེད་སྙན་གྲགས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ དཀོན་མཆོག་གསུམ་འདུས་འཇིགས་མེད་སྟོབས་བཅུའི་བདག །ཐུབ་དབང་བསྟན་པའི་སྙིང་པོ་ལུང་རིགས་ཀྱི། །སྒྲོན་མེ་གསལ་བྱེད་སྨྲ་བའི་སེང་གེ་མཆོག །ཁྱབ་བདག་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །འདིའང་རབ་འབྱམས་པ་ཡོན་ཏན་རྒྱ་མཚོའི་འདུན་མོས་ལྟར་གནང་བའོ།།


previousཁྱབ་བདག་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསང་བའི་རྣམ་ཐར།next