Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
རྣམ་སྲས་གཏོར་འབུལ།
  
  
  
  
 
  
  
 
  
  
  
  
  
  
  
  
  
  
 expand section
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousརྣམ་སྲས་གཏོར་འབུལ།next

རྣམ་སྲས་གཏོར་འབུལ།


GTD008_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས་གཏོར་འབུལ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འདིར་རྒྱལ་ཆེན་རྣམ་ཐོས་སྲས་ལ་མཆོད་གཏོར་འབུལ་བར་འདོད་པས་མཆོད་པ་གཙང་མ་དཀར་གསུམ་གྱི་གཏོར་མ་ཁང་བརྩེགས་མའམ་ཟླུམ་པོ་རྒྱན་ལྡན། ཌཱ་དྲིལ་སོགས་འདུ་བྱ། སྐྱབས་སེམས་སྔོན་དུ་བཏང༌། རང་ཉིད་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེའམ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པར་གྱུར། མཆོད་པ་བྱ་རྒྱུད་ལྟར་བྱིན་གྱིས་བརླབ། གཏོར་མའང་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་འོད་དུ་ཞུ་བ་ལས་ལྷོའི་ཞལ་ཟས་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ། བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་སྣ་བཞིའི་རང་བཞིན་གཞལ་ཡས་ནས། །རེ་འདོད་ཀུན་སྐོང་རྒྱལ་ཆེན་ཡུམ་སྲས་བློན། །རང་རིགས་འཁོར་ཚོགས་དང་བཅས་གནས་འདིར་གཤེགས། །ལུས་ཅན་ཕོངས་པ་སེལ་བའི་ཐུགས་བསྐྱེད་བཞིན། །གུས་ལྡན་བདག་སོགས་ཀུན་གྱི་མགོན་མཛད་ཕྱིར། །འདོད་དགུའི་མཆོག་སྦྱིན་རྒྱལ་ཆེན་ངལ་བསོས་པོ། །འཁོར་བཅས་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །རི་རབ་གླིང་དང་གླིང་ཕྲན་རིན་ཆེན་བདུན། །བཀྲ་ཤིས་རྟགས་རྫས་ཉེར་སྤྱོད་འདོད་ཡོན་ལྔ། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་ཡིས། །ནོར་འཛིན་ཡངས་པའི་ཁྱོན་ཀུན་བཀང་སྟེ་འབུལ། །ཁྱད་པར་དཀར་གསུམ་མངར་གསུམ་སྦྱར་བ་ཡི། །མཆོད་གཏོར་རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ། །ཟག་མེད་བདུད་རྩིའི་ངོ་བོར་བྱིན་བརླབས་ནས། །གུས་པས་འབུལ་ལོ་དགྱེས་བཞིན་


GTD008_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་སུ་གསོལ། །ཉིན་བྱེད་གཟི་འབར་གསེར་གྱི་རི་བོ་ཡིས། །འདོད་དགུའི་ཆར་ཆེན་ཕྱོགས་སུ་འབེབས་པ་བཞིན། །བརྗིད་ཅིང་ལྷུན་ཆགས་སྐྱེ་དགུའི་རེ་སྐོང་བ། །རྒྱལ་ཆེན་ཡིད་བཞིན་ནོར་བུ་ཁྱོད་ལ་འདུད། །ཁྱོད་ཞབས་གུས་པས་བསྟེན་ཅིང་མཆོད་བྱེད་ན། །དབུལ་ཕོངས་ཕྱི་ནང་ཉེར་འཚེ་ཀུན་བསལ་ཏེ། །ཆོས་སྲིད་དཔལ་འབྱོར་ལེགས་ཚོགས་མ་ལུས་པ། །དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་པར་མཛོད། །གནས་སྐབས་ཆོས་མཐུན་འབྱོར་བ་འཕེལ་བ་དང༌། །མཐར་ཐུག་ནམ་མཁའ་མཛོད་ཀྱི་ཏིང་འཛིན་མཐུས། །མཁའ་མཉམ་འགྲོ་བའི་དབུལ་བ་ཀུན་བསལ་ནས། །ཕུན་ཚོགས་དོན་གཉིས་དཔལ་ལ་སྦྱོར་གྱུར་ཅིག །ཅེས་པ་འདི་ནི་དད་ལྡན་དགེ་སློང་དཀོན་མཆོག་ཚུལ་ཁྲིམས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །དགེ་ལེགས་འཕེལ། །


previousརྣམ་སྲས་གཏོར་འབུལ།next